ང་ཚོའི་སློབ་གྲྭ།(ཨང་དང་པོ)
སེ་ལ་ཀུའེ་སློབ་གྲྭ། ཉི་འོད།
དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་པའི་གང་ཟག་ཅིག་ལ་མཚོན་ན། རང་ཉིད་ཀྱི་ནུས་པ་ཡོངས་རྫོགས་འདོན་པར་ཤེས་རིག་གི་སྒོ་ཐེམ་བསྙེགས་ནས་མཐའ་ཡས་པའི་ཤེས་བྱའི་བང་མཛོད་བསྔོགས་ཏེ། བཅུ་ཕྲག་རིག་པའི་གཞུང་ལུགས་ལ་ཐོགས་པ་མེད་པ་ཞིག་བྱེད་དགོས་པ་གནའ་དེང་གི་མཁས་དབང་ཚོའི་གདམས་ངག་གི་གནད་དམ་པར་ངས་བརྗོད་མི་དགོས་པར་ཀུན་གྱིས་མཁྱེན་གསལ་རེད། འོ་ན་མཚམས་འདིར་གུས་པས་སྨྱུག་རྩེ་ཤོག་བུའི་སྟེང་དུ་ཕབ་ནས་དམར་ཆུང་སྙིང་ནས་བཞུར་བའི་བཅོས་མིན་གྱི་སེམས་གཏམ་སྟེ་”ང་ཚོའི་སློབ་གྲྭ་”ཞེས་པའི་རྩོམ་ཐུང་ཞིག་ཁྱེད་ཅག་གི་སྤྱན་ལམ་དུ་འབུལ་བར་སྤྲོའོ། །
ཐོ་རེངས་ལྷ་མོའི་ཞོགས་བརྡས་གཉིད་དུ་ཡུར་བའི་སློབ་གཉེར་བའི་གཏི་མུག་གི་ལྕགས་སྒྲོག་འཕྲལ་མར་བཀྲོལ་ནས། མཁའ་དབུགས་ཀྱི་རྒྱུ་ཕྱོགས་དང་བསྟུན་ནས་ལུས་སེམས་ལ་དྲི་མེད་ཀྱི་སྲོག་རླུང་འདྲེན་ཞིང། མི་གཙང་བའི་དཔུང་ཚོགས་རབ་ཏུ་འཇོམས། བློ་རིག་རྣམ་པ་བཀྲ་ཞིང་ལུས་སེམས་བདེ་ཞིང་སྐྱིད་པས་མི་རིགས་དང་རྒྱལ་ཁབ་ལ་བཅངས་པའི་དུངས་སྣང་ལས་ཕུགས་བསམ་བརྟན་པོ་ཞིག་དང་འདུན་མ་ཟབ་མོ་ཞིག་ངང་གིས་སྐྱེ་འོང།
རྟ་བདུན་དབང་པོས་མཚམས་སྤྲིན་གྱི་གསེབ་ནས་གསེར་མདོག་གི་འོད་སྣང་ས་གཞིར་སྤྲོ་དུས། ལྗང་མདོག་གི་ནེའུ་གསེང་ལ་མཚར་སྡུག་གི་བཀྲག་མདངས་རྒྱས། སྐབས་རེར་སྦྲང་ཆར་ཟིམ་ཟིམ་དུ་བབས་ཏེ་རྐང་འཐུང་ཚོགས་ཀྱི་སྐོམ་གདུང་སེལ་བར་བྱེད་པ་མ་ཟད། སྣ་བརྒྱའི་མེ་ཏོག་གི་དྲི་བསུང་ཕྱོགས་བཅུར་འཐུལ། མཛེས་ཤིང་སྡུག་པའི་སློབ་གླིང་འདི་ན། སློབ་ཕྲུག་ཚོས་དུས་དང་རྣམ་པ་ཀུན་ཏུ་དགའ་བ་དང་སྤྲོ་བ་འབུམ་གྱིས་བརྟས་པའི་ངང་རང་རང་ས་ན་སློབ་སྦྱོང་ལ་འབད་འབུངས་ལྷོད་མེད་བྱེད་བཞིན་པ་ནི་བལྟས་ན་མིག་ལ་མཛེས་ཤིང་བསམ་ན་ཡིད་དུ་འོང་བ་ཞིག་རེད་ཨང།
