ཟླ་རེའི་གསར་འགྱུར།

ཤེས་རིག་ཕུལ་བྱུང་སློབ་ཡོན་བཞེས་མཁན་གྱི་སློབ་མ་རྣམས་ལ་སྤྱི་ཡོངས་ནུས་སྟོབས་གོང་སྤེལ་གྱི་ཟབ་སྦྱོང་།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དཔལ་འབྱོར་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་ནང་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་བཅས་ནས་ཤེས་རིག་ཕུལ་བྱུང་སློབ་ཡོན་བཞེས་མཁན་སློབ་ཕྲུག་རྣམས་ལ་སྤྱི་ཡོངས་ནུས་སྟོབས་གོང་སྤེལ་གྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།

དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་བོད་ནང་རྒྱ་ནག་དམར་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཟུར་འཛུགས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལྟ་བུ་གཏན་འབེབས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་བའི་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་གདོང་ལེན་དུ་བཙན་བྱོལ་རང་དབང་ལུང་པར་གནས་འཁོད་བོད་མི་རྣམས་ནས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དགོས་ལ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཞབས་ཞུ་བསྒྲུབ་དགོས་པའི་ལམ་སྟོན་གནང་ཡོད།

ཕྱི་ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་འདིའི་ཐོག་ཤེས་རིག་ཕུལ་བྱུང་སློབ་ཡོན་བཞེས་མཁན་གྱི་སློབ་མ་ ༡༥ མཉམ་ཞུགས་གནང་འདུག་པ་དང་། ཁོང་རྣམས་ལ་བོད་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་གལ་གནད་སྐོར་དང་། མདུན་ལམ་སློབ་སྟོན། གྲངས་འཛིན་གོ་རྟོགས། རྩོད་རྙོག་འདུམ་སྒྲིག འབྲེལ་ལམ་གོང་མཐོར། འགོ་ཁྲིད་སོགས་ཀྱི་ཐོག་ཟབ་ཁྲིད་གནང་གི་ཡོད་པ་རེད་འདུག


སྔོན་མ།
སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་ནང་ས་མིག་གསལ་བསྒྲགས།
ཕྱི་མ།
ཕྱི་ལོ་ ༢༠༢༦ ལོའི་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་བོད་ཡིག་བརྒྱ་ཆ་ ༩༥ ཡན་སོན་པའི་ཐོ་གཞུང་།