ཞ་ཡི་སྡེ་ཚན།
གསལ་བྱེད་ཞ་དང་ཞ་ཉེ་ཉོས། །ཞ་ལུ་དགོན་དང་ཞྭ་མོ་བཟོས། །ཞེ་ས་ཞེ་སྡང་ཞེ་འགྲས་པ། །ཞི་བ་ཞི་བདེ་ཞི་གནས་སྒོམ། །ཞག་གཅིག་སྡོད་དང་ཞག་རྩི་བྱུག །ཞབས་འདེགས་ཞུ་དང་ཞབས་ཀྱིས་བཅགས། །ཞབས་ཏོག་འབུལ་དང་ཞབས་ཆགས་བཞེས། །ཞབས་དྲུང་ཞབས་པད་ཞབས་ཕྱི་ཞུས། །ཞབས་ཀྱུ་ཞབས་བསིལ་ཞབས་རྗེས་དང༌། །སྣོད་ཀྱི་ཞབས་ར་ཞབས་བྲོ་འཁྲབ། །ཞབས་བཀྱག་དང་ནི་ཞབས་ལ་འདུད། །དེ་དག་འཇུག་ཡུལ་གསལ་པོར་ངེས། །ཞལ་དཀར་དཀར་ཡོལ་ཞེ་ས་དང༌། །ཞལ་མཇལ་བྱུང་དང་ཞལ་ཆེམས་བཞག །ཞལ་འདོན་གནང་སྟེ་ཞལ་ལག་བཞེས། །ཞལ་བཞེས་གནང་བར་ཐུགས་རྗེ་ཆེ། །ལུས་སྟོབས་ཞན་དང་སྒྲ་གདངས་ཞན། །བདག་ལ་གཞན་གྱིས་གཞེན་བསྐུལ་གནང༌། །ཆགས་ཞེན་སྤང་སྟེ་ཤ་ཞེན་དགོས། །ཐུགས་བཞེད་མི་མཐུན་དགོངས་བཞེས་མེད། །གད་མོའི་ཞེ་ས་བཞད་མོ་ཡིན། །ཞེད་སྣང་མེད་པར་གླུ་གཞས་བླངས། །ཞོད་འཇགས་དང་ནི་ཆར་ཞོད་ཆེ། །དེ་དག་མ་འཁྲུལ་ཞིབ་ཏུ་སྦྱོངས། །བདེ་ཆེན་ཞིང་དང་ཞིང་ལས་བྱས། །ཞི་ཞིང་དུལ་དང་ཞིང་འབྲོག་ཞིང༌། །ས་ཞིང་ལ་ནི་ཞིང་ཆུ་བཏང༌། །ཞིང་གི་རྣམ་གྲངས་མདོར་བསྡུས་བསྟན། །དངོས་པོ་བཞག་དང་རྣམ་གཞག་གསལ། །ཆོས་ཞུགས་བྱེད་དང་ཁྲི་ལ་བཞུགས། །ཞུ་དག་བྱས་ནས་གནས་ཚུལ་ཞུས། །གཞོན་པས་རྟ་ལ་བཞོན་ནས་སོང༌། །བོད་གཞུང་དང་ནི་གཞུང་ཞབས་པ། །གཞུང་དོན་གང་དེར་འབད་པ་བྱ། །གཞུང་ལུགས་རྟོགས་ན་གནས་ལུགས་ཤེས། །ཡིད་གཞུངས་སེམས་རྒྱུད་དྲང་པོའི་དོན། །བཀའ་པོད་ལྔ་ཡི་གཞུང་ཆེན་ནི། །ཚད་མའི་གཞུང་དང་ཕར་ཕྱིན་གཞུང༌། །དབུ་མའི་གཞུང་དང་མཛོད་ཀྱི་གཞུང༌། །འདུལ་བའི་གཞུང་རྣམས་ཡིན་ལགས་སོ། །མཆོད་