དུས་ཚོད་འཁོར་ལོའི་མདའ་ཐུང་ཨང་ཀི་བདུན་པར་སླེབས་པ་ན་ཅོང་བརྡས་སློབ་གླིང་གི་ལྷིང་འཇགས་ཡུད་ཙམ་དཀྲོགས་པ་དང་སློབ་ཕྲུག་ཚོའི་དགའ་འཛུམ་གྱི་ཞལ་རས་པད་དཀར་བཞིན་རབ་ཏུ་གྲོལ་ནས་མི་ཚེ་ཡི་ལམ་ཕྱོགས་སྟོན་མཁན་གྱི་སློབ་དཔོན་རྣམས་ལ་ཡིད་ཆེས་ཀྱི་བློ་བཅོལ་ཞིང། དད་གུས་ཀྱི་མགོ་བོ་བསྒུར་ནས་འཚམས་འདྲིའི་མེ་ཏོག་གི་མཆོད་པ་ཕུལ། དགེ་རྒན་དང་སློབ་མའི་དམ་ཚིག་གི་མདུད་པ་གཙང་མས་དུས་འདི་ནས་མགོ་བཙུགས་ཏེ་ཉིན་གང་བོར་རིག་པ་སྟོང་གི་གནས་སུ་གོམ་ཁ་དལ་པོར་བསྒྱུར་ནས་རྩ་ཆེའི་མི་ལུས་འདི་ཆུད་ཟོས་སུ་མ་བཏང་བར་ཕུགས་བསམ་གྱི་དོན་བསྒྲུབ་པར་འབད་པའོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ནང་བཀོད་འབྲི་དང་དུང་སེམས་མཚོན་པའི་ཐབས་རྩལ་སྤྱད་དེ། མཛེས་ཤིང་ཡིད་དུ་འོང་བའི་ཞོགས་དུས་ཀྱི་སློབ་གྲྭའི་ཁོར་ཡུག་དང་སློབ་མ་རྣམས་སློབ་སྦྱོང་ལ་སྤྲོ་དགའི་ངང་འཇུག་ཅིང་། དགེ་རྒན་ལ་བརྩི་བཀུར། རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་ཤ་ཞེན་ཟབ་མོ་སོགས་བཀོད་པ༌བརྒྱུད། སློབ་གྲྭ་ནི་འདོད་པའི་རེ་བ་སྨིན་པའི་ཞིང་ས་དང། ཞོགས་དུས་ནི་རེ་བ་ཀུན་གྱི་ཐོག་མ་ཡིན་པས། ཞོགས་དུས་སུ་ཉི་མ་དང་སྦྲང་ཆར་གྱིས་རྩི་ཤིང་ལ་གསོན་ཤུགས་སྤྲོད་པ་བཞིན་དགེ་རྒན་ནི་སློབ་མ་ཚོའི་འཚོ་བའི་ལམ་སྟོན་དང་ཕན་བདེའི་འབྱུང་གནས་ཡིན་པར་ངོས་འཛིན་བྱས་འདུག
རྩོམ་ཡིག་འདིའི་ཚིག་གི་སྦྱོར་བ་ཅུང་ལེགས་ཤིང་ཡིག་ནོར་ཅུང་ཉུང་། རྩོམ་ཡིག་གི་འགོ་འཛུགས་སྐབས་མི་ལུས་རྙེད་དཀའ་ནས་རིམ་གྱིས་བརྗོད་གཞིའི་ཐོག་འཁྲིད་ཐབས་བྱས་འདུག་ཀྱང། དེས་རྗེས་ཀྱི་དུམ་ཚན་གསུམ་པོས་བརྗོད་དོན་གཙོ་བོར་རམ་འདེགས་དམིགས་བསལ་ཐེབས་མི་འདུག དེར་བརྟེན། རྗེས་སུ་རྩོམ་འབྲིའི་རྒྱུ་ཆ་གདམ་གསེས་དང་བེད་སྤྱོད་འཚམ་པོ་བྱ་རྒྱུར་དམིགས་བསལ་ཐུགས་སྣང་ཡོང་བར་ཞུ།
ང་ཚོའི་སློབ་གྲྭ།(ཨང་གཉིས་པ)
སུ་ཇ་བོད་ཕྲུག་ཁྱིམ་སྡེ། སྟོབས་ལྡན།
