མཆོོོད་མཇལ་འགྲོོོ་བ།(ཨང་དང་པོ)
སངས་རྒྱས་དོན་འགྲུབ། གོ་པལ་པུར།
ལྷ་ས་ཞེས་འབོད་པ་དེ་ནི་ལྷ་ཡུལ་ས་ལ་འཕོས་པ་ལྟར་མཛེས་ཤིང་ལྟ་ན་སྡུག་པར་མ་ཟད། ཆོས་ཀྱི་དྲི་བཟང་ཕྱོགས་བཞི་མཚམས་བརྒྱད་ལ་འཐུལ་བའི་ཡུལ་ཁྱད་པར་ཅན་ཞིག་ཡིན།
དེ་ཡང་སྔོན་བོད་ཀྱི་བཙན་པོའི་གདུང་རྒྱུད་སྐབས་བཞེངས་པའི་ལྷ་ཁང་དང་དགོན་པ། གཟི་འོད་རབ་ཏུ་འཕྲོ་ཞིང་འགྱིང་ངེར་གནས་པའི་ཕོ་བྲང་པོ་ཏ་ལ་སོགས་ཡོད་པ་བོད་མདོ་དབུས་མཐོ་སྒང་ཡོངས་སུ་འབྲུག་ལྟར་གྲགས་ཡོད།
ང་ཚོ་སོ་ནམ་པའི་མི་ཚང་ཕལ་བ་ཞིག་ལ་མཚོན་ན། ལྷ་ས་ཞེས་པ་གང་འདྲ་ཡོད་མེད་རྣ་བས་གོ་མྱོང་ཡོད་པ་མ་གཏོགས་མིག་གིས་དངོས་སུ་མཐོང་མྱོང་མེད་པའི་ཡུལ་དེ་ལ་མཆོད་མཇལ་ཐེངས་གཅིག་འགྲོ་བའི་བསམ་པ་སྔ་ས་ནས་སྐྱེས་ཡོད། དེར་བརྟེན་ཨ་ཕས་ལོ་སྔོན་མ་ནས་བཟུང་དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་གདུང་ལ་མ་འཛེམས་པར་ཞོར་ལས་ལ་སོང་བའི་གླ་ཕོགས་ཀྱིས་ང་ཚོ་ནང་མི་ཚང་མ་འགྲོ་རྒྱུའི་ལམ་གླ་ཡང་མི་འདང་བས། ཐབས་བརྒྱ་ཇུས་སྟོང་གིས་ཤ་ཉེ་གཉེན་འབྲེལ་སོགས་ལ་གཡར་ནས་འདང་ཙམ་བྱུང་བར་བརྟེན། དུས་བཟང་ཚེས་བཟང་གི་ཉིན་མོ་ཞིག་ལ་གྲ་སྒྲིག་བྱས་ཏེ་ཁྱིམ་ནས་ཐོན་པ་ཡིན། ཟི་ལིང་ནས་མེ་འཁོར་ནང་བསྡད་དེ་ཆོས་ལྡན་གྱི་ཞིང་ཁམས་ལྷ་སའི་ཕྱོགས་སུ་བསྐྱོད་པ་ཡིན། ལྷ་སར་མ་སླེབས་པའི་ལམ་བར་དུ་བསམ་བློ་དྲུག་གཉིས་བཅུ་གཉིས་འཁོར་ཏེ་མཚན་ལ་གཉིད་ཀྱང་ཁུག་མ་བྱུང།
ཕྱི་ཉིན་ཞོགས་པར་དངོས་སུ་ལྷ་སར་སླེབས་སོང། ཐོག་མར་མཇལ་བ་ནི་རྩེ་ཕོ་བྲང་དམར་པོ་དེ་ཡིན་མོད། ཁྲོམ་ར་ཀུན་ཏུ་མི་ཚོགས་མང་པོ་གྲོག་ཚང་བརྡོལ་བ་ལྟར་ལག་གཡས་སུ་མ་ཎི་འཁོར་ལོ་དང་གཡོན་པར་ཕྲེང་བ་བཟུང་མེད་མཁན་ཞིག་ཕལ་ཆེར་མི་འདུག མི་ཚོགས་ཀྱི་རྣམ་པ་དེས་ང་ལ་དངོས་ནས་ཆོས་ལྡན་གྱི་ཞིང་ཁམས་ཤིག་རེད་འདུག་བསམ་པའི་ཚོར་བ་ཤུགས་ཆེར་སྐྱེས་བྱུང།
