ཀིང་ཅི་བྱ་གཏོལ་མེད་དུ་གྱུར། ཁོང་གིས་མི་མང་ཚོར་དྲང་བདེན་མིན་པའི་ལས་ལ་འཐབ་འཛིང་བྱེད་སྐབས་བཙོན་དུ་འགྲོ་དགོས་ཀྱང་དགའ་བ་སྒོམ་དགོས་ཞེས་གཞེན་སྐུལ་བྱས་མྱོང་ཡོད་པས། ཁོང་བཙོན་ཁང་དུ་མ་སོང་ཚེ་མི་མང་ཚོས་ཅི་ཞིག་བཤད་ཡོང་མི་ཤེས་མོད། ཀིང་གི་ངོས་ནས་ལས་འགུལ་དེ་ཕམ་པར་འཇུག་འདོད་ཡེ་ནས་མེད། གལ་ཏེ་ཁོང་བཙོན་ཁང་དུ་སོང་ཚེེ་ཐེངས་འདིའི་ལས་འགུལ་ལ་ཕམ་ཁ་འབྱུང་སྲིད་པ་ཞིག་ཀྱང་རེད།
   ཀིང་གིས་ལས་ངན་པ་བསགས་འདུག་སྙམ་པའི་ཡིད་ཆད་དང་སྐྱོ་སྣང་སྐྱེས་ཤིང། དེ་མུར་ཁོང་གིས་མི་རིགས་ནག་པོ་ས་ཡ་ཉི་ཤུ་ཡིས་ཉིན་ཞིག་ཁོང་ཚོར་རྡོག་རྩ་གཅིག་སྒྲིལ་དང་རང་དབང་གི་ཕུགས་བསམ་ཞིག་ཡོད་པ་དེ་མངོན་འགྱུར་ཡོང་ངེས་རེད་སྙམ་པའི་རྨི་ལམ་བཏང་མྱོང་བའི་སྐོར་ལ་བསམ་བློ་འཁོར། གློ་བུར་དུ་ཀིང་ཅི་ཞིག་བྱ་དགོས་མ་ཤེས་པར་ལུས་པའི་ཐེ་ཚོམ་གྱི་འཆིང་རྒྱ་ལས་གྲོལ་བར་གྱུར། ཁོང་གིས་ངལ་རྩོལ་བའི་སྒྲིག་ཆས་སྔོན་པོ་དེ་གྱོན་ནས།    ལས་རོགས་ཚོར་ང་ངེས་པར་དུ་བཙོན་ཁང་ནང་འགྲོ་དགོས་ཞེས་བཤད།
   ཁོང་གིས་”མཇུག་འབྲས་ཅི་ཞིག་འབྱུང་རྒྱུ་ངས་ཤེས་ཀྱི་མེད་ལ། ཁྲིམས་མཐུན་གྱི་འགན་ལེན་ཡོད་པའི་ཐོག་ནས་བཙོན་གྲོལ་ཐོབ་པར་སྤྲོད་རྒྱུའི་མ་དངུལ་གང་ཞིག་ནས་རག་ངེས་ཀྱང་མི་ཤེས། འོན་ཀྱང་ངའི་ངོས་ནས་སོ་སོའི་ལས་དབང་གི་ལམ་བུ་གང་ཕྱོགས་སུ་འཐེན་ཡོད་ན་དེ་ལ་ཞུགས་དགོས་བྱུང་།”ཞེས་གསུངས།
   ཀིང་གིས་རཱལ་ཧྥ་ཨ་བྷེར་ནཱ་ཐེ་ལ་ཁོང་དང་མཉམ་ཞུགས་བྱེད་པའི་རེ་འདུན་བཏོན་པ་དང་། ཨ་བྷེར་ནཱ་ཐེ་ཡིས་མོས་མཐུན་བྱས། ཕྱི་ཉིན་དེར་ཁོང་གཉིས་ཀྱིས་གོམ་བགྲོད་པ་ལྔ་བཅུ་ལྷག་གི་སྣེ་ཁྲིད་དེ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་སོང་། མི་རིགས་ནག་པོ་ཚོ་གཞུང་ལམ་གྱི་འགྲམ་དུ་གྲལ་བསྟར་བསྒྲིགས་ནས་སྡོད་པ་དང་། ཁོང་ཚོའི་གདོང་ལ་འཛུམ་མདངས