སྤྱིར་བཏང་འཇིག་རྟེན་ཟླུམ་པོ་འདིའི་ནང་དུ་སློབ་གྲྭ་ཞེས་པའི་ཚིག་འབྲུ་གཉིས་པོ་བེད་སྤྱོད་ཤིན་ཏུ་ཆེ། དེར་མ་ཟད། སློབ་གྲྭ་ཞེས་པ་དེ་མི་རིགས་ཤིག་རྒྱུད་འཛིན་བྱེད་པའི་བསྟི་གནས་སམ། ཡང་ན་མི་རིགས་ཤིག་འཛུགས་སྐྲུན་བྱེད་སའི་བཟོ་གྲྭའི་གཙོ་བོ་དེ་ཡིན། ང་ཚོའི་སློབ་གྲྭ་ནི་ཤེས་བྱའི་བང་མཛོད་དང་གཉིས་སུ་མ་མཆིས། སློབ་གྲྭའི་ནང་གནས་སྡོད་བྱེད་མཁན་གྱི་སློབ་ཕྲུག་ཚོ་ཡང་རང་དགོས་སློབ་སྦྱོང་ལ་གཡུ་སྦྲང་མེ་ཏོག་གི་ཟེའུ་འབྲུ་ལ་འཁོར་བ་ནང་བཞིན་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་སློབ་སྦྱོང་ལ་འབད་པ་བྱེད།
ཕྱི་ལོ་ང་དགུ་ཡི་ལོ་ནག་དེར་རང་རིགས་ས་ཡ་དྲུག་གི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་མི་དམངས་ཁྲི་ཕྲག་ཁ་ཤས་དང་མཉམ་དུ་ནུབ་ཕྱོགས་འཕགས་པའི་ཡུལ་དུ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་མོད། འོན་ཀྱང་མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ལ་བརྟེན་ནས་སློབ་གྲྭ་དང་དགོན་སྡེ་བགྲང་གིས་མི་ལང་བ་གསར་འཛུགས་མཛད་ཡོད། དེ་ཡང་སློབ་གྲྭ་གསར་འཛུགས་མཛད་དགོས་པར་རྒྱུ་མཚན་ཧ་ཅང་མང།
ང་རང་ཚོར་གནའ་བོའི་མེས་པོ་རྣམས་ཀྱིས་བཞག་པའི་ཤུལ་བཞག་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སོགས་པ་ཉར་ཚགས་ཡག་པོ་གནང་དགོས་པའི་ཆེད་དུ་སློབ་གྲྭ་གསར་འཛུགས་མཛད་ཡོད། དེར་བརྟེན། སློབ་གྲྭའི་ནང་དུ་ཡོད་པའི་སློབ་ཕྲུག་ཀུན་གྱིས་སློབ་སྦྱོང་ཡག་པོ་ཞིག་མ་སྦྱངས་པ་ཡིན་ན་༸ལྷར་བཅས་འགྲོ་བའི་གཙུག་རྒྱན་མགོན་པོ་མཆོག་གི་བཀའ་དང་དགོངས་གཞི་དེ་དག་ང་ཚོས་ཏག་ཏག་ཅིག་བསྒྲུབ་མི་ཐུབ། ང་རང་ཚོར་དེང་སང་གི་ཤེས་བྱ་ཡོན་ཏན་མ་འདང་རྐྱེན་རྒྱ་དམར་པོས་བོད་ལྗོངས་སུ་བཙན་འཛུལ་གྱིས་གདུག་རྩུབ་དང་མནར་གཅོད་ཚད་མེད་བཏང།