དེ་ནས་ང་ཚོས་རིན་གོང་རན་པའི་མགྲོན་ཁང་ཞིག་གླས་རྗེས་བློ་བདེ་བག་ཕེབས་ངང་རིམ་བཞིན་ཐོག་མར་ཕོ་བྲང་པོ་ཏ་ལར་མཆོད་མཇལ་དུ་སོང་བ་ཡིན། ཅི་འདྲའི་ངོ་མཚར་ཆེ་བའི་ཕྱིའི་བཀོད་པ་ཐམས་ཅད་མིག་གི་ལོངས་སྤྱོད་དུ་དངོས་སུ་ཐོབ་པ་ན། སྔ་མོའི་བོད་ཀྱི་རྡོ་བཟོའི་ལག་རྩལ་གང་འདྲ་ཡོད་མེད་ཡིད་ཀྱི་མེ་ལོང་ངོས་སུ་ལྷང་ངེར་འཁོར་བྱུང། ནང་དུ་སོང་རྗེས་གསེར་གདུང་འཛམ་གླིང་རྒྱན་གཅིག་དང་༸གོང་ས་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་ཁྲི། ཆོས་རྒྱལ་སྒྲུབ་ཕུག་སོགས་ལ་མཇལ་དུས་ལོ་རྒྱུས་ཀྱི་རྗེས་ཤུལ་རང་བཞིན་གྱིས་རྟོགས་བྱུང། དེར་མ་ཟད་ཨ་ཕས་ང་ལ་སྐད་འགོ་དམའ་མོས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་སྐོར་ཅུང་ཟད་ལབ་པ་ངའི་དྲན་པའི་མེ་ལོང་ངོས་སུ་ད་ལྟ་ཡང་བརྗེད་མེད། དེ་ནས་ང་ཚོའི་དུས་ཚོད་དམ་འཛིན་གྱིས་ཕྱི་དྲོ་ར་མོ་ཆེ་གཙུག་ལག་ཁང་ལ་ཞིབ་ཏུ་མཇལ་རྗེས་ཤིས་སྨོན་བཟང་པོ་ཞིག་བརྒྱབ་པ་ཡིན། དེའི་རྗེས་དགོན་ཆེན་སེ་འབྲས་དགའ་གསུམ་ལ་མཇལ་ཞིང། གྲྭ་པའི་གྲངས་འབོར་དང་དགོན་པའི་རྒྱ་ཁྱོན། ནང་གི་སྐུ་གསུང་ཐུགས་རྟེན་སོགས་ཀྱིས་རང་རེ་ཁ་བ་ཅན་ནི་ནང་ཆོས་ཀྱི་འབྱུང་ཁུངས་ཐོག་མ་མིན་ཀྱང་གཉིས་པ་ཡིན་བསམ་པའི་ཚོར་བ་དང་བཅས་སྤོབས་པ་ཡང་ཤུགས་ཆེར་སྐྱེས་བྱུང།
བསམ་ཡས་གཙུག་ལག་ཁང་ལྷ་ས་ནས་ལམ་ཐག་ཅུང་རིང་བས་ང་དང་ཨ་ཕ་གཅིག་པུ་སྟབས་བདེ་རླངས་འཁོར་ཞིག་གླས་ནས་སོང་བ་ཡིན། དངོས་སུ་སླེབས་རྗེས་དང་པོར་མཇལ་བ་ནི་རྒྱ་གར་དང་བོད་པ། རྒྱ་ནག་གསུམ་གྱི་ལུགས་སུ་བཞེངས་པའི་བཟོ་བཀོད་དེ་མཐོང་བྱུང། དེ་ཡང་ཕ་ཡུལ་ནས་སློབ་གྲྭར་འགྲོ་དུས་རྒྱའི་ཆབ་སྲིད་ཀྱི་གནོན་ཤུགས་འོག་སྐད་ཡིག་སློབ་དེབ་ཐོག་ནས་གསལ་ཞིང་རྒྱས་པ་སྦྱངས་ཐུབ་མེད་ནའང། ད་ལྟ་དངོས་སུ་གསལ་ཞིང་རྒྱས་པ་མཐོང་དུས་བཅོས་མིན་གྱི་དགའ་སྣང་ཞིག་ངང་གིས་སྐྱེས་ཡོང།
