
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༧ གཟའ་སྤེན་པའི་ཉིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཐེངས་ ༣༣ པའི་ལོ་འཁོར་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་སྲུང་བརྩི་ཞུས་ཡོད། མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད།
དེ་ཡང་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དབུ་བཞུགས་ཀྱིས་དབུ་འབྱེད་མཛད་སྒོ་འགོ་བཙུགས་གནང་ཞིང་། སྐབས་དེར་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་སྤེན་པ་ལགས་དང་བསྟན་འཛིན་ཀུན་བཟང་ལགས་རྣམ་གཉིས་ནས་སྤྱི་ཁྱབ་རྒན་བདག་གི་དམ་འབུལ་ཞུས་གྲུབ་མཚམས། ཁང་ཚན་ཁག་གི་རུ་སྒྲིག་སྤྱན་བསྟར་དང་། གཞི་རིམ་འོག་མའི་ཞབས་བྲོ། རྔ་རོལ་རུ་ཁག་གི་རྔ་གླིང་། སློབ་མ་རྒན་པའི་ལུས་རྩལ། བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་ལྷ་མོའི་འཁྲབ་གཞུང་བཅས་རིམ་པར་གཟིགས་འབུལ་ཞུས་ཡོད།

དེ་ནས་སློབ་གྲྭའི་སློབ་སྤྱི་ནས་འཚམས་འདྲིའི་གསུང་བཤད་གནང་སྟེ་སྐུ་མགྲོན་རྣམས་ལ་ཕེབས་བསུ་ཞུས་གྲུབ་རྗེས། ཆུ་ཚོད་ ༡༠།༣༠ ནས་རྩེད་མོ་དངོས་སུ་འགོ་འཛུགས་ཀྱིས་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་གནང་ཞིང་། སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་པས་སྐུ་མགྲོན་རྣམས་ནས་རྩེད་འགྲན་ཁྲོད་ཨང་རིམ་རྩེར་སོན་རྣམས་ལ་བྱ་དགའ་དང་ཕྱག་འཁྱེར་གནང་བ་མ་ཟད། སྐུ་མགྲོན་རྣམས་ནས་རྩེད་འགྲན་པ་རྣམས་ལ་དགའ་བསུ་ཞུས་ཡོད།
མཇུག་བསྡོམས་མཛད་སྒོའི་ཐོག་སློབ་གྲྭའི་འགན་འཛིན་ལྷན་ཚོགས་སྐབས་ ༥༤ པའི་ཕེབས་མཁན་རྣམས་ལ་སློབ་གྲྭའི་ངོས་ནས་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་དུ་ཕྱག་རྟགས་སྐུ་ཐང་རེ་ཕུལ་བ་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་རྩེད་འགྲན་སྒེར་དང་། རུ་ཁག སྡེ་ཚན་ཁག་སྤྱི་ཡོངས་བཅས་ལ་བྱ་དགའ་དང་རྟགས་མ་གནང་བ་མ་ཟད། རུ་སྒྲིག་རྒྱལ་ཁ་ཁྲི་སྲོང་ཁང་ཚན་ལ་རྟགས་མ་འབུལ་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་སློབ་མའི་བརྩོན་འགྲུས་དང་ཀུན་སྤྱོད། ཚོགས་པའི་སྙིང་སྟོབས་བཅས་ལ་བསྔགས་བརྗོད་དང་འབྲེལ་མདུན་བསྐྱོད་ལ་སྐུལ་མ་གནང་བ་དང་། མཐར་སློབ་གྲྭའི་དགེ་ཆེ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་རྩེད་འགྲན་ལེགས་པར་མཇུག་སྒྲིལ་ཡོད། །













