སྤྱི་ལོ་༡༩༥༤ ལོར་ཀིང་དང་ཀོ་རེ་ཌཱ་གཉིས་ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་མོན་ཌ་གྷོ་མེ་རེ་ལ་སྤོ་སྐབས་དེ་ནི་ཞི་འཇགས་ཀྱི་གྲོང་རྡལ་ཞིག་རེད། དེ་ཞི་འཇགས་ཀྱི་གྲོང་རྡལ་ཞིག་ཡིན་དོན་ནི་སུས་ཀྱང་རྗམ་ཁུ་རོ་ལམ་ལུགས་ལ་ཁ་གཏད་གཅོག་མ་ནུས་པས་རེད། མི་རིགས་ནག་པོ་འགའ་ཤས་ལམ་ལུགས་དེའི་ཁ་གཏད་དུ་ལངས་པར་ཞེད་སྣང་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁོང་ཚོས་ལམ་ལུགས་དེར་ངོ་རྒོལ་བྱས་ཚེ་རང་གི་ལས་གནས་ཤོར་འགྲོ་བཞིན་ཡོད་པ་རེད། ཡང་མི་རིགས་ནག་པོ་འགའ་ཤས་ཀྱིས་ལམ་ལུགས་དེར་ངོ་རྒོལ་བྱས་ནས་འགྱུར་བ་ཞིག་ཐེབས་རྒྱུ་ནི་མི་སྲིད་པ་ཞིག་རེད་བསམ་སྟེ་རེ་བ་ཟད་ནས་བསྡད་ཡོད། ཀིང་གིས་གྲོང་ཚོ་འདི་ཞི་བདེ་རེད། འོན་ཀྱང་ཞི་བདེ་འདི་དྲང་བདེན་མིན་པའི་ཞི་བདེ་ཞིག་རེད་ཅེས་གསུངས།
   སྙིང་སྟོབས་ལྡན་པའི་མི་ཁ་ཤས་ཀྱིས་རྗམ་ཁུ་རོ་ལམ་ལུགས་ལ་ངོ་རྒོལ་གྱི་སྐད་ཆ་བཤད་མྱོང་ཡོད་ལ། ཁོང་ཚོས་མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་མི་རིགས་ནག་པོ་ཉུང་ཤས་ཤིག་གི་སེམས་སུ་ལམ་ལུགས་དེར་འཁོན་འཛིན་གྱི་བག་ཆགས་ཅུང་ཙམ་ཞིག་བཞག་མྱོང་ཡོད། འོན་ཀྱང་ད་ལྟ་བར་དེ་ནི་ངོ་རྒོལ་གྱི་རྣམ་པ་མ་སྟོང་བའི་ཚུལ་ཙམ་ལས་མ་འདས།
   མོན་ཌ་གྷོ་མེ་རེའི་ས་ཁུལ་དུ་ཞི་བདེའི་གནས་བབ་ཇེ་ཞན་དུ་འགྲོ་བའི་ས་ཆ་གཅིག་ཡོད། དེ་ནི་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲུལ་འཁོར་སྒུག་ས་དེ་རེད། དེར་ཁ་ལོ་བ་མི་རིགས་ནག་པོ་གཅིག་ཀྱང་མེད། ཁ་ལོ་བ་མི་རིགས་དཀར་པོ་འགའ་ཤས་ངང་རྒྱུད་རིང་པོ་ཡོད་མོད། མང་ཆེ་བ་མི་རིགས་ནག་པོ་ལ་སྡང་སེམས་ཆེན་པོ་ཅན་ཤ་སྟག་ཡིན་པ་རེད། དུས་རྒྱུན་ཁོང་ཚོས་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་འགྲོ་མཁན་