བསམ་ཡས་གཙུག་ལག་ཁང་ལ་མཇལ་ཁ་ཞུས་རྗེས་སླར་མགྲོན་ཁང་དུ་ལོག་ནས་བསམ་གཞིགས་ཀྱི་ཞིང་ཁམས་ལ་འཁྱམས་ནས་སྡོད་དུས། གློ་བུར་དུ་ཨ་ཕས་ངོ་མི་ཤེས་པའི་མི་ཞིག་འཁྲིད་ཡོང་སྟེ། ང་ལ་བསླབ་བྱ་གང་མང་ཞིག་བརྒྱབ་རྗེས་ཐ་མ་དེར། “གཅེས་ཕྲུག་རྒྱ་གར་དུ་སླེབས་རྗེས་ཁྱེད་རང་ལ་དམིགས་ཡུལ་གཅིག་མ་གཏོགས་མེད། དེ་ནི་ཡིན་གཅིག་མིན་གཉིས་སློབ་སྦྱོང་ལ་ཧུར་ཐག་བྱེད་དགོས་”ཞེས་གསུངས་བྱུང། ཉིན་དེ་ནས་བཟུང་ང་ངོ་མི་ཤེས་པའི་མི་དེ་དང་ཆབས་ཅིག་སླེབས་ས་ནི་རྒྱ་གར་ཡིན་པ་ཤེས་སོང། དེང་སྐབས་ཞིབ་འདང་ཞིག་བརྒྱབ་དུས་ཕ་མ་གཉིས་ཀྱིས་སྔ་ས་ནས་མཆོད་མཇལ་ཕྱིན་ཚར་བའི་རྗེས་ལ་ང་རང་འཕགས་ཡུལ་དུ་གཏོང་འདོད་ཀྱི་གྲ་སྒྲིག་ཡོད་པ་གཞི་ནས་རྟོགས་སོང། ཡིན་ནའང་ངས་ཕ་མ་གཉིས་ལ་འཁང་ར་ཟེར་བ་དེ་དུས་ནམ་ཡང་མི་བྱེད། དེ་དག་ཚང་མ་ངའི་ཆེད་དུ་ཡིན་པ་ཤེས་ཡོད། ལྷ་སར་མཆོད་མཇལ་དུ་སོང་བ་དེ་ནི་ང་བརྩེ་ལྡན་ཡབ་ཡུམ་གཉིས་དང་བྲལ་བའི་དུས་ཤིག་ཡིན་པས་ངའི་དྲན་པའི་མེ་ལོང་ངོས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་བརྗེད་ག་ལ་སྲིད།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་བྱ་བ་གཙོ་བོར་བརྗོད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་ཡིན། བརྗོད་དོན་གྱི་ཆ་ནས་དུམ་མཚམས་གསུམ་དུ་དབྱེ་ཆོག་སྟེ། དུམ་མཚམས་དང་པོའི་ནང་མཆོད་མཇལ་བྱ་ཡུལ་མདོར་བསྡུས་ཀྱིས་མཚམས་སྦྱར་ཏེ་སྤྱི་ནས་བྱེ་བྲག་ལ་ཕྱོགས་པའི་འབྲི་ཐབས་སྤྱད་དེ་རྩོམ་འགོ་གླེངས་ཡོད། དུམ་མཚམས་གཉིས་པའི་ནང་རང་ཉིད་ཕ་ཡུལ་ནས་ལྷ་སར་ཇི་ལྟར་སོང་བའི་ལམ་གྱི་བརྒྱུད་རིམ་དང་དབུས་ཁུལ་གྱི་མཆོད་མཇལ་བྱ་ཡུལ་གཙོ་བོ་དག་སྟབས་བདེའི་མཚམས་སྦྱོར་དང་འབྲེལ་མཆོད་མཇལ་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་བྲིས་ཡོད་པས་ཡུལ་སྐོར་ཟིན་