[toc]

ཧ་ཡི་སྡེ་ཚན།

ཧ་ཡང་ཧ་ཅང་ཧ་ལས་པ། །ཧ་ལོའི་མེ་ཏོག་ཧ་ལོག་པ། །ཧ་ལམ་གད་མོ་ཧ་ཧ་ཤོར། །ཧ་རྐྱང་ཡིན་པ་ཤེས་པར་བྱ། །གོས་ལ་ཧམ་བུ་ཧམ་རྫུན་སྤོངས། །ཧམ་སེམས་དང་ནི་ཧམ་ཟས་དང༌། །ཧམ་གཏམ་བཤད་པར་དགོས་པ་མེད། །ཚོས་གཞི་ཧར་པོ་བཀྲག་མདངས་ཆེ། །ཧགས་ནི་བུ་རམ་དྭངས་མ་དང༌། །ཧྲིག་ཧྲིག་བལྟ་དང་ཧྲལ་ཧྲལ་མང༌། །ཕོ་ཧྲེང་དང་ནི་མོ་ཧྲེང་མ། །ལྷ་ས་ལྷ་ལྕམ་ལྷ་མོ་བ། །བཀྲས་ལྷུན་དགོན་དང་ལྷུན་གྱིས་གྲུབ། །སྐུད་པ་ལྷས་པ་ལྷད་མེད་གསེར། །ལྷགས་རླུང་དང་ནི་དངོས་རྫས་ལྷག །ལྷག་པ་ཚེ་རིང་ལྷག་ཆུང་སོགས། །འབྲུ་ལྷག་ཟས་ལྷག་ཇ་ལྷག་དང༌། །ལྷག་བསམ་ཆེ་དང་གཟའ་ལྷག་པ། །སྟེ་ཏེ་དེ་གསུམ་ལྷག་བཅས་ཕྲད། །ལྷག་པའི་བསླབ་གསུམ་ཁྱད་དུ་འཕགས། །ལྷོད་གཡེང་མེད་པ་ལྷོད་ལྷོད་བཞུགས། །ལྷོ་ཁའི་ཡུལ་དང་ལྷོ་ཕྱོགས་ཡུལ། །ལྷམ་བཟོ་ཁང་དུ་ལྷམ་གསར་མང༌། །རྫ་ཆུ་ལྷུང་ལྷུང་འབབ་པའི་སྒྲ། །ལྷན་རྒྱས་དང་ནི་ལྷན་ཚོགས་དང༌། །ལྷན་ཁང་ནང་དུ་ལྷན་འཛོམས་བྱུང༌། །ལྷན་དུ་ཕེབས་ནས་ལྷན་པ་བརྒྱབ། །ཚིག་གྲོགས་གཞིར་བཟུང་བེད་སྤྱོད་བྱ། །

ཨ་ཡི་སྡེ་ཚན།

གསལ་བྱེད་ཨ་དང་ཨ་མ་ལགས། །ཨ་ཕས་ཨ་རག་འཐུང་གི་འདུག །ཨ་ཁུ་ཨ་ནེ་ཨ་ཞང་ལགས། །ཨ་ལོ་དང་ནི་དར་ཨ་ཤེ། །ཨ་ཆུ་དང་ནི་ཨ་ཚ་ཟེར། །ཨ་རུ་ཞེས་པ་སྨན་རྫས་ཤིག །ཨ་མདོའི་ཡུལ་དང་ཨ་ཇོ་ཕེབས། །ཨ་རི་ཡུལ་དང་ཨ་ར་བཞར། །ཨང་ཀི་དང་ནི་ཨང་གྲངས་བསྒྲིག །ཨང་རྩིས་བརྒྱབ་ནས་ཨང་གྲངས་བཟོས། །ཨི་ཁུང་དང་ནི་ཨི་ལྡན་ཕྲད། །ཨུག་ཆོས་མེ་ཏོག་སྨན་གྱི་རྫས། །ཨ་ག་རུ་ནི་ཤིང་གི་མིང༌། །ཨ་ཧ་ཧ་ནི་གད་མོའི་སྒྲ། །ཨ་ཅེ་བུ་མོ་སྤུན་རྒན་པ། །ཨ་ལོང་མང་པོ་ཐག་པར་བརྒྱུས། །ཞེས་དག་ཡིག་བརྡ་དག་བློ་གསལ་ཉེར་མཁོ་མདོ་ཙམ་རེ་ཞིག་བརྗོད་ཟིན་ཏོ།། །།

མདུན་ཤོག