མི་རིགས་ནག་པོ་ཚོར་མི་སྙན་པའི་མཚང་ནས་འབོད་ཀྱི་ཡོད། མི་རིགས་ནག་པོ་ཚོས་སྤྱི་སྤྱོད་འགྲུལ་འཁོར་གྱི་མདུན་ཕྱོགས་ཀྱི་སྒོ་ཐད་ནས་སྤྱི་མཚུངས་ལྟར་འགྲུལ་གླ་སྤྲོད་ཀྱི་ཡོད་མོད། ཁོང་ཚོས་འགྲུལ་གླ་སྤྲད་ཚར་བ་དང་ཕྱིར་རྒྱབ་ཕྱོགས་ཀྱི་སྒོ་ལ་སོང་སྟེ་ནང་དུ་འཛུལ་བ་ལས་མདུན་སྒོ་ནས་འགྲོ་མི་ཆོག   མཚམས་མཚམས་སུ་མི་རིགས་ནག་པོ་ཚོས་གླ་ཆ་སྤྲད་དེ་རྒྱབ་ཕྱོགས་ཀྱི་སྒོའི་ནང་དུ་འཛུལ་བར་འགྲོ་སྐབས་ཁོང་ཚོ་ནང་དུ་མ་འཛུལ་གོང་འགྲུལ་འཁོར་བསྐོར་འགྲོ།
   ད་དུང་དེའི་ཁར། གལ་ཏེ་མི་རིགས་ནག་པོ་ཚོ་འདུག་སའི་སྤྱི་སྤྱོད་འགྲུལ་འཁོར་རྒྱབ་ཀྱི་འདུག་ས་ཁེངས་ཏེ་འདུག་ས་མེད་པར་གྱུར་ཚེ། མདུན་གྱི་མི་རིགས་དཀར་པོ་ཚོའི་འདུག་ས་རུ་རྐུབ་སྟེགས་སྟོང་བ་ཡོད་ནའང་དེར་མི་རིགས་ནག་པོ་ཚོ་འདུག་མི་ཆོག ཁོང་ཚོ་རྒྱབ་ཏུ་ཡར་ལངས་ནས་འདུག་དགོས་ཀྱི་ཡོད་ལ།    འགྲུལ་འཁོར་ནང་དུ་འདུག་མཁན་མི་རིགས་ནག་པོ་ཚོར་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་ཀྱི་ཡོད། གལ་ཏེ་མདུན་གྱི་མི་རིགས་དཀར་པོ་ཚོ་འདུག་ས་ཁེངས་ཏེ་མི་རིགས་དཀར་པོ་འགའ་ལ་འདུག་ས་མི་རག་པའི་དཀའ་ངལ་འཕྲད་པ་ན། འགྲུལ་འཁོར་ཁ་ལོ་བས་རྒྱབ་ཕྱོགས་ཀྱི་མི་རིགས་ནག་པོ་ཚོ་ཡར་བསླངས་ཏེ་མི་རིགས་དཀར་པོ་ཚོར་འདུག་ས་སྤྲོད་ཅེས་བཀའ་གཏོང་བ་དང། ཁོང་ཚོ་རྒྱབ་ལ་སྤོས་ཏེ་ཡར་ལངས་ནས་འདུག་དགོས། གལ་ཏེ་ཁོང་ཚོའི་ནང་ནས་སུ་ཞིག་གིས་ཁ་ལོ་བའི་བཀའ་མ་བརྩིས་ཚེ་དེ་འཛིན་བཟུང་གིས་ཁྲིམས་ལ་སྦྱོར་གྱི་ཡོད་པས། བཀའ་མི་རྩི་མཁན་ཧ་ཅང་ཉུང་ཉུང་ཡིན།
