ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གིས་སྦེལ་ཀོབ་ཁུལ་གྱི་བོད་སློབ་ཁག་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

ཤེས་རིག་བཀའ་བློན་མཆོག་གིས་སྦེལ་ཀོབ་ཁུལ་གྱི་བོད་སློབ་ཁག་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༡ ནས་ ༡༣ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་སློབ་གྲྭ་ཁག་ལ་འཚམས་གཟིགས་གནང་ཡོད།

དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། དེང་དུས་ཤེས་ཡོན་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་སྦེལ་ཀོབ་ཏུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གྲྭའི་སློབ་སྤྱི། སྤྱི་མི། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།

ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་བཀྲ་ཤིས་ལྷུན་པོ་དགོན་པའི་སློབ་གྲྭར་ཕེབས་འབྱོར་སྐབས་དགོན་པའི་མཁན་པོ་དང་སློབ་སྤྱི་ནས་ཕེབས་བསུ་ཞུས་གྲུབ་རྗེས། སློབ་གྲྭའི་འཛིན་ཁང་དང་ལས་ཁུངས་ཁག་ཏུ་གཟིགས་ཞིབ་ཀྱིས་འཛིན་སྐྱོང་ལས་བྱེད་རྣམས་དང་བཀའ་བསྡུར་གནང་ཡོད།  ཆུ་ཚོད་ ༡༠ ཐོག་དཔལ་ལྡན་བཀའ་བློན་མཆོག་གིས་ལུགས་བསམ་མི་མང་ཚོགས་ཁང་དུ་ལུགས་བསམ་དང་བདེ་སྐྱིད་སླར་གསོའི་གཞིས་མི་རྣམས་ལ་གསུང་བཤད་གནང་བའི་སྐབས། ཕྱི་ལོ་ ༢༠༠༤ ལོར་གཏན་འབེབས་གནང་བའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་དང་དེའི་དམིགས་ཡུལ་བཞིའི་སྐོར་འགྲེལ་བརྗོད་གནང་ཞིང་། སྲིད་བྱུས་དེ་བཞིན་ལག་བསྟར་ཡོང་བར་ཕ་མ་རྣམས་ནས་སློབ་གྲྭའི་འཛིན་སྐྱོང་དང་མཉམ་ལས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། སློབ་གྲྭ་ཁག་ཏུ་གཟིགས་སྐོར་སྐབས་གཞི་རིམ་འོག་མའི་སློབ་མ་རྣམས་ཀྱི་བོད་ཡིག་ཀློག་འདོོན་ཡག་པོ་ཡོད་པ་དང་། འཛིན་རིམ་བཞི་པ་ནས་ཨིན་ཡིག་སྦྱང་འགོ་བཙུགས་པའི་སློབ་མ་རྣམས་ལ་ཨིན་ཡིག་སྦྱོང་བ་དང་ཀློག་པར་དཀའ་ངལ་མེད་པའི་སྐོར་གསུངས།

གཞན་ཡང་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བའི་སྐོར་འགྲེལ་བརྗོད་གནང་སྟེ། ཕ་མ་རྣམས་ནས་སོ་སོའི་ཁྱིམ་ཚང་ནང་ཕྲུ་གུ་དང་ལྷན་བོད་སྐད་ཤོད་པ་དང་། བོད་པའི་དུས་སྟོན་ཁག་སྲུང་བརྩི། བོད་ཀྱི་བྱིས་སྒྲུང་དང་གཏམ་རྒྱུད་རྣམས་འགུལ་རིས་བརྒྱུད་སྟོན་པ། དེ་བཞིན་བོད་ཀྱི་སྲོལ་རྒྱུན་གཏམ་རྒྱུད་ཕྲུ་གུར་ཤོད་དགོས་པའི་འབོད་སྐུལ་གནང་ཡོད།

ཕྱོགས་མཚུངས་དཔལ་ལྡན་བཀའ་བློན་མཆོག་གིས་སློབ་གྲྭའི་དུས་རྒྱུན་གྱི་ལས་དོན་ཁག་ལ་ཕ་མ་རྣམས་ནས་མཉམ་ལས་གནང་བར་བསྔགས་བརྗོད་དང་སྦྲགས་མ་འོངས་གཞོན་སྐྱེས་གསོ་སྐྱོང་དང་བོད་པའི་འཐབ་རྩོད་ལ་ཕ་མ་རྣམས་ཀྱིས་སློབ་གྲྭའི་འཛིན་སྐྱོང་དང་མཉམ་ལས་གནང་དགོས་པའི་འབོད་སྐུལ་ཞུས་ཞིང་། བོད་པའི་སྤྱི་ཚོགས་ནང་ཕྲུ་གུའི་སྐྱེ་ཚད་ཇེ་ཉུང་དུ་འགྲོ་བཞིན་པས་བཀའ་ཤག་སྐབས་ ༡༧ ནས་བཙན་བྱོལ་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ཏེ་སློབ་གྲྭ་ཁག་ཟླ་སྒྲིལ་གཏང་རྒྱུའི་སྐོར་གསལ་སྟོན་གནང་ཡོད། མཐར་མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་སྟེ་ཚོགས་འདུ་མཇུག་སྒྲིལ་ཡོད།