ཐོ་ཞིག་གི་ཁྱད་ཆོས་ཀྱང་ལྡན། དུམ་མཚམས་གསུམ་པའི་ནང་ཨ་ཕས་རང་ཉིད་རྒྱ་གར་དུ་མངགས་ཤིང་དེ་ཡང་སློབ་སྦྱོང་གི་ཆེད་དུ་ཡིན་པ་དང། དེ་ནས་བཟུང་རང་ཉིད་བྱམས་ལྡན་གྱི་ཕ་མར་ཁ་བྲལ་བས་རང་ཉིད་ལ་མཚོན་ན་མཆོད་མཇལ་ཐེངས་གཅིག་པོ་དེ་ནམ་ཡང་བརྗེད་དཀའི་འདས་དོན་ཞིག་ཡིན་པ་འགྲེལ་བརྗོད་དང་བཅས་ཏེ་རྩོམ་ཡིག་གི་མཇུག་བསྡུས་ཡོད།
རྩོམ་ཡིག་འདིའི་ནང་ཡུལ་གང་ཞིག་ཏུ་མི་སུ་འདྲ་ཞིག་གིས་བྱ་བ་ཅི་འདྲ་ཞིག་ནམ་ཞིག་ལ་ཇི་ལྟར་སྒྲུབ་སྟེ་མཐར་མཇུག་འབྲས་ཅི་ཞིག་བྱུང་བ་སོགས་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་ལ་ཚང་དགོས་པའི་ཆ་རྐྱེན་དག་དགོས་མཁོ་ལྟར་ཉིང་བསྡུས་ཀྱིས་བཀོད་པ་འོས་ཤིང་འཚམ་ལ་དུམ་མཚམས་དབྱེ་སྟངས་དང། རྩོམ་གྱི་འགོ་གླེང་སྟངས་དང་མཇུག་སྡུད་སྟངས། ཁོར་ཡུག་དང་བྱ་བ་ལ་བརྟེན་ནས་སེམས་ཚོར་མཚོན་ཐབས་སོགས་ཧ་ཅང་ལེགས།
ཕྱོགས་གཅིག་ནས་བསམས་ན། རྩོམ་བྱང་ལ་ཡིད་འཇོག་ཆེན་པོ་བྱས་མེད་པ་འདྲ། གང་ལྟར་ལོ་ཆུང་སློབ་མ་ཞིག་ལ་མཚོན་ན་འདི་འདྲའི་རྩོམ་ཡིག་ལེགས་པོ་ཞིག་འཁྱོངས་པ་ནི་ཅི་ནས་ཀྱང་བསྟོད་པར་འདོད་པའི་ཡུལ་ཁོ་ན་ཡིན་ནོ། །
མཆོོོད་མཇལ་འགྲོོོ་བ།(ཨང་གཉིས་པ)
དཀོན་མཆོག་དཔལ་མོ། སེ་ལ་ཀུལ་བོད་ཁྱིམ།
ཁྲག་རྣག་ཁེངས་པའི་ས་གཞི་ཞིག། །སླར་ཡང་མི་ཡོང་གསོལ་བ་འདེབས། །
བྱམས་དང་སྙིང་རྗེ་མེད་ན་ཡང། །ལས་དང་རྒྱུ་འབྲས་བརྩི་བར་སྨོན། །
རང་དབང་དང་བདེ་སྐྱིད་དབེན་པའི་མི་ཡུལ་འདིར་ང་ནི་གཤོག་སྒྲོ་མེད་པའི་བྱིའུ་ཆུང་ཞིག་དང་མཚུངས་ལ། རང་དབང་མེད་པའི་ཉམ་ཆུང་མ་ཞིག་ཡིན། ངའི་དགའ་སྤྲོའི་འཛུམ་མདངས་རྒྱས་པའི་བྱིས་དུས་ཀྱི་འཚོ་བ་ནི་སྟོང་བསམ་དང་རེ་བས་ཁེངས་བཞིན་འདས་ཤིང། འགྲོ་རྒྱུ་ལྷག་པའི་བུ་མོ་ངའི་ལང་ཚོ་ཡང་སྟོང་བསམ་དང་རེ་སྨོན་འདེབས་བཞིན་ཡལ་ལ་ཉེ། གང་ལྟར་ཁྱེད་ཚོས་ངའི་ཤ་རུས་ལས་ཐོན་པའི་རེ་གདུང་དེ་ཅི་ཡིན་པ་ཤེས་འདོད་ཡོད་སྲིད།