   སྤྱི་ལོ་༡༩༥༥ ལོའི་ཟླ༣ པའི་ནང་གཞི་རིམ་སློབ་གྲྭ་འགྲིམ་པའི་མི་རིགས་ནག་པོའི་བུ་མོ་ཞིག་གིས་མི་རིགས་དཀར་པོ་ཞིག་ལ་མོ་རང་བསྡད་ཡོད་པའི་རྐུབ་སྟེགས་མ་སྤྲད་པས། ཁོ་མོ་འགྲུལ་འཁོར་ལས་མར་འཐེན་ཏེ་སར་འབབ་ཏུ་བཅུག་པ་དང་། ལག་ལྕགས་བརྒྱབ་ནས་བཙོན་ཁང་དུ་ཁྲིད། དོན་རྐྱེན་འདིས་མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་མི་རིགས་ནག་པོ་ཚོར་སྐུལ་སློང་ཐེབས་ཏེ། སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་བྱ་རྒྱུའི་གླེང་སློང་བྱས། ངོ་རྒོལ་ལས་འགུལ་སྤེལ་བར་མི་རིགས་ནག་པོའི་འགོ་ཁྲིད་ཁག་ཅིག་ལས་གྲུབ་པའི་ལྷན་ཚོགས་ཤིག་བཙུགས་པ་དང་། ཀིང་ནི་དེའི་ནང་གི་འགོ་ཁྲིད་ཅིག་ཡིན་པ་རེད།
ཁོང་ཚོ་གནས་ཚུལ་བཤད་དེ་ཆེད་སྤྱི་སྤྱོད་འགྲུལ་འཁོར་སྡེ་ཚན་གྱི་དོ་དམ་པ་དང་སྤྱི་བདེ་མི་སྣའི་འགོ་ཁྲིད་སར་སོང་། འགོ་ཁྲིད་དེ་གཉིས་ཀ་གཤིས་རྒྱུད་འཇམ་པའི་མི་ཡ་རབས་རེ་ཡིན་པས། ཁོང་གཉིས་ཀྱིས་སློབ་ཕྲུག་བུ་མོ་དེར་བརྙས་བཅོས་བཏང་བར་བློ་ཕམ་ཡོད་ཚུལ་དང་། འགྲུལ་འཁོར་ཁ་ལོ་བ་ལ་དེའི་སྐོར་གྱི་སྐད་ཆ་བཤད་ཆོག རྗེས་སུ་འགྲུལ་འཁོར་ནང་འགྲོ་མཁན་མི་རིགས་ནག་པོ་ཚོ་ལ་ལྟ་སྟངས་ཡག་ཏུ་ཡོང་ཐབས་ལ་འབད་པ་བྱ་ངེས་ཞེས་བཤད།
   འོན་ཀྱང་དེའི་རྗེས་སུ་འགྱུར་བ་གང་ཡང་མ་སོང་། གནས་སྟངས་ཚང་མ་སྔར་བཞིན་ཡིན་པ་དང་། སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་མཁན་མི་རིགས་ནག་པོ་ཚོ་ལ་སྔར་བཞིན་མཐོང་ཆུང་བྱེད་ཀྱི་ཡོད། སྐབས་དེར་གནས་ཚུལ་གལ་ཆེན་ཞིག་བྱུང་བ་ནི། མོན་ཌ་གྷོ་མེ་རེ་ཡི་མི་རིགས་ནག་པོའི་མི་དམངས་ཚོ་འཇིགས་སྣང་གི་འཆིང་རྒྱ་ལས་བྲལ་འདོད་ཀྱི་བློ་ཐག་བཅད་ཅིང་། ཁོང་ཚོར་སྙིང་སྟོབས་དང་སྤོབས་པའི་བླ་སྲོག་གསར་པ་ཞིག་རྒྱས་འདུག་པ་དེ་རེད།
   བུད་མེད་རཱོ་སཱ་པག་ས་འཛིན་བཟུང་བྱེད་པའི་སྐབས་ཁོང་ཚོའི་སྙིང་སྟོབས་དང་སྤོབས་པའི་བླ་སྲོག་གསར་པ་དེ་མངོན་པར་བྱས། པག་ས་ནི་སྐད་གྲགས་ཆེ་ཞིང་མོ་ཌ་གྷོ་མེ་རེ་ཡི་མི་རིགས་ནག་པོའི་མི་ཚང་མས་དགའ་བོ་བྱེད་སའི་བུད་མེད་ཅིག་ཡིན། ཁོ་མོ་སྔོན་ཆད་རྒྱལ་ཡོངས་རིགས་རྒྱུད་དཀར་པོ་ཡར་ཐོན་ལྷན་ཚོགས་ཀྱི་དྲུང་ཆེ་བྱེད་མྱོང་ཡོད་ལ། སྤྱི་ལོ༡༩༥༥ ལོའི་ཟླ༡༢ པའི་ཚེས༡ ཉིན་ཏེ་རེས་གཟའ་ཕུར་བུའི་ཕྱི་དྲོ་ཙམ་ལ་ཁོ་མོ་འཛིན་བཟུང་བྱས་པ་དང་། དེ་མ་ཐག་མི་ཚང་མས་ཁ་པར་གྱི་བརྒྱུད་ལམ་ནས་ཕན་ཚུན་འབྲེལ་བ་བྱས་ཏེ་གཅིག་གིས་གཅིག་ལ་”ཁྱེད་ཀྱིས་གནས་ཚུལ་གསར་པ་ཞིག་གོ་བྱུང་ངམ། རཱོ་སཱ་པག་ས་ཡིས་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་རང་ཉིད་འདུག་སའི་རྐུབ་སྟེགས་མི་རིགས་དཀར་པོ་ལ་མ་སྤྲད་པས་འཛིན་བཟུང་བྱས་འདུག”ཅེས་བཤད་རེས་བྱས།
   དགོང་མོ་དེར་མི་རིགས་ནག་པོའི་བུད་མེད་འགོ་ཁྲིད་ཁག་ཅིག་གིས་སྤྱི་སྤྱོད་འགྲུལ་འཁོར་ནང་མི་འགྲོ་རྒྱུའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་ཐག་བཅད།    ཁོོང་ཚོས་མེ་འཁོར་འབབ་ཚུགས་སུ་འགྲུལ་བ་ཚོའི་ཅ་ལག་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་སྐུ་ཞབས་ཨེ་ཌ་ནིག་སན་(E.D.Nixon)ལ་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་རོགས་ཞེས་འབོད་སྐུལ་ཞུས། ནིག་སན་མཆོག་ནི་ཡུན་རིང་རིགས་རྒྱུད་དཀར་པོ་ཡར་ཐོན་ལྷན་ཚོགས་ནང་འབད་པ་ཆེན་པོའི་ལས་ཀ་བྱེད་མཁན་ཞིག་ཡིན་ལ། ཁོང་ནི་མོན་ཌ་གྷོ་མེ་རེ་ས་ཁུལ་དུ་འཇིགས་ཞུམ་མེད་པར་རྗམ་ཁུ་རོ་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་ཉུང་ཤས་ཤིག་ཡོད་པའི་ནང་གི་གཅིག་རེད། ཁོང་གིས་བུད་མེད་དེ་ཚོས་རེ་འདུན་ཞུས་པ་ལྟར་ངོ་རྒོལ་ལས་འགུལ་དེའི་སྣེ་ཁྲིད་རྒྱུར་མོས་མཐུན་བྱས།