རྟེན་བཞེངས་དང་ལྷ་སྐུ་བཞེངས། །སྣམ་བུའི་ཞེང་དང་རྩིག་པའི་ཞེང༌། །རྒྱལ་གཞིས་དང་ནི་གཞིས་ཀ་རྩེ། །གནངས་གཞེས་དུས་དང་འཚོ་ཞིང་གཞེས། །ཀ་བའི་གཞུ་དང་མདའ་གཞུའི་གཞུ། །གཞུ་འདོམ་གཞུ་དང་གཡོག་པོར་གཞུ། །ཤིང་གཞོག་པ་དང་ཞོགས་པ་ལངས། །ཞོགས་ཇ་འཐུང་ནས་ལས་ལ་ཐོན། །གཞོགས་ཞེས་པ་ནི་ལུས་ཀྱི་ཟུར། །དམ་བཅའ་ཞོག་དང་ཅ་ལག་ཞོག །སྣོད་ཀྱི་གཞོང་པ་སྤང་གཞོངས་མཛེས། །སྤང་གཞོངས་སྤང་གཤོངས་གདམས་ང་ཡིན། །བྱད་ཀྱི་བཞིན་དང་དེ་བཞིན་གཤེགས། །སློབ་གཉེར་བྱེད་བཞིན་དཔེ་དེ་བཞིན། །སྔར་བཞིན་གསུངས་པ་སྒྲུབ་བཞིན་འདུག །ཚིག་གྲོགས་གཞིར་བཟུང་ཡིད་ལ་ཟུངས། །
ཟ་ཡི་སྡེ་ཚན།
ཟ་ཆས་ཉོ་དང་ཟ་ཤེད་ཆེ། །ཟ་ཁང་ཟ་འཐུང་ཟ་རུ་དང༌། །ལུས་ཀྱི་ཟ་འཕྲུག་ཟ་བཞིན་པ། །ཟ་རྐྱང་ཡིན་པས་ཤེས་པར་བྱ། །ཟག་པ་ཟག་བཅས་ཟག་མེད་དང༌། །གཡང་དུ་ཟགས་དང་ཟངས་དཀར་ཡུལ། །ཟངས་ཆས་ཟངས་སྐུད་ཟངས་གཏེར་རི། །ཟངས་ཕོར་དང་ནི་ཟངས་སྐུད་འཐེན། །ཟས་གོས་ཟས་རིགས་ཁ་ཟས་དང༌། །རྫོགས་པའི་ཟད་དང་མ་ཟད་པ། །ཟན་ཆང་དང་ནི་སྣུམ་ཟན་བཟས། །དེ་རྣམས་དབྱེ་བ་མ་ནོར་ངེས། །གཏིང་རིང་ཟབ་དང་ཡིད་ལ་གཟབ། །གཟབ་སྤྲོས་གྱོན་དང་མིག་ལ་མཛེས། །ཟམ་པ་རྒྱག་དུས་ཟམ་རྒྱུག་དགོས། །ཟིན་ཐོ་བཀོད་དང་ཟིན་བྲིས་བརྒྱབ། །གཟུར་གནས་ལྡན་དང་གཟུ་བོར་གནས། །ལས་ལ་བཟུར་བ་གཡོ་བའི་དོན། །བཀའ་ཟུར་དང་ནི་སློབ་ཟུར་བ། །ཟུར་གསུམ་སོགས་ཀྱི་འཇུག་ཚུལ་གཅེས། །རིན་ཆེན་གཟི་ནི་ནོར་བུའི་རིགས། །གཟི་མདངས་རྒྱས་པ་གཟི་བརྗིད་ཆེ། །ཆང་གིས་བཟི་དུས་གཟབ་གཟབ་བྱ། །ན་བཟའ་བཟའ་ཚང་བཟའ་མི་འཛོམས། །གྲུ་གཟིངས་དང་ནི་གཟེངས་བསྟོད་གནང༌། །ལྷུང་བཟེད་དང་ནི་བཟོད་པ་སྒོམ། །བཟོ་པ་བཟོ་གྲྭའི་ནང་ལ་ཡོད། །དེ་དག་འཇུག་ཚུལ་མ་ནོར་གཅེས། །