ཕྲན་ལ་སྒྲུབ་ཐབས་མེད་པའི་བསམ་དོན་ཞིག་མེད་མོད། དོན་སྙིང་ལྡན་པའི་རྨི་ལམ་ཞིག་ཡོད།
ངའི་མིག་ལམ་དུ་རང་ཉིད་མཆོད་མཇལ་དུ་འགྲོ་འདོད་པའི་ཕུགས་བསམ་དེ་འཆར་ཡོང་དུས་ངའི་སེམས་ཁོང་དུ་ན་ཟུག་གིས་ཁེངས་བཞིན་འདས་ཟིན་པའི་ཡིད་སྐྱོའི་གནས་ཚུལ་རྣམས་ཡིད་ལ་ཁྲ་ལྷམ་མེར་འཆར་ཡོང་།
ཉིན་ཞིག་ང་དང་སྤུན་ཟླ་ཚོས་ལྷ་སར་མཆོད་མཇལ་འགྲོ་རྒྱུར་ལྐོག་གྲོས་བྱས། དེ་དུས་ཀླ་ཀློ་ཚོས་བོད་མི་མང་པོ་བཙོན་ལ་འཇུག་བཞིན་པའི་སྒང་རེད། ང་ཚོ་ཉིན་མོ་རི་མགོར་གཉིད་ཉལ་བ་དང་མཚན་མོ་དཀའ་ཁག་ལ་བཟོད་བསྲན་བྱས་ཏེ་རྐང་ལམ་ཕྲ་མོ་ཞིག་ཡོད་པ་དེ་བརྒྱུད་ནས་འགྲོ་བཞིན་ཡོད། སོང་སོང་མཐར་ལྷ་ས་རུ་འབྱོར་བ་དང་ང་ཚོས་གཟབ་ནན་ངང་མཆོད་མཇལ་དུ་ཕྱིན་ནའང། དེའི་སྐབས་རྒྱ་ཡི་དམག་དཔུང་གིས་ར་བསྐོར་བ་ལྟར་མཐའ་བསྐོར་འདུག ངའི་སེམས་ནང་ན་ཟུག་དྲག་པོ་ཞིག་བཏང་བྱུང་བ་དང་གཏན་ནས་ཐོས་མི་འདོད་པའི་མེ་མདའི་སྒྲ་བར་མེད་དུ་གྲག་གིན་འདུག བསམ་རྒྱུ་དྲན་རྒྱུ་མེད་པའི་སྐབས་དམག་མི་ཞིག་གིས་ང་བཟུང་ནས་ཁྲིད་སོང། མཐའ་སྐོར་ཁྲག་རྣག་གི་རྒྱ་མཚོ་འཁྱིལ་བཞིན། པོ་ཏ་ལའི་མདུན་དུ་རོ་ཡི་རྩིག་པ་རྩིག་བཞིན་པའི་དྲག་པོའི་དམག་དཔུང་གི་མེ་མདའི་ཁ་རུ་མི་རིགས་འདི་རྫོགས་ལ་ཉེ་མོད། རང་དབང་དང་ཞི་བདེའི་ཆེད་འཐབ་རྩོད་བྱེད་བཞིན་རང་རེའི་དར་ཆ་ལག་ཏུ་བཟུང་ནས་ཁྲོམ་སྐོར་སྐད་འབོད་བྱེད། ཁོང་ཚོས་མིག་མཐར་མཆི་མ་འཁོར་བཞིན་མིག་ག་ལེར་ཟུམ་སོང། གླིང་བཞི་ཧྲིལ་པོ་སྐྱོ་བའི་མཆི་མས་ཁེངས། ལུས་དྲོད་མ་ཡལ་བའི་མི་རོ་གཅལ་དུ་བཀྲམ། ཁྲག་དྲོན་དམར་པོའི་རླངས་པ་མཁའ་རུ་འཕྱོ། ངས་སྐྱོ་སྡུག་མ་བཟོད་པར་ངུ་བཞིན་དྲན་མེད་དུ་བརྒྱལ། དྲན་པ་སོས་དུས་ང་བཙོན་རར་སླེབས་འདུག་ལ། བཙོན་ར་ནང་གི་ཁྲག་རྣག་གི་རྐང་རྗེས་དེ་ཚོ་ཆབ་སྲིད་བཙོན་པ་ཚོའི་ཟིན་ཐོ་རེད།