   ཕྱི་ཉིན་ཞོགས་པ་དེར་ནིག་སན་གྱིས་ཀིང་དང་མི་རིགས་ནག་པོའི་འགོ་ཁྲིད་གཞན་པ་རཱལ་ཧྥ་ཨ་བྷེར་ནཱ་ཐེ(Ralf Abernathy)སོགས་སྐད་བཏང་སྟེ་གནས་ཚུལ་རྣམས་བཤད་པ་དང། ད་དུང་མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་མི་རིགས་ནག་པོའི་འགོ་ཁྲིད་ཚང་མ་སྐད་བཏང་སྟེ། དགོང་མོ་དེར་ངོ་རྒོལ་ལས་འགུལ་འདིའི་སྐོར་ལ་ཚོགས་འདུ་བསྐོང་ནས་གྲོས་བསྡུར་ཞིག་བྱ་རྒྱུའི་འདོད་ཚུལ་བཏོན། ཀིང་གིས་ཚོགས་འདུ་དེ་ཁོ་རང་གི་ཆོས་ཁང་དུ་འཚོགས་ཆོག་པའི་མོས་མཐུན་བྱས་ཏེ། དགོང་མོ་དེར་རཱོ་སཱ་པག་ས་འཛིན་བཟུང་བྱས་པའི་དོན་རྐྱེན་ཐད་གྲོས་བསྡུར་དང་། ངོ་རྒོལ་ལས་འགུལ་གྱི་འདོད་ཚུལ་དེ་མི་རིགས་ནག་པོ་ཚང་མར་གསལ་བཤད་བྱ་རྒྱུ་བྱས།
དགོང་མོ་དེར་གནམ་གཤིས་ཀྱི་དྲོ་གྲང་སྙོམས་ཤིང་སྐྱིད། ཀིང་གི་ཆོས་ཁང་དུ་མི་རིགས་ནག་པོའི་འགོ་ཁྲིད་བཞི་བཅུ་ལྷག་ཅིག་ཚོགས་འདུ་ལ་ཞུགས། ཚོགས་འདུར་ཞུགས་མཁན་དེ་དག་གི་གྲས་སུ་སྨན་པ་དང་། ཁྲིམས་རྩོད་པ།    དགེ་རྒན་དང་ཚོང་པ། སྦྲག་ཁང་གི་གཞུང་ཞབས་པ་དང་། ལྷན་ཁང་ཁག་གི་འགོ་ཁྲིད་དང་། ཡེ་ཤུ་ཆོས་ཁང་ཁག་གི་འགོ་ཁྲིད་སོགས་ཡོད།
   ཡེ་ཤུ་ལྷ་ཁང་གི་འགན་འཛིན་ཚོའི་ནང་ནས་གཅིག་ཚོགས་འདུ་གཙོ་སྐྱོང་བ་རུ་བསྐོས་ཤིང་། གཙོ་སྐྱོང་བ་དེས་ཉིན་གཅིག་རིང་སྤྱི་སྤྱོད་འགྲུལ་འཁོར་ནང་མི་འགྲོ་བར་ངོ་རྒོལ་མཚོན་པའི་ལས་འགུལ་སྤེལ་རྒྱུའི་བསམ་ཚུལ་བཏོན་པ་དང་། ངོ་རྒོལ་ལས་འགུལ་དེ་སྤྱི་ཟླ་༡༢ པའི་ཚེས་༥ ཉིན་ཏེ་རེས་གཟའ་ཟླ་བའི་ཉིན་དངོས་སུ་འགོ་འཛུགས་བྱ་རྒྱུ་བྱས།    མཚན་མོ་དེར་མི་ཚང་མ་འཛོམས་པའི་ཚོགས་འདུ་ཆེན་པོ་ཞིག་འཚོགས་རྩིས་ཡོད་པ་དང་། ཚོགས་ཆེན་དེའི་སྟེང་ནས་རྗེས་ཕྱོགས་ལས་འཆར་ཅི་ཞིག་སྤེལ་དགོས་མིན་ཐག་གཅོད་བྱ་རྩིས་ཡོད།
   ངོ་རྒོལ་ལས་འགུལ་གྱི་འཆར་གཞི་དེ་ལ་འགོ་ཁྲིད་ཚང་མས་མོས་མཐུན་བྱས་ཤིང། ཁོང་ཚོས་ངོ་རྒོལ་ལས་འགུལ་སྐོར་གྱི་ཡིག་ཆ་མང་པོ་དཔར་སྐྲུན་བྱ་འཆར་ཡང་ཡོད། ད་དུང་ཁོང་ཚོས་མི་རིགས་ནག་པོའི་གླ་འཁོར་སྡེ་ཚན་ཁག་ལ་རོགས་རམ་བྱ་རོགས་ཞེས་འབོད་སྐུལ་ཞུ་རྒྱུའི་འཆར་གཞི་ཡང་