་རྒྱས་ཤིང་རང་དབང་གི་གླུ་དབྱངས་ལེན་གྱིན་གོམ་བགྲོད་མཁན་ཚོ་དང་མཉམ་ཞུགས་བྱས། སྐབས་དེར་བྷོལ་ཀའོ་ནེར་གྱིས་གོམ་བགྲོད་མཁན་ཚོ་འཛིན་བཟུང་གིས་བཙོན་དུ་འཇུག་དགོས་པའི་བཀའ་རྒྱ་བསྒྲགས། ཀིང་ཁེར་རྐྱང་དུ་བཙོན་ཁང་ཞིག་གི་ནང་དུ་བཅུག་སྟེ་མི་གཅིག་ཀྱང་ཐུག་འཕྲད་བྱེད་དུ་མ་བཅུག ཁོང་འཇུག་སའི་བཙོན་ཁང་དེའི་ནང་གུ་དོག་ཅིང་མུན་ནག་འཐིབས་ཡོད་དེ། བཙོན་ཁང་གི་ཀླད་ཁེབས་སྟེང་སྒེའུ་ཁུང་ཅིག་ཡོད་པ་དེ་ལས་ཞོགས་པའི་ཉི་འོད་ཅུང་ཙམ་འཕྲོ་བ་མ་གཏོགས་དཀར་འོད་ཀྱི་ཆ་ཅི་ཡང་མེད། ཀིང་སྐྱོ་སྡུག་དང་ཡིད་མུག་གི་ནང་དུ་ལྷུང་ཞིང་། ལས་འགུལ་གྱི་གནས་བབ་དེ་ཕྱོགས་ཡོངས་ནས་ཉེན་ཁ་ཆེན་པོ་ཞིག་འཕྲད་ཀྱི་འདུག་སྙམ། ཡོད་ཚད་མུན་ནག་གི་ཀློང་དུ་ཐིམ་གྱིན་པས། ཁོང་གིས་འོད་སྣང་ཞིག་མཐོང་མ་ཐུབ།
   ཀིང་གི་སྐུ་ལྕམ་ཀའོ་རེ་ཌཱ་ཁོང་དང་མཉམ་དུ་གྲོང་ཁྱེར་བྷིར་མིན་གྷཱམ་དུ་མ་སོང་བར། ཨཱ་ཌ་ལཱན་ཌཱ་ས་གནས་ཀྱི་རང་ཁྱིམ་དུ་ཁོང་གཉིས་ཀྱི་བུ་ཕྲུག་བཞི་པ་དེ་སྐྱེས་མ་ཐག་ཡིན། ད་སྐབས་ཁོ་མོས་རང་གི་ཁྱོ་ག་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཉིན་གཉིས་ཀྱི་རིང་ཁ་པར་བརྒྱུད་ཀིང་གི་ཕྱོགས་ནས་གོ་ཐོས་ཅི་ཡང་མེད་པར་གྱུར་བས། མོས་ཅི་ཞིག་ཡིན་ཡང་བྱ་དགོས་ངེས་རེད་སྙམ་པའི་སེམས་ཐག་བཅད་པ་དང། ཁོ་མོའི་ཡིད་དུ་སྤྱི་ལོ་༡༩༦༠ ལོའི་ཟླ་༡༠ པའི་ནང་ཨ་རིའི་སྲིད་འཛིན་རྗོན་ཨེ་ཧྥ་ཀེན་ནའེ་ཊེ(John F. Kennedy)ཡིས་ཁ་པར་བཏང་བའི་སྐོར་དྲན། ཐེངས་འདིར་ཁོ་མོས་ཝཱ་ཤིང་ཌཱ་གྲོང་ཁྱེར་དུ་སྲིད་འཛིན་ཀེན་ནའེ་ཌེ་མཆོག་ལ་ཁ་པར་བཏང། སྐབས་དེར་སྲིད་འཛིན་ཁོང་ཧྥ་ལའོ་རི་ཊཱ་(Florida)ས་གནས་སུ་ཕེབས་པས་བཞུགས་མེད་མོད། སྲིད་འཛིན་གྱི་སྤུན་མཆེད་རོ་བྷེར་ཌ་ཀེན་ནའེ་ཊེ(Robert Kennedy)ལ་གླེང་མོལ་བྱ་ཐུབ་པ་བྱུང།    ཁོ་མོས་”ངའི་བཟའ་ཟླ་བདེ་འཇགས་ཡིན་མིན་ཐད་སེམས་ཁྲལ་སྐྱེ་ཡི་འདུག་”ཅེས་བཤད་པ་དང་། ཁོང་གིས་”ནུས་པ་ཡོད་ཚད་བཏོན་ཏེ་རོགས་རམ་བྱ་ངེས་ཡིན།”ཞེས་བཤད།