ཉིན་རྒྱབ་ཏུ་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་སེ་ར་བྱེས་དང་སྨད། རྣམ་སྒྲོལ་གླིང་དགོན་པའི་སློབ་གྲྭ་ཁག་གི་འཛིན་ཁང་ལ་གཟིགས་ཞིབ་གནང་གྲུབ་རྗེས། སློབ་གྲྭའི་འཛིན་སྐྱོང་གི་ལས་བྱེད་རྣམས་དང་གྲོས་བསྡུར་གནང་ཡོད།

ཕྱི་ཚེས་ ༡༢ དང་ ༡༣ ཉིན་དཔལ་ལྡན་བཀའ་བློན་མཆོག་གིས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་དང་། སྦེལ་ཀོབ་སཾ་བྷོ་ཊའི་སློབ་གྲྭ། སྦེལ་ཀོབ་ CVP སློབ་གྲྭ། སཾ་བྷོ་ཊ་ཨར་ལི་ཀུ་མ་རི་དང་། ཀེ་ལ་ཤ་པུ་ར། གྷོ་ལ་ཐ་ལ་བཅས་སུ་གཟིགས་སྐོར་སྐབས། སློབ་གྲྭའི་འཛིན་སྐྱོང་ལས་བྱེད་དང་སློབ་སྤྱི། དགེ་ཆེ། ལས་བྱེད། སློབ་ཕྲུག་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་བཞིན་སློབ་གྲྭ་ཁག་གི་ཞོགས་འཛོམས་སྐབས་སློབ་གྲྭའི་ལས་བསྡོམས་ཁག་སྒྲོགས་སྦྱང་ཞུས་གྲུབ་རྗེས། སློབ་མ་རྣམས་ནས་བྱེད་སྒོ་སྣ་མིན་གཟིགས་འབུལ་ཞུས་ཡོད། སྐབས་དེར་དཔལ་ལྡན་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྲུག་རྣམས་ལ་ལོགས་སུ་སློབ་གྲྭ་འཛུགས་པའི་རྒྱ་ཆེ་བའི་དགོངས་བཞེས་སྐོར་དང་། གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གལ་གནད་དང་འབྲེལ་དམིགས་ཡུལ་བཞིའི་སྐོར་འགྲེལ་བརྗོད་གནང་ཞིང་། སློབ་མ་རྣམས་ནས་ཕན་ཚུན་དབར་ཐུབ་ཚོད་མེད་པར་འཆམ་མཐུན་ངང་གནས་དགོས་པའི་སྐུལ་ལྕག་གནང་གྲུབ་མཚམས། འཛིན་ཁང་དང་ལས་ཁུངས་ཁག་ཏུ་གཟིགས་ཞིབ་ཀྱིས་ཡར་རྒྱས་གཏོང་དགོས་པ་རྣམས་ལ་བསམ་ཚུལ་བཏོན་ཡོད།

དེ་བཞིན་སཾ་བྷོ་ཊ་སྦེལ་ཀོབ་ཀྱི་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་གནང་ཡོད་ཅིང་། འདི་ནི་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་ཞིག་ཡིན་པ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་གདོང་ལེན་ཆེད་དགེ་ལས་སློབ་ཕྲུག་རྣམས་ནས་བོད་ཀྱི་སྐད་ཡིག་གཅེས་སྲུང་ཐོག་འབད་བརྩོན་གནང་དགོས་པའི་འབོད་སྐུལ་གནང་ཡོད།

དགེ་ལས་རྣམས་དང་ཚོགས་འདུ་ཚོགས་པའི་སྐབས་བཀའ་བློན་མཆོག་གིས་དགེ་ལས་རྣམས་ཀྱི་ཕྱག་ལས་གནང་ཕྱོགས་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ། དགེ་རྒན་ཚོས་སློབ་ཁྲིད་གནང་སྐབས་ཤེས་ཡོན་སྲིད་བྱུས་དང་སཱི་ཤེས་ཡོན་ལག་བསྟར་གནང་དགོས་པའི་སྐུལ་མ་དང་། ཤེས་སྟོབས་མི་འདྲ་བའི་སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་རྒྱུ་ནི་ཁག་པོ་ཡིན་ནའང་དགེ་ལས་རྣམས་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་གནང་བར་དགའ་སྤོབས་བྱུང་ཡོད་སྐོར་བཅས་གསུངས།

ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་དཔལ་ལྡན་བཀའ་བློན་མཆོག་སྦེལ་ཀོབ་ནས་སྦེང་ལོར་ཕེབས་ཐོན་གྱིས་ལྡི་ལིར་ཕེབས་ཡོད་པ་དང་། ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་གྱི་ཕྱི་དྲོར་བཀའ་བློན་མཆོག་མ་སུ་རི་བོད་ཁྱིམ་སློབ་གྲྭར་ཕེབས་འབྱོར་བྱུང་ཡོད་ཅིང་། དེ་ནས་སྡེ་ར་ལྡུན་ས་ཁུལ་དུ་རྟེན་གཞི་བྱས་པའི་བོད་སློབ་ཁག་ཏུ་གཟིགས་སྐོར་གནང་འགོ་འཛུགས་རྒྱུ་ཡིིན་པ་བཅས། །


སྔོན་མ།
ཤེས་རིག་བཀའ་བློན་མཆོག་གིས་ཀོ་ལི་གྷལ་དང་ཧོན་སུར་བོད་སློབ་ཁག་ཏུ་གཟིགས་སྐོར་གནང་བ།
ཕྱི་མ།
མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ བསྐོང་ཚོགས་གནང་བ།