ད་ཆ་ང་ལ་བདེ་སྐྱིད་དང་རང་དབང་ཞིག་ཐོབ་ཚེ་མཆོད་མཇལ་ལ་སོང་ནས་པུས་མོ་ས་ལ་བཙུགས་ནས་ལག་ཟུང་ཐལ་མོ་སྦྱར། སེམས་ཁོང་ནས་སླར་ཡང་དེ་ལྟར་མི་ཡོང་བའི་གསོལ་བ་སྨོན་ལམ་འདེབས་པར་མ་ཟད། ང་མཆོད་མཇལ་དུ་འགྲོ་སྐབས་ཀྱི་གནས་ཚུལ་དུ་མ་ཞིག་དྲན་གསོ་བྱེད་བཞིན། ཁོང་ཚོ་ལ་བར་ཆད་མི་ཡོང་བའི་སྨོན་ལམ་ནན་པོ་ཞིག་ཀྱང་འདེབས་ངེས་ལ་༸གོང་ས་མཆོག་ཀྱང་སྐུ་ཚེ་ཞབས་པད་བརྟན་པར་སྨོན།
དྲན་མི་འདོད་པའི་འདས་དོན་ཀུན། །སླར་ཡང་མི་འབྱུང་སྨོན་ལམ་འདེབས། །
སེམས་ཀྱི་སྨོན་ཚིག་འདི་དག་ནི། །མྱུར་ནས་མྱུར་དུ་འགྲུབ་པར་ཤོག། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་འགོ་ནི་རོལ་དབྱངས་ལྟ་བུའི་སྨོན་ཚིག་ཅིག་གིས་དྲངས་པའི་མུར། རང་ཉིད་ནི་ཉམ་ཆུང་ནུས་མེད་ཅིག་ཡིན་ནའང་དོན་ལྡན་གྱི་རྨི་ལམ་ཞིག་ཡོད་པ་གླེངས་རྗེས། འདས་ཟིན་པའི་ལོ་ཟླ་གང་རུང་ཞིག་ཏུ་རང་ཉིད་དང་སྤུན་ཟླ་འགའ་ལྷ་སར་མཆོད་མཇལ་དུ་འགྲོ་དུས་སྤྱི་ཚོགས་ཀྱི་གནས་བབ་ཧ་ཅང་རྙོག་འཛིང་ཡིན་པ་དང། རྒྱའི་དམག་དཔུང་གིས་དམར་གསོད་བྱེད་བཞིན་པ་དང་བཙོན་ཁང་དུའང་མང་པོ་ཞིག་གིས་དཀའ་སྡུག་མྱོང་བཞིན་པ་རང་ཉིད་ཀྱིས་དངོས་སུ་མཐོང་ཐོས་མྱོང་གསུམ་དུ་གྱུར་པ་རྣམས་རང་ཉིད་ཀྱི་ཚོར་བའི་རླབས་རྒྱུན་དང་འགྲོགས་ཏེ་བཀོད་འབྲི་བྱས་འདུག མཐོང་ཐོས་མྱོང་གསུམ་དུ་གྱུར་པའི་གནས་ཚུལ་དེའི་དབང་གིས་རྩོམ་ཡིག་འདིའི་འགོ་མཇུག་གཉིས་ཀར་སྨོན་ཚིག་ཅིག་གིས་བརྒྱན་ཅིང་དེ་ནི་མིའི་རིགས་ཀྱི་བདེ་སྡུག་ལ་སེམས་འཁུར་ཆེ་བའི་རྟགས་མཚན་ཞིག་ཡིན་པར་འདོད།
བྱ་བ་གཙོ་བོར་བཟུང་ནས་བྲིས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་འདིའི་རྗོད་བྱེད་ཀྱི་ཚིག་གི་སྡེབ་ལེགས་ལ་བཀོད་འབྲི་དང་དཔེ་འཇོག ཐད་ཀར་བརྗོད་པ་གང་ཡིན་ཀྱང་མི་སེམས་སྒུལ་བའི་ནུས་པ་ལྡན། དུམ་མཚམས་དབྱེ་སྟངས་དང་གོ་རིམ་སྒྲིག་སྟངས་སོགས་སྒྲིག་གཞིར་ཡང་ལེགས་ཆ་དུ་མ་ལྡན།