རྗེས་སུ་ཁོ་མོའི་ཁྱིམ་གྱི་ཁ་པར་གྱི་ཅོང་སྒྲ་གྲགས་པ་དང་། ལོ་ན་གཉིས་ལ་སོན་པའི་བུ་ཆུང་ཊེག་ས་ཊེར་(Dexter)གྱིས་ཁ་པར་ལ་ཉན། ཀོ་རེ་ཌཱ་ཡིས་ཁ་པར་གྱི་ནང་དུ་ཨ་རིའི་སྲིད་འཛིན་གྱིས་ཧྥ་ལའོ་རི་ཊཱ་ནས་ཁ་པར་གཏོང་གི་ཡོད། བུ་ཆུང་གི་ལག་ནས་ཁ་པར་ལེན་རོགས་བྱོས་དང་། ཞེས་པའི་སྐད་ཐོས་པ་དང་། མོས་བུ་ཆུང་གི་ལག་ནས་ཁ་པར་བླངས་ཏེ་ཉན་པས། སྲིད་འཛིན་གྱིས་”སྐུ་ལྕམ་ཀིང་ལགས། བདེ་མོ་ཡིན་ནམ།”ཞེས་འཚམས་འདྲི་བྱས་ཤིང་། ཁོང་གིས་ཁོ་མོའི་བཟའ་ཟླའི་དཀའ་ངལ་སེལ་ཐབས་གང་ཡོང་བྱ་ངེས་ཞེས་བཀའ་མོལ་གནང་།
   སྲིད་འཛིན་དང་ཁོང་གི་སྤུན་མཆེད་གཉིས་ཀྱིས་གྲོང་ཁྱེར་བྷིར་མིན་གྷཱམ་དུ་ཁ་པར་བཏང་། རིང་པོ་མ་འགོར་བར་ཀིང་གི་གནས་བབ་ཇེ་ཡག་ཏུ་སོང་། ཁོང་གིས་བཟའ་ཟླ་ཀའོ་རེ་ཌཱ་ལ་ཁ་པར་གྱི་ལམ་ནས་ཁ་བརྡ་བྱ་ཆོག་པ་དང་། ཁོ་རང་གི་ཁྲིམས་རྩོད་པ་ཁོང་གི་ས་ལ་བཅར་ཆོག་པ་བྱུང་། ཁོང་གི་ཁྲིམས་རྩོད་པས་གཏམ་བཟང་ཁྱེར་ནས་ཁོང་གི་སར་སོང་། གྲོགས་པོ་ཚོས་ཁྲིམས་མཐུན་གྱི་འགན་ལེན་ཡོད་པའི་ཐོག་ནས་བཙོན་གྲོལ་ཐོབ་ཆེད་དངུལ་ཕོན་ཆེན་པོ་བསྡུ་ཐབས་བྱས་ཡོད་ལ། ཀིང་མགྱོགས་པོར་བཙོན་གྲོལ་ཐོབ་རྒྱུ་ཡིན་པ་རེད། རྗེས་སུ་ཀིང་གིས་”ང་ནམ་ཡང་དཔུང་མེད་ཁེར་རྐྱང་དུ་ལྷག་གི་མེད་པ་ཤེས་ཀྱི་ཡོད། དཀོན་མཆོག་གི་མགོན་སྐྱབས་དཔུང་གཉེན་མཛད་རྒྱུ་དེ་བཙོན་ཁང་གི་སྒོ་ཡིས་འགོག་ཐུབ་པ་ཞིག་མ་རེད། ང་བཙོན་ཁང་དུ་སྡོད་པའི་སྐབས་སུ་ངས་ཉི་མས་འོད་སྣང་སྤྲོ་མིན་མ་ཤེས་མོད། ངས་ཉིན་ཞིག་འོད་སྣང་བསྐྱར་དུ་མཐོང་ཐུབ་པ་ཤེས་ཀྱི་ཡོད།”ཅེས་གསུངས།