འ་ཡི་སྡེ་ཚན།
ཡིད་འོང་མ་དང་མ་འོངས་པ། །འོ་མ་བཞོས་ནས་འོ་མ་བསྐོལ། །ཉི་འོད་ཆེ་བས་འོད་ཟེར་འཕྲོས། །ཤྭ་འོད་ཅེས་པ་ཆུ་ལོག་མིང༌། །འོད་སྲུང་དང་ནི་འོད་དཔག་མེད། །འོད་ལྡན་དང་ནི་འོད་སྟོང་འབར། །འོད་མདངས་ཆེ་དང་འོད་ཆེམ་ཆེམ། །འོད་གསལ་ལ་སོགས་མ་ནོར་གཅེས། །ཅ་ལག་འུབས་དང་འུར་རྡོ་འཕང༌། །འུད་ཆེ་བ་དང་འོལ་ཚོད་ཆེ། །འོན་ཀྱང་འོན་ཏང་དོན་གཅིག་ཡིན། །རས་ཀྱི་འོག་འཇུག་ལུས་ལ་འཇམ། །ལས་འགན་འོས་དང་འོས་བསྡུ་བྱས། །འོས་མི་འདེམས་པར་འོས་ཤོག་དགོས། །འོས་བབ་ལྡན་དང་འོས་འགན་དང༌། །འོག་མ་དང་ནི་རྣ་བ་འོན། །འོག་ཁང་དང་ནི་འོག་ཏུ་མནན། །འུ་ཐུག་པ་དང་འུག་པ་བསད། །འང་གུ་དང་ནི་འང་ཚང་བཙན། །འུ་ལག་ཅེས་པ་གཡོག་གི་དོན། །འོ་ཅག་འུ་ཅག་བདག་ཅག་རྣམས། །དོན་གཅིག་མིང་གི་རྣམ་གྲངས་ཡིན། །འུར་རྡོ་རྒྱང་ནས་འཕངས་པ་ཡིས། །འུད་ཤོབ་ཚ་བའི་དགྲ་བོ་བྲོས། །
ཡ་ཡི་སྡེ་ཚན།
ཡ་མེད་ཡ་གཅིག་ཡ་ཡུད་ཆེ། །ཡ་རབས་ཡ་མཚན་ཡ་མ་ན། །ཡ་རྐན་དང་ནི་ཡ་མཆུ་རིང༌། །ཡ་རྐྱང་ཡིན་པ་ཤེས་པར་བྱ། །ཡང་བསྐྱར་བཤད་དང་ཡང་འཇུག་དགོས། །ཡང་ནས་ཡང་དུ་ཡང་དག་པ། །དོ་པོ་ཡང་བ་ཡང་ཡང་འཁུར། །མིང་གཞི་ཡ་ལ་རྗེས་འཇུག་ང༌། །ཡངས་པ་ཅན་དང་རྒྱ་ཆེ་ཡངས། །ཡན་ཆད་དང་ནི་ཡན་ལག་ལྡན། །ནད་ཡམས་ཕོག་ནས་མགོ་ཡོམ་བྱུང༌། །ཡར་ཀླུང་གཙང་པོ་ཡར་རྒྱས་ཕྱིན། །ཡར་འབྲོག་གཡུ་མཚོ་ཡར་ལུང་དང༌། །དུ་བ་ཡལ་དང་ཡལ་ག་བཅད། །ཡི་དམ་དང་ནི་ཡི་གེ་འབྲི། །མཚོན་གྱི་ཡུ་བ་ཡི་དྭགས་མང༌