གངས་ཕྲུག་ང་ཚོས་སློབ་སྦྱོང་ལ་ཧུར་བརྩོན་མ་གནང་ན་འུ་ཅག་གི་མཐོང་ལམ་བཅད་པའི་རི་བོ་ཧི་མ་ལ་ཡའི་རྒྱབ་ཕྱོགས་སུ་རྒྱ་དམར་གྱི་གདུག་རྩུབ་འོག་མྱངས་དང་མྱོང་བཞིན་ཡོད་པའི་དཔའ་བོ་དཔའ་མོ་དང་དབུ་སྐྲ་དུང་ལས་དཀར་ཞིང་ལག་ཏུ་འཁར་རྒྱུག་ཐོགས་པའི་སྤོ་རྨོ་དང་ད་དུང་ཉེ་རིང་། ཤ་རུས་གཅིག་པའི་བོད་རིགས་ཚང་མའི་རེ་བ་ཇི་ལྟར་བསྒྲུབ། ད་དུང་ཁོང་ཚོའི་ལག་ཏུ་ལྷ་དར་རིང་པོ་ཞིག་ཐོགས་ཏེ་རེ་སྒུག་གི་མིག་ཟུང་ང་ཚོའི་ཕྱོགས་སུ་འཕེན་བཞིན་ཡོད་པ་མ་མཐོང་ངམ། གསེར་ལས་དཀོན་པའི་ད་ལྟའི་ཆུ་ཚོད་བཟང་པོ་དེ་དག་དོན་མེད་ཆུད་ཟོས་སུ་མ་བཏང་བར་རང་དགོས་སློབ་སྦྱོང་ལ་བརྩོན་ན་ཅི་མ་རུང་སྙམ།
ང་ཚོའི་སློབ་གྲྭ་ནི་ཤེས་བྱའི་གཏེར་མཛོད་ཅིག་ཡིན་ལ། སློབ་གྲྭ་ནི་མི་ཚེའི་མདུན་ལམ་གསལ་བར་བྱེད་པའི་སྒྲོན་མེ་ལྟ་བུ་ཡིན། དེར་མ་ཟད་སྟེང་ན་དགེ་རྒན་ཚོ་རིག་པའི་གནས་ལ་ཐོགས་པ་མེད་པར་ཡོད། ཁོང་ཚོའི་བྱམས་བརྩེའི་འོག་ཏུ་མི་ཡུལ་ས་མཐར་འཁྱམས་པའི་སྤྲང་ཕྲུག་ང་ལ་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་པ་དེ་ང་ཚོས་ཚེ་སྔོན་བསགས་པའི་རྣམ་དཀར་གྱི་ལས་མིན་ནམ་བསམས་བྱུང། དེ་བཞིན་འོག་ཏུ་ཞལ་ལག་བཟོ་མཁན་གྱི་མ་བྱན་དག་དང་གཟུགས་གཞི་འཕྲོད་བསྟེན་ལ་བརྟག་དཔྱད་བྱེད་མཁན་གྱི་སྨན་ཞབས་དུ་མ་ཡོད། ཁོང་ཚོ་ནི་མི་རིགས་འདི་ཁ་ལོ་སྒྱུར་མཁན་གྱི་ལག་ཆ་ལྟ་བུ་རེད།
དེ་ལྟ་བུའི་དབུས་སུ་གཙོ་བོ་མང་གཙོ་ཀ་བ་གསུམ་གྱི་འོག་ལ་སློབ་གྲྭ་འདྲ་མིན་སྣ་ཚོགས་ཤིག་འཛུགས་སྐྲུན་གནང་ཡོད། འགའ་ཤས་ནི་གཏན་འཇགས་སློབ་གྲྭ་དང་ལ་ལ་ནི་ཉིན་མོའི་སློབ་གྲྭ་ཡིན། ཉིན་མོའི་སློབ་གྲྭར་སྐྱོད་མཁན་ཚོས་ཟས་གོས་སོགས་ཀྱི་འགྲོ་གྲོན་རང་ཁྱིམ་ཁོ་ནས་འགན་ལེན་དགོས། རྗེ་འབངས་ཡ་བྲལ་བཏང་བ་དེ་ཡང་རྒྱ་དམར་གྱིས་ང་ ཚོར་དེང་དུས་ཤེས་བྱ་ཡོན་ཏན་མ་ཚང་བས་བརྙས་བཅོས་ཐུབ་ཚོད་བཏང་བ་མ་ཡིན་ནམ།