   ཀིང་བཙོན་དུ་བཞུགས་སྐབས་ཕྱག་འཕྲིན་ཞིག་བྲིས་མྱོང་ཡོད་པ་དང་། ཕྱག་འཕྲིན་དེར་དེང་སྐབས་ཚང་མས་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱི་ཡོད། གྲོང་ཁྱེར་བྷིར་མིན་གྷཱམ་གྱི་བཙོན་ཁང་དུ་བྲིས་པའི་ཕྱག་འཕྲིན་དེ་ནི་མི་རིགས་དཀར་པོའི་ཡེ་ཤུ་ཆོས་ཁང་གི་འགོ་ཁྲིད་སྐོར་ཞིག་ལ་ལན་འདེབས་ཀྱི་ཚུལ་དུ་བྲིས་པ་ཞིག་ཡིན། ཁོང་ཚོས་ཀིང་གི་བྱ་བྱེད་མང་པོ་ཞིག་སྐྱོན་དུ་མཐོང་གི་ཡོད།
དང་པོ། ཁོང་ཚོས་ཀིང་ནི་གྲོང་ཁྱེར་བྷིར་མིན་གྷཱམ་གྱི་ཕྱི་མི་ཞིག་རེད་ཅེས་བཤད་པར། ཀིང་གིས་ཁོང་ནི་གྲོང་ཁྱེར་བྷིར་མིན་གྷཱམ་ལ་དྲང་བདེན་རྩོད་ལེན་བྱེད་དུ་ཡོང་བ་ཡིན། འཐབ་རྩོད་བྱེད་པའི་ལས་འདི་འདྲའི་ནང་དུ་མི་སུ་ཡིན་ཡང་ཕྱི་མི་མ་རེད་ཅེས་བཤད།
   གཉིས་པ། ཁོང་ཚོས་ཀིང་གི་ངོ་རྒོལ་ལས་འགུལ་དེ་དུས་དང་མི་འཚམ་པ་དང། ཀིང་གི་ངོས་ནས་འགོ་གཙོ་གསར་པས་གནས་བབ་ཡར་རྒྱས་གཏོང་བའི་གོ་སྐབས་ལ་ཅིས་ཀྱང་སྒུག་དགོས་པ་ཞིག་རེད་ཅེས་བཤད་པར། ཀིང་གིས་མི་རིགས་ནག་པོ་ཚོར་མཚོན་ན། དུས་རྒྱུན་བསྒུག་ནས་རེ་འདོད་འགྲུབ་རྒྱུ་ཅི་ཡང་མི་འདུག མི་རིགས་ནག་པོ་ཚོས་ད་ལྟ་བར་རང་དབང་ལ་ལོངས་སུ་སྤྱོད་རྒྱུར་བསྒུག་ནས་དུས་ཡུན་རིང་པོ་འགོར་བ་རེད། ད་ནས་བཟུང་ཁོང་ཚོས་སྒུག་ཐབས་བྲལ་བ་ཞིག་ཏུ་གྱུར་བ་རེད་ཅེས་བཤད།
   གསུམ་པ། ཁོང་ཚོས་ཀིང་གིས་འདུས་སྡོད་དང་གོམ་བགྲོད་བྱེད་པའི་ལས་འགུལ་སྤེལ་བ་མི་འགྲིག་པ་དང་། ཁོས་གྲོང་ཁྱེར་གྱི་འགན་ཡོད་ལས་བྱེད་ཚོ་དང་མཉམ་དུ་གྲོས་མོལ་བྱ་དགོས་ངེས་རེད་ཅེས་པར། ཀིང་གིས་འདུས་སྡོད་དང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་དམིགས་ཡུལ་ནི་གྲོས་མོལ་ཡོང་ཐབས་ཀྱི་ཆེད་ཡིན་ལ། འདི་ནི་གྲོས་མོལ་གྱི་སྒོ་མོ་འབྱེད་ཐབས་ཀྱི་ལམ་བུ་ཉག་གཅིག་དེ་ཡིན་པ་རེད་ཅེས་བཤད།
