
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༤ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སེཊེམ་རིག་ཚན་འགྲེམས་སྟོན་ཐེངས་དགུ་པ་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཆེ་བསྟོད་སྐུ་མགྲོན་དུ་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ནས་འབུམ་རམས་པ་ལལ་མིན་ཐང་ཀིཔ་གྷེན་ (Dr. Lalminthang Kipgen) ལགས། དེ་བཞིན་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་དང་འགན་འཛིན་གཞོན་པ་བཅས་ཕེབས་ཞུགས་གནང་ཡོད།
ཤེས་རིག་ལས་ཁུངས་ནས་ལོ་ལྟར་གོ་སྒྲིག་ཞུས་པའི་སེཊེམ་རིག་ཚན་འགྲེམས་སྟོན་བརྒྱུད་སློབ་མ་རྣམས་ལ་གསར་གཏོད་ཀྱི་ནུས་པ་དང་། དཔྱད་ཞིབ་ཀྱི་བསམ་བློ། ཚན་རིག་གི་ལག་ལེན་ནུས་རྩལ་བཅས་མངོན་པར་བྱེད་པའི་སྡིངས་ཆ་ཞིག་བསྐྲུན་གྱི་ཡོད། འདི་ལོར་བོད་སློབ་ཁག་ ༢༠ ནས་འགྲེམས་སྟོན་གྲངས་ ༡༣༩ ཤེས་རིག་ལས་ཁུངས་སུ་ཕུལ་བ་ལྟར། ཤེས་རིག་ལས་ཁུངས་ཀྱིས་དཔྱད་ཞིབ་གནང་འབྲས་སུ་སློབ་གྲྭ་ཁག་ ༡༦ ནས་འགྲེམས་སྟོན་གྲངས་ ༤༢ བདམས་ཡོད། འགྲེམས་གཟུགས་གྲངས་ ༤༢ ནང་ནས་དྲག་གྲས་བཅུ་གྲངས་ཤིག་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་དུ་ཕུལ་གྱི་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་སྦྱོང་བརྡར་ཁང་ནས་འགྲེམས་གཟུགས་དེ་དག་ལ་དཔྱད་ཞིབ་ཀྱིས་དྲག་པ་རྣམས་འདེམས་སྒྲུག་གནང་གི་ཡོད།

དབུ་འབྱེད་མཛད་སྒོའི་ཐོག་མར་ཕེབས་བསུའི་གསུང་བཤད་དང་། དེ་ནས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།
སྐབས་དེར་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ནས་འབུམ་རམས་པ་ལལ་མིན་ཐང་ཀིཔ་གྷེན་ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཚན་རིག་འགྲེམས་སྟོན་གྱི་ངོ་སྤྲོད་དང་འབྲེལ། འགྲེམས་སྟོན་གྱི་དམིགས་ཡུལ་དང་འདེམས་སྒྲུབ་ཀྱི་བརྒྱུད་རིམ་བཅས་ལ་འགྲེལ་བརྗོད་གནང་ཡོད། དེ་ནས་ཤེས་ཡོན་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་སིཊེམ་ཤེས་ཡོན་གྱི་ལས་གཞིའི་སྐོར་སྙིང་བསྡུས་ཤིག་ངོ་སྤྲོད་དང་སྦྲགས། བོད་པའི་སློབ་གྲྭ་ཁག་ནང་ཚན་རིག་བརྟག་དཔྱད་ཁང་འཛུགས་སྐྲུན་དང་། ཚན་རིག་དགེ་རྒན་རྣམས་ལ་ཟབ་སྦྱོང་། སིཊེམ་ཤེས་ཡོན་སྐོར་སྐྱོད་ལས་གཞི། དེ་བཞིན་ཚན་རིག་ཐོག་སློབ་གཉེར་གནང་མཁན་སློབ་མ་རྣམས་ལ་ཉམས་གསོག་སྦྱོར་བརྡར་གྱི་ལས་གཞི་བཅས་སྤེལ་བའི་བརྒྱུད་སིཊེམ་ཤེས་ཡོན་སྲ་བརྟན་གཏོང་བཞིན་ཡོད་པ་ནན་བཤད་གནང་ཡོད།

ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་སློབ་མ་རྣམས་ནས་ཤེས་འདོད་ཀྱི་བློ་དང་། གསར་གཏོད། ཚན་རིག་གི་དཔྱད་ཞིབ་བཅས་ལ་དོ་སྣང་གནང་དགོས་པའི་སྐུལ་འདེད་གནང་བ་དང་ཆབས་ཅིག མ་འོངས་པའི་མི་རབས་རྣམས་ནས་འཛམ་གླིང་གི་དཀའ་ངལ་ཁག་ལ་གདོང་ལེན་ཐོག་གྲ་སྒྲིག་བྱེད་པར་སེཊེམ་ཤེས་ཡོན་ནི་གལ་གནད་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད། ཁོང་གིས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འགྲེམས་སྟོན་གྱི་ལས་རིམ་ཐོག་ཆེད་ཕེབས་གནང་བའི་གཟུ་དཔང་པ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད།
འགྲེམས་སྟོན་གྱི་ལས་རིམ་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༧ བར་ཚོགས་རྒྱུ་ཡིན་ཞིང་། ཉིན་གྲངས་བཞིའི་རིང་ཤེས་རིག་ལས་ཁུངས་ནས་དྷ་ས་དང་དྷ་སའི་ཉེ་འཁོར་གྱི་བོད་པའི་སློབ་གྲྭ་ཁག་ལ་འགྲེམས་སྟོན་ལྟ་སྐོར་དུ་མགྲོན་འབོད་གནང་ཡོད་པ་བཅས། །