མཐར་རང་རིགས་ས་ཡ་དྲུག་གི་དབུ་འཁྲིད་དང་འཛམ་གླིང་བརྟན་བརླིང་སྐྲུན་མཁན་གྱི་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་གཞིས་བྱེས་གཉིས་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་ཆེན་མོར་མཉམ་འཛོམས་ཡོང་བ་དང་བོད་རྒྱའི་དཀའ་རྙོག་མྱུར་ནས་མྱུར་དུ་སེལ་བའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུའོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་འགོ་འཛུགས་ཐད་སྤྱི་ནས་བྱེ་བྲག བྱེ་བྲག་ནས་བརྗོད་དོན་གཙོ་བོ་སྟེ། བཙན་བྱོལ་ནང་གི་སློབ་གྲྭའི་དམིགས་ཡུལ་དང་དམིགས་བསལ་ལས་འགན་སྐོར་བཅས་འགོ་འཛུགས་ནས་བརྗོད་གཞི། བརྗོད་གཞི་ནས་བརྗོད་དོན་གཙོ་བོ་བཅས་ཀྱི་ནང་དོན་འབྲེལ་མཐུད་ལེགས་ཤིང། བར་བཅུག་དང་ཁ་གསབ་ཀྱི་ཐབས་རྩལ་སྤྱད་དེ་བརྗོད་དོན་གཙོ་བོར་རམ་འདེགས་གང་ལེགས་བྱས་ཡོད།
བརྗོད་བྱའི་ནང་དོན་གྱི་ཆ་ནས་རྩོམ་པ་པོས་སློབ་གྲྭ་ནི་ཤེས་བྱའི་བང་མཛོད་དང། མི་ཚེའི་མདུན་ལམ་གསལ་བར་བྱེད་པའི་སྒྲོན་མེ་ལྟ་བུར་ངོས་འཛིན་གྱིས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ལས་འགན་ནི་ཕ་མེས་ཀྱིས་བཞག་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་པ་དང། ན་ཆུང་སློབ་མ་ཚོས་སློབ་གྲྭའི་ནང་དགེ་རྒན་དང་ལས་བྱེད་རྣམས་ཀྱི་བྱམས་སྐྱོང་འོག་སློབ་སྦྱོང་ལ་འབད་འབུངས་བྱ་གལ་ཆེ་བའི་གནས་ལུགས་གསལ་བཤད་ཀྱང་བྱས་ཡོད༌པས། ལོ་ཆུང་སློབ་མ་ཞིག་གིས་འདི་འདྲའི་དོན་གནད་ཆེན་པོ་ངེས་ཤེས་ཐུབ་པ་ལེགས་ཚོད་དུ་སྣང།
རྩོམ་ཡིག་གི་བརྗོད་བྱའི་ནང་དོན་ཁྱབ་ཆེ་ཞིང་ཚིག་གྱི་སྡེབ་སྦྱོར་ཡང་ལེགས། འོན་ཀྱང། རྩོམ་ཡིག་གི་དུམ་ཚན་མཐའ་མ་གཉིས་ཀྱི་ནང་དོན་འབྲེལ་མི་ཆགས་ཤིང། ཁྱད་པར་རྩོམ་ཡིག་མཇུག་སྡུད་སྟངས་དེ་ཙམ་ལེགས་པོ་བྱུང་མི་འདུག་པས། རྩོམ་ཡིག་གི་ནང་དོན་གང་ཡིན་ཡང་བརྗོད་དོན་གཙོ་བོ་མཚོན་པར་ཕན་ཐོགས་ཡོད་མེད་བརྟག་དཔྱད་ནན་ཏན་གྱིས་རྩོམ་ཡིག་འབྲི་དགོས་པ་གནད་ཀྱི་དམ་པ་ཡིན་པས་ཡིད་ལ་ཆོངས་ཤིག། །
ང་ཚོའི་སློབ་གྲྭ།(ཨང་གསུམ་པ)
སུ་ཇ་བོད་ཁྱིམ་སློབ་གྲ། རྟ་མགྲིན་རྡོ་རྗེ།