བསྒྲིགས། ཁོང་ཚོས་མི་རིགས་ནག་པོའི་གླ་འཁོར་ཁ་ལོ་བ་ཚོས་རེས་གཟའ་ཟླ་བའི་ཉིན་མི་རིགས་ནག་པོ་ཚོ་ལས་གནས་སོ་སོར་འགྲུལ་གླ་དངུལ་སེན་ཁྲེ་བཅུ་བླངས་ཏེ་བསྐྱལ་རྒྱུའི་འདོད་ཚུལ་བཏོན། གླ་ཆ་དེ་སྤྱི་སྤྱོད་འགྲུལ་འཁོར་གྱི་འགྲུལ་གླ་དང་གཅིག་མཚུངས་ཡིན་པ་རེད།
   ཚོགས་འདུ་དེ་གྲོལ་སྐབས་ཀིང་གི་ཡིད་སེམས་སྤྲོ་བས་ཁེངས་ནས་འདུག།དགོང་མོ་དེར་དུས་ཡུན་ཅུང་འགོར་ཡོད་ནའང་ཁོའི་སེམས་སུ་འགོར་སོང་བའི་སྣང་བ་ཅི་ཡང་མ་ཤར། རྩིག་ལྡེབས་སུ་བཀལ་བའི་དུས་ཚོད་འཁོར་ལོས་མཚན་གོང་ལ་སླེབས་ཡོད་པའི་གསལ་བརྡ་བཏང་ནའང་། ཀིང་གི་སེམས་སུ་ང་ཚོའི་ཡིད་དུ་ཡོད་པའི་དུས་ཚོད་འཁོར་ལོས་ད་ནི་ནམ་ལངས་པའི་ཚད་རེད་ཅེས་གསལ་བརྡ་སྟོན་གྱིན་འདུག་སྙམ།
   དགོང་མོ་དེར་ཀིང་གི་ཡིད་སེམས་སྤྲོ་བས་ཁེངས་ཏེ་ཡུན་རིང་པོ་ཞིག་ལ་གཉིད་ཀྱང་མ་ཁུག ཕྱི་ཉིན་ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་ཁོ་རང་གི་ཆོས་ཁང་དུ་ངོ་རྒོལ་ལས་འགུལ་སྐོར་གྱི་ཡིག་ཆ་དཔར་སྐྲུན་བྱས་ཡོད་པར་ལྟ་རུ་སོང་། ཡིག་ཆའི་ངོས་སུ་”མི་རིགས་ནག་པོ་གཞན་ཞིག་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག་འདུག ཁོ་མོ་དེ་ལྟར་འཛིན་བཟུང་གིས་བཙོན་འཇུག་བྱེད་དོན་ནི། མོས་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་རང་ཉིད་འདུག་སའི་རྐུབ་སྟེགས་དེ་མི་རིགས་དཀར་པོ་ལ་སྤྲོད་རྒྱུར་མོས་མཐུན་མ་བྱས་པས་ཡིན་པ་རེད། སྤྱི་ཟླ་༡༢ པའི་ཚེས་༥ སྟེ་རེས་གཟའ་ཟླ་བའི་ཉིན་སློབ་གྲྭ་དང་། གྲོང་རྡལ་ལས་གནས་སོགས་གང་ལ་འགྲོ་དགོས་ཀྱང་སྤྱི་སྤྱོད་འགྲུལ་འཁོར་ནང་མ་འགྲོ་རོགས། གལ་ཏེ་ཁྱེད་རང་ལས་གནས་ལ་བསྐྱོད་དགོས་ཚེ་གླ་འཁོར་ཆུང་བའི་རིགས་ཀྱི་ནང་དུ་འགྲོ་བའམ། ཕན་ཚུན་རོགས་རམ་བྱས་ནས་འགྲོ་བ་དང། ཡང་ན་རྐང་ཐང་དུ་འགྲོ་བ་སོགས་གང་རུང་བྱ་རོགས། རེས་གཟའ་ཟླ་བའི་དགོང་དྲོ་ཆུ་ཚོད་བདུན་པའི་སྟེང་ཧོལ་ཌ་གཞུང་ལམ་གྱི་ཁྲུས་ཆོག་བྱེད་སའི་ལྷ་ཁང་དུ་མི་དམངས་ཚོགས་ཆེན་ཞིག་འཚོག་རྒྱུ་ཡིན་པས་ཚང་མ་དེར་ཕེབས་རོགས།”ཞེས་འཁོད་ཡོད།
