
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༩ ནས་ ༡༨ བར་ཉིན་གྲངས་བརྒྱད་ཀྱི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་གོ་སྒྲིག་འོག་ཤེས་རིག་ཚོགས་ཁང་དུ་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཞེ་བཞི་པ་བསྐྱངས་ཡོད།
ཐེངས་འདིའི་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་འདུར་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་ཀུན་དགའ་རྒྱལ་མཚན་ལགས་དང་། ཚོགས་མིར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལྟ་གྲུབ་སློབ་དཔོན་དགེ་བཤེས་ངག་དབང་རྣམ་གྲོལ་ལགས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྨན་རམས་པ་ཨོ་ཤོད་བསོད་ནམས་སྒྲོལ་དཀར་ལགས། བོད་ཁྱིམ་ཨིན་དགེ་ལས་ཟུར་རྒན་བསྟན་འཛིན་དར་རྒྱས་ལགས། མན་ཇུ་ཤྲི་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་གཞོན་པ་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས། ཚོགས་མི་དང་ཚོགས་དྲུང་གཅིག་ལྕོགས་བརྡ་ཆད་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུང་དྲུང་ཨོ་རྒྱན་བསྟན་འཛིན་ལགས་དང་། བརྡ་ཆད་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཅས་ལྷན་འཛོམས་གནང་ཡོད།
བརྡ་ཆད་ཚན་པའི་ངོས་ནས་ཇི་ལྟར་གདན་ཞུས་ལྟར་ལྷན་ཚོགས་ཀྱི་ཉིན་དང་པོར་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཆེད་ཕེབས་གནང་བ་བཞིན་བརྡ་ཆད་ཚན་པའི་འགན་འཛིན་ཟུང་དྲུང་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་སྐབས་བདུན་པའི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་པའི་ཚོགས་མི་རྣམས་རེ་རེ་བཞིན་ངོ་སྤྲོད་མཚམས་སྦྱོར་དང་སྦྲགས། ད་བར་བརྡ་ཆད་ཚན་པས་བརྡ་ཆད་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ཇི་བྱས་སྙན་གསེང་ཞུས། དེ་རྗེས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་རིམ་བཞིན་བརྡ་ཆད་ཚན་པའི་གལ་གནད་དང་ལས་དོན་བྱེད་ཕྱོགས་སྐོར་གཟིགས་ཚུལ་ཇི་བྱུང་གི་གསུང་བཤད་གནང་། དེ་བཞིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་བརྡ་ཆད་གཏན་འབེབས་ཀྱི་ལས་དོན་ཚགས་ཚུད་དང་གོང་སྤེལ་གཏོང་ཐབས་ཀྱི་དགོངས་འཆར་ཕུལ་ཁག་ལ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་རིམ་བཞིན་བཀའ་ལན་གནང་བའི་སྒོ་ནས་ཕན་ཚུན་དབར་གོ་བསྡུར་སྦྱངས་བཤད་ལྷུག་པོར་གནང་ཐུབ་པ་བྱུང་ཡོད།
གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་འདུའི་ལས་ཉིན་བརྒྱད་ཀྱི་རིང་ཚན་རིག་དང་། ཤེས་ཡོན། ཁྲིམས་ལུགས། ཆབ་སྲིད། དཔལ་འབྱོར། རྩིས་རིག ཁོར་ཡུག འཕྲུལ་ཆས་བཅས་ཀྱི་འཆར་འབུལ་ཞུས་པའི་ཐ་སྙད་ཁྱོན་བསྡོམས་གྲངས་ ༨༠༠ ཡོད་ཁོངས་ནས་ཐ་སྙད་གྲངས་ ༦༩༠ གཏན་འབེབས་གནང་ཐུབ་པ་བྱུང་ཡོད། ད་བར་ཐ་སྙད་དེབ་ཕྲེང་ ༡༩ བར་འདོན་སྤེལ་ཐུབ་པ་བྱུང་ཡོད། ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཐ་སྙད་རྣམས་འདི་གའི་ཐ་སྙད་འཚོལ་བཤེར་གྱི་དྲྭ་ཚིགས་ www.tibterminology.net ཐོག་འཚོལ་བཤེར་བྱ་རྒྱུ་ཡོད། འདི་གའི་བརྡ་ཆད་གཏན་འབེབས་དང་འབྲེལ་བའི་ཚོགས་འདུ་དང་ལས་གཞིའི་འགྲོ་གྲོན་ཡོངས་རྫོགས་ཌེ་ནི་ཌ་རོགས་ཚོགས་ནས་མཐུན་འགྱུར་གནང་མུས་བཅས། །