མིའི་རིགས་ཀྱི་ཆེས་ཐོག་མའི་རིག་པའི་བདེན་པ་བརྡར་ཤ་གཅོད་སའི་སྒྱུ་རྩལ་གྱི་དོ་ར་ནི་སློབ་གྲྭ་ཞེས་པའི་མཛེས་སྡུག་གི་གཤིན་ས་སྐྱིད་པོ་འདི་ཡིན་ལ། མིའི་རིགས་ཀྱི་རང་གི་ཆེས་ཐོག་མའི་བྱིས་པའི་དུས་ཀྱི་འཚོ་བ་རོལ་སའི་རྨི་ལམ་གྱི་མལ་ས་དྲོན་མོ་ཡང་ཨ་མའི་བྱམས་བརྩེའི་ལྟར་རིན་ཐང་ཆེ་བའི་ཁྱིམ་གཞི་སྐྱིད་པོ་འདི་ཡིན་ནོ། །
ང་ཚོའི་སློབ་གྲྭར་ཡང་དེ་ལས་ལྷག་པའི་བཟང་ཆ་ཅི་ཡང་མེད་ནའང། ཕྱི་རོལ་ཡུལ་གྱི་སྔོ་ལྗང་ལྗང་གི་མཛེས་སྡུག་ལ་དེང་རབས་སྒྱུ་རྩལ་གྱི་མཛེས་རྒྱན་སྤྲས་ནས་ཁོ་ར་ཁོར་ཡུག་ཀུན་ཏུ་སློབ་གྲྭ་ཞིག་གི་མཚན་ཉིད་ཚང་ཡོད་པ་སྨོས་མ་དགོས་པ་ཞིག་རེད་སྙམ། མི་རིགས་ཤིག་གི་ཆགས་འཇིག་གླེང་དུས་སློབ་གྲྭ་ནི་མི་རིགས་དེའི་མ་འོངས་པ་གསོ་སྐྱོང་བྱེད་སའི་རིག་གནས་ཀྱི་བསྟི་གནས་ཞིག་ཡིན་པ་ནི་མི་ཡོད་དོ་ཅོག་གིས་ཁས་ལེན་ཐུབ་པའི་དོན་དངོས་ཀྱི་བྱ་གཞག་ཡིན་པ་ཐེ་ཚོམ་མེད་པའི་སྒོ་ནས་ཤོད་ཐུབ་པ་ནི་གཟུ་བོའི་སྐད་ཆ་ཞིག་རེད།
ང་ཚོའི་སློབ་གྲྭའི་ཕྱིའི་ཁོར་ཡུག་དང་ནང་གི་སྒྲིག་ལམ་སོགས་ཕྱོགས་གང་ཅིའི་ཐད་ནས་བལྟས་ན་བོད་ལ་ཆག་སྒོ་ཞིག་བྱུང་ཡོད་པའི་རྣམ་པ་མངོན་སུམ་ཚད་མས་གྲུབ་ཡོད་པ་དེ་ཕྱོགས་གང་ནས་རྟོགས་ཐུབ་བམ་ཟེར་ན། དེ་ནི་ང་ཚོའི་སློབ་གྲྭའི་སློབ་དགེ་ཚང་མས་རང་གི་འཚོ་བའི་དཀའ་ངལ་ལ་གདོང་ལེན་བྱས་ཏེ་ཉིན་མོའི་ཟས་དང་མཚན་མོའི་གཉིད་བཅགས་ནས་སློབ་ཕྲུག་ཚོར་བྱམས་སྐྱོང་དང་། བོད་པ་རང་གི་ཆོས་དང་རིག་གཞུང་སློབ་ཁྲིད་བྱས་ནས་བོད་མི་རྣལ་མ་ཞིག་ཆགས་ཐུབ་པར་འབད་པ་ལྷུར་ལེན་བྱས་དང་བྱེད་བཞིན་པ་ཡིན། དེ་ནི་ང་ཚོའི་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཕྱིར་རང་གི་ཕ་ཡུལ་གྱི་བདེ་སྡུག་ལ་བལྟས་ནས་གོམ་གང་མདུན་དུ་སྤོས་པའི་བདེན་པའི་བློ་སྟོབས་ཀྱི་རིག་པའི་གད་རྒྱངས་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱེར་བའི་ཆེས་ཐོག་མའི་འཚོལ་སྙེག་དང། རང་གི་རང་དབང་ནི་རང་ཉིད་ཀྱི་ལག་ཏུ་གསོན་པོར་གནས་ཡོད་པའི་བདེན་པའི་ལམ་ཡིག་ཅིག་རེད་ཅེས་བརྗོད་ན་ཡང་ཕལ་