བཀའ་སློབ།
རིགས་ལམ་སློབ་ཟེར་དུས་ཡིན་གཅིག་མིན་གཅིག་བསྡུས་གྲྭ་ཁ་དོག་དཀར་དམར་ནས་བསླབ་རྒྱུ་དེ་རེད་མི་འདུག རིགས་ལམ་གྱི་ཐལ། ཕྱིར་ཞེས་ལབ་ས་དེ་དེང་དུས་སློབ་ཚན་གྱི་དོན་དག་ཅིག དཔེར་ན། སུམ་ཅུ་པའི་ནང་ཆ་བཞག་ན། དེའི་ནང་སྔོན་འཇུག་དང་རྗེས་འཇུག་ལ་མུ་གསུམ་དང། མུ་བཞི། ཁྱབ་མ་ཁྱབ་བརྩི་རྒྱུ་དེ་འདྲ་ཡོད། དེ་དང་དེས་མཚོན་པའི་གང་ལྟར་དོན་དག་དེ་དེང་དུས་ཀྱི་སློབ་ཚན་བྱས་ནས་ཁྲིད་སྟངས་རྟགས་གསལ་བཏང་སྟེ་ཁྱབ་མ་ཁྱབ་དང། མུ་གསུམ། མུ་བཞི་བྱས་ཏེ་བསླབ་རྒྱུ་ཞིག་བྱུང་བ་ཡིན་ན། དེ་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་བ་འདུག
༸གོང་ས་བཅུ་བཞི་པ་ཆེན་པོས་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པར།
དཔར་སྐྲུན་གསལ་བཤད།
༄༅། །བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡ་གྱལ་ཚད་མ་རིག་པ་དང་དེའི་སྔོན་འགྲོ་བསྡུས་གྲྭའི་རིགས་ལམ་གཞི་རིམ་སློབ་གྲྭའི་སློབ་ཚན་གྱི་ཁོངས་སུ་བཅུག་ནས་འཆད་ཉན་སྤེལ་གསུམ་བྱ་རྒྱུ་ནི། རང་གི་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ལ་བདག་གཅེས་དང། མི་རིགས་ཀྱི་ཐུན་མིན་རིག་གཞུང་རྒྱུན་འཛིན། གནའ་དེང་གི་རིག་གནས་སྤྱི་ལ་འཇུག་པའི་ནུས་པ་གོང་སྤེལ་བཅས་ཕན་ཡོན༌བླ་ན་མེད་པ་ཡོད་གཤིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་པའི་ལོ་རབས་དྲུག་ཅུ་པའི་དུས་སྐབས་ནས་བཀའ་སློབ་ལམ་སྟོན་རིམ་ཕེབས་ལྟར། གཞི་རིམ་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་སྦྱོང་གི་ལས་རིམ་གང་འཚམས་སྤེལ་ཐབས་བྱས་ཡོད་ནའང། རྒྱུ་རྐྱེན་གང་མང་ལ་བརྟེན་ནས་འདོད་བློ་ཁེངས་པའི་གྲུབ་འབྲས་ཤིག་ཐོན་མེད།
བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ནང། ‘‘ཤེས་བྱའི་གནས་གང་ལའང་གཞན་ཟེར་རྗེས་འབྲངས་མ་ཡིན་པར་རང་སྟོབས་ཀྱིས་བརྟག་དཔྱད་དང་ཞིབ་འཇུག་བྱེད་པའི་ནུས་པ་རིགས་ལམ་ལས་བྱུང་བ་ཡིན་པས། ཚད་མ་རིག་པའི་རྣམ་གཞག་གཞི་རིམ་གོང་མ་བར་རྩལ་དུ་བཏོན་ཏེ་བསླབ་རྒྱུ་གལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱ་རྒྱུ།’’ ཞེས་དང། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཏན་འབེབས་བྱས་པའི་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་དུ། ‘‘གཞི་རིམ་སློབ་གྲྭའི་རིགས་ལམ་སློབ་ཚན་ནི་རྩོད་པའི་ནུས་རྩལ་ཁོ་ན་ཙམ་མ་ཡིན་པར། རིགས་ལམ་གྱི་ནུས་རྩལ་ལ་བརྟེན་ནས་ནང་ཆོས་དང་རིག་ཚན་གཞན་ལ་གོ་རྒྱ་བསྐྱེད་པ་དང། དཔྱད་པས་བརྡར་ཤ་གཅོད་པ། ལེགས་ཉེས་དབྱེ་འབྱེད་ཀྱི་ཤེས་རབ་བསྐྱེད་པ་བཅས་རིགས་ལམ་སྦྱོང་བརྡར་དང་སློབ་ཚན་འཆད་འཁྲིད་ཟུང་འབྲེལ་གྱི་སྒོ་ནས་སློབ་ཁྲིད་བྱ་དགོས།’’ ཞེས་གཞི་རིམ་སློབ་གྲྭའི་རིགས་ལམ་སློབ་ཁྲིད་ཀྱི་གཞི་རྩའི་ལམ་སྟོན་གནང་དོན་ལྟར། གཞི་རིམ་སློབ་གྲྭའི་ནང་རིགས་ལམ་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་སླད་ཤེས་རིག་ལས་ཁུངས་ནས་གཞི་རིམ་འཛིན་གྲྭ་དྲུག་པ་བར་གྱི་སློབ་གྲྭ་ཚང་མར་ཆོས་དགེ་བསྐོ་འཛུགས་དང༌ཆབས་ཅིག། ཕྱི་ལོ་༢༠༡༠ ལོར་ཉེ་ལམ་གསར་དུ་གཏན་འབེབས་བྱས་པའི་གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་རིགས་ལམ་སློབ་དེབ་གསར་པ་དཔར་འགྲེམས་དང་འབྲེལ། རིགས་ལམ་སློབ་ཚན་དེ་གཙོ་བོ་ཆོས་དགེ་བརྒྱུད་སློབ་ཁྲིད་བྱ་རྒྱུ་དང། རིགས་ལམ་སློབ་ཁྲིད་ཀྱི་ཚོགས་ཐུན་འཛིན་གྲྭའི་ཚོགས་ཐུན་དངོས་གཞི༌དང་སློབ་གསེང་ཅི་རིགས་ནང་བཀོད་སྒྲིག་ཆོག་པའི་བཀོད་ཁྱབ་སོང་ཡོད།
ཉེ་བའི་ལོ་ཤས་ནང་གཞི་རིམ་སློབ་གྲྭ་ཁག་ནས་རིགས་ལམ་སློབ་ཁྲིད་ཐོག་དམིགས་བསལ་ཤུགས་སྣོན་རྒྱག་མུས་ལ་༸གོང་ས་མཆོག་གིས་བསྔགས་བརྗོད་དང་། རིགས་ལམ་སློབ་ཁྲིད་ཀྱི་ཐབས་ལམ་དང་ནང་དོན་ཐད་དགོས་ངེས་ཀྱི་བསྐྱར་ཞིབ་དང་གསར་གཏོད་དགོས་གལ་ཆེ་བའི་བཀའ་སློབ་ལམ་སྟོན་རིམ་ཕེབས་སྤྱི་དང། ཁྱད་པར་ཕྱི་ལོ་༢༠༠༩ ལོར་ཤེས་རིག་ཚོགས་ཆེན་ལྔ་པའི་བཀའ་སློབ་ལམ་སྟོན་འོག་བཞག་པའི་གྲོས་ཆོད་དགོངས་དོན་ལྟར། གཞི་རིམ་སློབ་གྲྭ་ཁག་གིས་རིགས་ལམ་སློབ་ཁྲིད་ཐོག་དམིགས་བསལ་ཐུགས་སྣང་དམ་དོན་གྱིས༌སློབ་ཁྲིད་དང་སྦྱོང་བརྡར་གྱི་ལས་རིམ་སྣ་མང་སྤེལ་ཏེ་གྲུབ་འབྲས་གང་ལེགས༌མཐོང་རྒྱུ་འདུག་མོད། འོན་ཀྱང། གཞི་རིམ་སློབ་གྲྭའི་རིགས་ལམ་སློབ་ཁྲིད་ལ་ཐད་ཀར་འབྲེལ་བའི་ཀློག་བལྟའི་དེབ་རིགས་ཧ་ཅང་དཀོན་པ་དང། དུས་རྒྱུན་སློབ་ཁྲིད་ཀྱི་ནང་དོན་དང། འཁྲིད་ཐབས། དམིགས་ཚད་བཅས་གང་ཅིར་ཆོས་དགེ་སོ་སོས་རང་རང་གི་སློབ་ཁྲིད་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་བགྲོ་གླེང་ལྷུག་པོ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་པར་མཐོང།
དྷ་ཤོད་བོད་ཁྱིམ་ཆོས་དགེ་རྟ་དབོན་བློ་བཟང་དངོས་གྲུབ་ལགས་ཀྱིས་དུས་རྒྱུན་སློབ་ཁྲིད་ཀྱི་ཉམས་མྱོང་ལས་བྱུང་བའི་རིགས་ལམ་སློབ་ཁྲིད་ཀྱི་གཞོགས་འདེགས་ཀློག་དེབ་འདི་ཉིད་གོང་གསལ་རྒྱུ་མཚན་དབང་གིས་དགོས་མཁོ་དང་ཕན་ནུས་གཉིས་ཀ་ལྡན་པ་ཞིག་ལ་ངོས་འཛིན་གྱིས། འདི་ག་སྲོལ་རྒྱུན་ཤེས་ཡོན་ཚན་པས་བསྐྱར་ཞིབ་དང་འབྲེལ་གཞི་རིམ་སློབ་གྲྭའི་རིགས་ལམ་འཁྲིད་སྦྱོང་གི་དཔྱད་གཞིར་འབུལ་ལམ་ཞུ༌རྒྱུ་དང་ཆབས་ཅིག འདི་ལྟའི་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པའི་དེབ་རིགས་གང་མང་གསར་རྩོམ་དང་འདོན་སྤེལ་ཡོང་བའི་སྤྱི་སྨོན་རེ་སྐུལ་བཅས། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པས། ཕྱི་ལོ་༢༠༡༡ ཟླ་༡ ཚེས་༢༩ ཉིན་བྲིས།
དེབ་ཀྱི་དཀར་ཆག
དཀར་ཆག
འཛིན་རིམ་དྲུག་པའི་རིགས་ལམ།
འཛིན་རིམ་བདུན་པའི་རིགས་ལམ།
འཛིན་རིམ་བརྒྱད་པའི་རིགས་ལམ།
འཛིན་རིམ་དགུ་པའི་རིགས་ལམ།
འཛིན་རིམ་བཅུ་པའི་རིགས་ལམ།
འཛིན་རིམ་བཅུ་གཅིག་པའི་རིགས་ལམ།
འཛིན་རིམ་བཅུ་གཉིས་པའི་རིགས་ལམ།