འོན་ཀྱང་བརྗོད་བྱར་བསམ་བློ་བཏང་ན། རྩོམ་བྱང་དང་ཅུང་ཟད་རིང་དུ་གྱེས་ཡོད་པའི་ཚོར་སྣང་སྟེར། གང་ལྟར་རྩོམ་ཡིག་གི་འགོ་མཇུག་བར་གསུམ་གང་དུ་བལྟས་ཀྱང་རྩོམ་པ་པོའི་ལོ་ཚོད་ལ་དཔག་པའི་བསམ་བློའི་ཕྱུག་ཚད་ལ་བསྔགས་བརྗོད་མི་ཞུ་ཐབས་མེད་རེད།
མཆོོོད་མཇལ་འགྲོོོ་བ།(ཨང་གསུམ་པ།)
བསོད་ནམས་བཀྲ་ཤིས། སུ་ཇ་བོད་ཁྱིམ།
ཞོགས་པའི་བསིལ་རླུང་དང་མཉམ་དུ་ང་ཚོ་སྟོད་ཉི་མ་ལྷ་སར་མཆོད་མཇལ་དུ་ལམ་ལ་ཆས། ཆོས་ལྡན་གྱི་ཞིང་ཁམས་དེ་རུ་སླེབས་དུས་སྙན་ལྷང་ལྷང་གི་ཆོས་སྒྲ་དེ་ཕྱོགས་བཞི་ཀུན་ཏུ་ཁྱབ། ཡུལ་དེ་ལ་གནས་པའི་སྤུན་ཟླ་ཚོས་བྱམས་སེམས་ཀྱིས་ངང་ནས་རྒན་པ་ལ་བརྩི་བཀུར་དང་ཆུང་བ་ལ་བྱམས་སྐྱོང་གནང་བཞིན་འདུག དེ་བཞིན་དམར་པོ་རི་ཡི་སྟེང་གི་ཕོ་བྲང་པོ་ཏ་ལ་ནི་སྔོན་མ་བཞིན་དཀར་སངས་སངས་དུ་བརྗིད་ཆགས་ཀྱི་རི་རྩེ་དེ་ན་གནས། ང་ཚོས་རང་བདག་གི་ལག་པ་ཐལ་མོ་སྦྱར་ཏེ་པོ་ཏ་ལའི་མདུན་ཐང་ནས་ཡར་ལ་ཕྱག་གསུམ་འཚལ། དེ་ནས་ང་ཚོ་ཕྱིར་ལོག་པའི་སྐབས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་སླེབས་དུས། དེ་ན་གནས་པའི་སྐྱེས་ཕོ་མོ་ཐམས་ཅད་ཀྱིས་ལག་པ་ཐལ་མོ་སྦྱར་ནས་ཕྱག་འཚལ་བཞིན་འདུག ཆོས་ཀྱི་ཞིང་ཁམས་བོད་ཁ་བ་ཅན་ཀྱི་ཡུལ་ལྗོངས་ང་ཚོའི་ཕ་ཡུལ་དུས་རྒྱུན་དུ་ཞི་བདེའི་ལམ་ལ་བསྐྱོད་ཅིང། སྤུན་གྲོགས་ཚོ་མཆོད་མཇལ་དུ་འགྲོ་བ་ནི་བོད་ཁ་བ་ཅན་གྱི་ལུགས་སྲོལ་ཡིན།
སང་ཉིན་ང་ཚོ་རང་ཡུལ་དུ་མཆོད་མཇལ་དུ་འགྲོ། ཡུལ་དེ་ན་སངས་རྒྱས་ཀྱི་གསུང་དང་སློབ་དཔོན་གྱི་བསླབ་བྱ་ཡོད། ང་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་མོ་ལ་མཇལ་དུ་འགྲོ། སྟོད་རྒྱ་གར་ཡུལ་དུ་བཞུགས་པའི་སྤུན་གྲོགས་ཚོ་དུས་རྒྱུན་དུ་སློབ་ལ་ཧུར་བརྩོན་བྱེད། དྲིན་རྒྱལ་བའི་གསུང་ལ་ལྷག་པར་ཉན།
ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རང་བདག་གི་སྐད་དང་ཡི་གེ། དེ་བཞིན་ཆོས་དང་ལུགས་སྲོལ་སོགས་མི་ཉམས་གོང་འཕེལ་དུ་གཏོང་དགོས་པ་ང་ཚོའི་ལས་འགན་ཞིག་རེད། དེར་བརྟེན་ཐོག་མར་རང་ཉིད་ནས་འགོ་བརྩམས་ཏེ་རང་བདག་གི་རིག་གཞུང་འདི་ལ་དོ་སྣང་བྱེད་དགོས།
ང་ཚོའི་མི་རིགས་ལ་མཚོན་ན་ཆོས་འདི་ཧ་ཅང་གི་རྩ་ཆེན་དང་རིན་ཐང་ཆེན་པོ་ཞིག་ཡིན་དུས། ང་ཚོས་འདི་ལ་བརྩི་བཀུར་དང་གོང་འཕེལ་གཏོང་དགོས། གལ་སྲིད་ང་ཚོ་མཆོད་མཇལ་དུ་འགྲོ་བ་ཡིན་ན་རང་ཉིད་ཀྱི་སྒོ་གསུམ་གཅིག་ཏུ་བསྒྲིམས་ནས་ཡར་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་དགོས། མཆོད་མཇལ་དུ་འགྲོ་ཡ་གྲོགས་པོ་ཚོ།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་བརྗོད་དོན་གྱི་ཆ་ནས་བལྟས་ན། ཚན་པ་དང་པོའི་ནང་ལྷ་སར་མཆོད་མཇལ་དུ་སོང་བའི་མཐོང་ཐོས་མྱོང་གསུམ་གཞིར་བཞག་གིས་བྲིས་པ་ཞིག་ཡིན་ལ། ཚན་པ་གཉིས་པ་ནི་བོད་རང་གི་སྐད་དང་ཡི་གེ་མི་ཉམས་རྒྱུད་འཛིན་དང་གོང་འཕེལ་གཏོང་དགོས་པའི་སྐོར་ཏེ་བར་བཅུག་གི་ཚུལ་དུ་བྲིས་ཤིང་མཇུག་ཏུ་ཁ་གསབ་ཀྱི་བརྗོད་པ་ཐུང་ངུ་ཞིག་གིས་འཐུས་པར་བྱས་ཡོད། གང་ལྟར་རྩོམ་ཡིག་འདི་ནི་བྱ་བ་གཙོ་བོར་བརྗོད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲས་སུ་བཞག་ཆོག རྩོམ་གྱི་འགོ་ནི་དུས་ཚོད་ཀྱིས་བཟུང་ཞིང་མཇུག་ནི་རེ་སྐུལ་ཞིག་གིས་བསྡུས་པ་སོགས་སྒྲིག་གཞི་ཅུང་ཟད་བཟང་མོད། བར་བཅུག་གི་བརྗོད་པ་ནི་བརྗོད་དོན་གཙོ་བོར་འབྲེལ་བ་ཅུང་རིང་བར་སེམས།
སྤྱིའི་ཆ་ནས་བརྗོད་བྱའི་ནང་དོན་དང་བསམ་བློའི་ཐད་ལ་བསྟོད་འོས་ཤིང། རྗོད་བྱེད་ཚིག་གི་སྡེབ་སྦྱོར་ཡང་ལེགས་པོ་འདུག འོན་ཀྱང་བརྗོད་དོན་གཙོ་བོ་མཚོན་ཐབས་ཐད་ཐུགས་སྣང་མང་ཙམ་གནང་སྟེ་བརྗོད་དོན་གཙོ་བོ་ཕྱོགས་མང་ཟུར་མང་དང་རྒྱ་ཆེ་གཏིང་ཟབ་ཀྱིས་མཚོན་པར་འབད་བརྩོན་གནང་བར་ཞུ།