ཆེར་ཐལ་དྲགས་པའི་སྐད་ཆ་ཞིག་ཡིན་སྲིད་རྒྱུ་མ་རེད། ང་ཚོས་སློབ་གྲྭའི་ལྗིད་ཏིག་ཏིག་གི་རྡོག་ཁྲེས་ལྗིད་མོ་ཞིག་དང་དུ་བླངས་ནས་རང་གི་ཕ་མེས་ཚོས་བཞག་པའི་བདེན་པ་ཞིག་གི་མཁར་གྱང་འཚོལ་དུ་འགྲོ་ཡི་ཡོད། ང་ཚོས་སློབ་གྲྭའི་བདེན་པའི་རང་མདོག་ནི་དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་མེད་པའི་ལྗང་མདོག་གི་རྨི་ལམ་ཡིན་བཞིན་པའི་སེམས་བྱུང་བཅངས་ཏེ་ས་མཐའ་ནས་རང་ཉིད་ལ་མ་འོངས་པའི་མཛེས་རྒྱན་སྤྲོ་བཞིན་ཡོད་ལགས།
ང་ཚོའི་སློབ་གྲྭ་ནི་ཕ་ཡུལ་དང་ཕ་མ་མེད་པའི་དྭ་ཕྲུག་སྟོང་གི་རིག་པའི་ཁོ་ལག་རྒྱས་ས་ཡིན་ལ། ཀ་ཁ་ག་ངའི་ཆག་སྒོ་གླེང་སའི་སྐྱ་རེངས་གསར་པའི་མངལ་ཁྱིམ་དྲོན་མོ། ང་ཚོའི་སློབ་གྲྭས་ང་ཚོ་ལ་གཤོག་རྩལ་རྒྱས་པར་བྱས་ཏེ་རང་དབང་གི་མེ་ཁ་བོད་ཡུལ་དུ་གསོ་བའི་བླ་མེད་ཀྱི་ལག་རྗེས་དོན་ལྡན་དང། དེ་བཞིན་སློབ་གྲྭ་ནི་ང་ཚོས་ས་མཐའ་ནས་རང་གི་ཕ་ཡུལ་དང་ཕུ་ནུ་མིང་སྲིང་ཚོ་ངོ་ཤེས་སའི་རང་གི་སེམས་སྟེང་གི་ཁྱིམ་གཞི་གཉིས་པ་དེ་ཡིན་ནོ། །
དམར་སེར་གྱི་ཉི་མའི་འོད་སྣང་ས་མཐའ་ནས་མངོན་ཡོང་དུས། ང་ཚོས་སྐྱིད་སྡུག་གཉིས་ཀྱི་འཚོ་བའི་དཀའ་ཚེགས་ས་མཐའ་ནས་རང་ཉིད་ཀྱི་བདེ་སྡུག་རང་གི་ཕ་མ་ལས་ལྷག་པའི་བརྩེ་སེམས་སྦྱིན་པའི་རང་གི་དགེ་རྒན་ཚོར་གླེང་དུས། ང་ཚོའི་སློབ་གྲྭ་ནི་ང་ཚོའི་སེམས་ཁོང་དུ་དམར་པོ་མེ་བཞིན་འབར་གྱིན་པའི་རང་གི་ཕ་ཡུལ་ངོ་མ་དེ་ཡིན་པར་འདོད། དེ་ནི་ཆེས་རླབས་ཆེན་གྱི་མི་བུ་ཡོད་དོ་ཅོག་གི་བྱམས་སེམས་ཀྱི་ཕྱག་ཟུང་གཞན་གྱི་མདུན་དུ་བརྐྱངས་ནས་བསྐྲུན་པའི་སང་ཉིན་གྱི་ཉི་གཞོན་གསར་པ་བསུ་བའི་དེ་རིང་གི་གོམ་སྒྲ་ཙམ་ཡིན་ལ། དེ་ནི་ང་ཚོའི་རིག་པའི་བདེན་པ་བརྡར་སའི་ལྷད་མེད་ཀྱི་བརྩེ་སེམས་དཀར་པོ་ཞིག་རེད་སྙམ།