། །ཡིག་སྐད་ཡིག་སྐུར་རྣམ་གཞག་དང༌། །ཡིག་ལན་ཡིག་ཆ་བཅའ་ཡིག་བཙན། །ཡིག་སྐོགས་དང་ནི་ཡིག་མཁན་མཁས། །ཡིག་ཆས་འཁྱེར་ནས་ཡིག་ཆུང་འབྲི། །ཡིག་རྙིང་དང་ནི་ཡིག་རྙོག་མང༌། །ཡིག་རྩིས་གཉིས་དང་ཡིག་རིགས་ཀུན། །ཡིག་ཚང་ཡིག་ཚད་ཡིག་གཟུགས་ལེགས། །ཡིག་གི་འཇུག་པ་ཧ་ཅང་མང༌། །ཡིད་དགའ་བ་དང་ཡིད་སྐྱོ་བྱུང༌། །ཡིད་ཆེས་ཡིད་ཆགས་ཡིད་འཕྲོག་པ། །ཡིད་འོང་མ་དང་ཡིད་དུ་འོང༌། །ཡིད་གཞུངས་དང་ནི་ཡིད་བཞིན་ནོར། །གང་ནས་ཡིན་ནམ་ཡུན་རིང་བསྡད། །ཡབ་ཡུམ་གཉིས་དང་ཡུམ་སྲས་འཛོམས། །ཡུལ་ལྗོངས་མཛེས་དང་ཕ་ཡུལ་སྐྱིད། །དེ་རྣམས་འཇུག་ཚུལ་མ་ནོར་གཅེས། །ཡེ་ནས་དག་པ་ཡེ་ཤེས་མཆོག །ཀྭ་ཡེ་གྲོགས་པོ་ལེགས་པར་གསོན། །ཡོན་ཏན་ཅན་དང་ཡོན་བདག་ཕེབས། །ལོ་རྟགས་ཡོས་དང་འབྲུ་བརྔོས་ཡོས། །གཡང་དཀར་ལུག་ཕྲུག་གཡང་སར་མཆོངས། །གཡང་ཁང་གཡང་སྒམ་གཡང་བུམ་ལེགས། །གཡང་གཟར་དང་ནི་གཡང་དུ་ལྷུང༌། །གཡང་ཊི་གཡང་རྟེན་གཡང་ཆགས་པ། །གཡའ་ཀྱི་མ་ནི་མཁྲིས་ཚད་སྨན། །རྩྭ་མེད་རི་ལ་གཡའ་རི་ཟེར། །ཟངས་ཀྱི་གཡའ་དང་ལྕགས་ཀྱི་གཡའ། །ལྕུག་མའི་གཡའ་སོགས་ལུས་ལ་གནོད། ། ཅ་ལག་གཡར་དུས་གཡར་འཛིན་འབྲི། །གཡས་སྐོར་དང་ནི་གཡོན་སྐོར་བརྒྱབ། །དུང་དཀར་གཡས་འཁྱིལ་ལ་སོགས་པ། །མིང་གཞི་ཡ་ལ་སྔོན་རྗེས་ཐོབ། །སེང་གེའི་གཡུ་རལ་གཡུ་ཆུང་ཉོ། །ཡར་འབྲོག་གཡུ་མཚོ་རིན་ཆེན་གཡུ། །གཅན་གཟན་གཡི་དང་གཡི་ལྤགས་ཉོ། །དམག་སའི་གཡུལ་དང་གཡུལ་ལས་བྲེལ། །གཡོ་སྒྱུ་ཆེ་དང་གཡོ་ཅན་མི། ། ལག་གཡུག་བྱེད་དང་གད་སྙིགས་གཡུགས། །གཡུང་དྲུང་དང་ནི་ཐུགས་གཡེང་མེད། །གཡོག་པོས་ཕྲུ་གུར་གོས་ཐུང་གཡོགས། །