   ཞོགས་པ་དེར་བུད་མེད་དང་བྱིས་པ་མང་པོ་ཞིག་གིས་ཡིག་ཆ་འགྲེམས་སྤེལ་བྱེད་འགོ་བརྩམས། སྐབས་དེར་ངོ་རྒོལ་ལས་འགུལ་གྱི་གནས་ཚུལ་དེ་མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་གསར་འགྱུར་ཚགས་པར་ངོས་ཀྱི་མདུན་ཤོག་སྟེང་བཀོད། དེ་ནི་ངོ་རྒོལ་ལས་འགུལ་གྱི་རྐྱེན་གྲོགས་ལེགས་པོ་ཞིག་ཏུ་གྱུར་ཞིང་། གྲོང་རྡལ་ནང་གི་མི་རིགས་ནག་པོ་ཚང་མས་ངོ་རྒོལ་ལས་འགུལ་གྱི་ངོ་བོ་ཡོངས་སུ་རྟོགས་པར་གྱུར། དགོང་མོ་དེར་གནས་ཚུལ་ཇེ་ཡག་ཏུ་སོང་། མི་རིགས་ནག་པོའི་གླ་འཁོར་སྡེ་ཚན་ཁག་གིས་མི་རིགས་ནག་པོ་ཚོས་སེན་ཁྲེ་བཅུ་རེ་སྤྲད་ན་ལས་གནས་དང་ཁྱིམ་གྱི་བར་ཕན་ཚུན་སྐྱེལ་འདྲེན་བྱ་རྒྱུའི་ཁས་ལེན་བྱས།
   ཀིང་ལ་མཚོན་ན་ངོ་རྒོལ་ལས་འགུལ་དེའི་དམིགས་ཡུལ་ནི་རྗམ་ཁུ་རོ་ཡི་ལམ་སྲོལ་ངན་པ་དང་ལེན་མི་བྱེད་རྒྱུ་དེ་ཡིན་ཞིང་། དེས་ནི་ཁོང་ལ་ཐའོ་རའོ་ཡིས་འཚེ་མེད་ཞི་བའི་ལས་འགུལ་སྐོར་ལ་ཅི་ཞིག་བྲིས་ཡོད་དྲན་གསོ་བྱས་པ་དང་། ཁོང་གི་སེམས་སུ་འདི་ནི་ཐའོ་རའོ་ཡི་ཐུགས་དགོངས་དང་མཐུན་པར་འདོད།
   རེས་གཟའ་ཉི་མའི་དགོང་མོར་ཀིང་ལ་སེམས་ཁྲལ་ལངས་བྱུང་། ངོ་རྒོལ་ལས་འགུལ་དེ་ལམ་སློང་ཡོང་ངམ། མི་དམངས་ཚོར་ངོ་རྒོལ་ལས་འགུལ་དེ་སྤེལ་བའི་སྙིང་སྟོབས་ཡོད་དམ། ཁོང་གིས་གདེང་ཚོད་མ་རྙེད། ཁོང་དང་ཀོ་རེ་ཌཱ་གཉིས་ཀྱི་བསམ་པར་གལ་ཏེ་རེས་གཟའ་ཟླ་བའི་ཉིན་མི་རིགས་ནག་པོ་ལྔ་ཡི་ནང་ནས་གསུམ་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་མ་སོང་ཚེ་ངོ་རྒོལ་ལས་འགུལ་ལ་རྒྱལ་ཁ་འཐོབ་ངེས་རེད་སྙམ་གྱི་ཡོད།

མདུན་ཤོག