ང་ཚོའི་སློབ་གྲྭ་ནི་མི་བུས་ངལ་བ་བརྒྱ་ཕྲག་གི་རྔུལ་ཆུས་བསྐྲུན་པའི་ཟབ་རྒྱས་རིག་པའི་ལྡིང་ཁང་ཡིན་པས། ཁྱེད་ཅིས་ཀྱང་མེ་དམར་པོ་བཞིན་མི་ཁ་དང་གྲང་རླུང་གི་འཇིགས་སྐྲག་ལ་མ་འཛེམས་པར་གངས་སེང་དཀར་མོའི་དར་ཆ་ཁྱེར་ནས་རི་བོ་མཐོ་ས་ཞིག་དང་ཆུ་མོ་གཙང་ས་ཞིག་ནས་རླབས་ཀྱིས་འཕྱོ་བཞིན་འོད་ཀྱིས་ཁེངས་ཤོག ང་ཚོའི་སློབ་གྲྭའི་སྐྱེས་སྟོབས་ཀྱི་རིག་པ་གསལ་བའི་སློབ་བུ་ཉམ་ཆུང་ཚོ། ཤེས་རིག་གི་བྱིན་གྱིས་རླབས་འདྲའི་ཤེས་ཡོན་གྱི་གཤོག་ཟུང་ཐོགས་ནས། ཞི་བདེ་དང་གཞན་ཕན་གྱི་བདེན་དོན་གླེང་ཐུབ་པའི་རིག་བཟང་གི་སློབ་མ་ཡ་རབས་ཤིག་ཡོང་བར་སྨོན་འདུན་ཞུ་བཞིན་ཡོད།
ང་ཚོའི་སློབ་གྲྭ། མི་ཡུལ་གྱི་བདེན་པའི་འཐབ་རྩོད་བྱེད་སའི་ས་མཐའི་ཡུལ་དུ་གངས་ཅན་བོད་པའི་ཤེས་རིག་གི་ཆུ་གཏེར་ཟབ་མོ། སང་ཉིན་གྱི་འཚོ་བའི་མངར་ཁ་དྲོན་མོ་གླེང་ནས་ང་ཚོ་མདུན་དུ་སྐྱོད་བཞིན་ཡོད།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་དུང་སེམས་མཚོན་པའི་བགྲོ་གླེང་དང་གསལ་བཤད་ཤས་ཆེ་བའི་ལྷུག་རྩོམ་ཞིག་ཡིན་པར་འདོད། རྩོམ་ཡིག་གི་ཚིག་སྦྱོར་ལེགས་ཤིང་། ཚིག་རྒྱན་དང་དཔེ་འཇོག་མང་དུ་སྤྱད་དེ་ལོ་ཆུང་རྩོམ་པ་པོས་མ་ཡུམ་སློབ་གྲྭའི་དགེ་མཚན་གླེང་བ་དང་ལྷན་དུ། རང་གིས་རྒྱལ་ཁབ་དང་མི་རིགས་སོགས་ལ་བཅངས་པའི་བརྩེ་ཞེན་ཟབ་མོ་མཚོན་ཐབས་བྱས་ཡོད། ཁྱད་པར་སློབ་གྲྭ་ནི་ཕྱོགས་གང་ཐད་ནས་གལ་འགངས་ཧ་ཅང་ཆེ་བ་ཟུར་དང་ཕྱོགས་དུ་མའི་སྒོ་ནས་གསལ་འདོན་བྱས་པ་དང་འབྲེལ། རྩོམ་པ་པོས་སློབ་གྲྭར་བཅངས་པའི་དྭངས་ཤིང་དྲི་མ་མེད་པའི་དུང་སེམས་མཚོན་པའི་ཞོར་ལ། ང་ཚོའི་སློབ་གྲྭ་སྟེ། བཙན་བྱོལ་བོད་མིའི་སློབ་གྲྭའི་ནང་འཚར་ལོངས་འབྱུང་བཞིན་པའི་ན་ཆུང་སློབ་མ་རྣམས་ཡིད་ཆེས་དང་སྙིང་སྟོབས་ཆེན་པོའི་ངང་མ་འོངས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་པ་བསྟན་ཡོད།
རྩོམ་ཡིག་ནང་ཡིག་ནོར་ཉུང་ཤིང་ཚིག་སྦྱོར་འབྲེལ་ཆགས་པ། དཔེ་བཀོད་པའང་ཚིག་དོན་གཉིས་ཆ་ནས་འཚམ་པོ་འདུག། ཕྱིས་སུ་རྩོམ་འབྲིའི་རྒྱུ་ཆ་བཀོད་སྒྲིག་འཚམ་པོ་ཡོང་ཐབས་ཆེད་དམིགས་བསལ་ཐུགས་སྣང་ཐུབ་ན་ཡར་རྒྱས་ཆེན་པོ་འབྱུང་བར་སྙམ།