བཞི་པ། ཁོང་ཚོས་ཀིང་གིས་ཁྲིམས་ལུགས་རྩིས་མེད་གཏོང་གི་འདུག་ཅེས་པར། ཀིང་གིས་ཁྲིམས་ལུགས་ལ་དབྱེ་བ་གཉིས་ཡོད་དེ། དྲང་བདེན་དང་དྲང་བདེན་མིན་པའི་ཁྲིམས་ལུགས་གཉིས་རེད། མི་སུ་འདྲ་ཞིག་ཡིན་ཡང་དྲང་བདེན་གྱི་ཁྲིམས་ལུགས་བརྩི་སྲུང་བྱ་བའི་ལས་འགན་ཡོད་པ་མ་ཟད། དྲང་བདེན་མིན་པའི་ཁྲིམས་ལུགས་བརྩི་སྲུང་མི་བྱེད་པའི་ལས་འགན་ཡང་ཡོད་པ་ཞིག་རེད། མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ཁྲིམས་སྲོལ་འདི་དྲང་བདེན་མིན་པའི་ཁྲིམས་ལུགས་ཀྱི་རིགས་རེད་ཅེས་བཤད།
    ལྔ་པ། ཁོང་ཚོས་ཀིང་གི་འཚེ་མེད་ཞི་བའི་ལམ་ལུགས་ཟེར་བ་དེ་ཚད་ལས་བརྒལ་བའི་དྲག་པོའི་ལས་ཤིག་རེད་ཅེས་པར། ཀིང་གིས་འཚེ་མེད་ཞི་བའི་ལམ་ལུགས་འདི་དྲག་ལས་ཤིག་མིན། མི་རིགས་ནག་པོ་ཁག་ཅིག་ལ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་སྲོལ་མེད་པར་བཟོ་ཐབས་ཐད་བསམ་ཚུལ་དང་དོ་སྣང་ཅི་ཡང་མེད། མི་རིགས་ནག་པོ་ཁག་ཅིག་གིས་དཀར་ནག་དབྱེ་འབྱེད་ཀྱི་ལམ་སྲོལ་འདིར་འཁོན་འཛིན་ཆེན་པོ་བྱེད་ཀྱི་ཡོད་ལ་ཁོང་ཚོས་མི་རིགས་དཀར་པོ་ཚོར་རྒོལ་ལན་དུ་འཚེ་བའི་ལས་ཀྱང་བྱ་སྲིད་པ་ཞིག་རེད། དེ་རིགས་ནི་མི་རིགས་ནག་པོའི་རྒྱལ་ཞེན་གྱི་རིང་ལུགས་ཤུགས་ཆེན་འཛིན་མཁན་ཚོ་རེད། འཚེ་མེད་ཞི་བའི་ལས་འགུལ་འདི་ནི་ལྟ་ཚུལ་དེ་གཉིས་ཀྱི་གང་གི་ཕྱོགས་སུ་ཡང་མ་ལྷུང་བའི་ལམ་དབུ་མར་གནས་པ་ཞིག་ཡིན་ཞེས་པ་དང། ཀིང་གིས་མི་རིགས་དཀར་པོ་ཚོས་འཚེ་མེད་ཞི་བའི་ལས་འགུལ་འདི་ལ་ངེས་པར་དུ་རྒྱབ་སྐྱོར་བྱ་དགོས། དེ་ལྟར་མ་བྱས་ཚེ་མི་རིགས་ནག་པོ་ས་ཡ་མང་པོ་མི་རིགས་ནག་པོའི་རྒྱལ་ཞེན་རིང་ལུགས་པར་འགྱུར་ངེས་ཤིང། དེས་རིགས་རུས་དབྱེ་འབྱེད་ཀྱི་རྩོད་རྙོག་འཇིགས་སུ་རུང་བ་ཞིག་སློང་ཉེན་ཡོད་ཅེས་ཉེན་བརྡ་བཏང།
    ཉིན་བརྒྱད་ཀྱི་རྗེས་སུ་ཀིང་དང་ཨ་བྷེར་ནཱ་ཐེ་(Abernathy)གཉིས་བཙོན་ཁང་དང་ཁ་བྲལ། སྐབས་འདིར་ཀིང་གིས་སྙིང་སྟོབས་ཆེན་པོས་གོམ་སྟབས་གཞན་ཞིག་བསྒྱུར། ཁོང་གིས་གཞི་རིམ་གོང་མའི་སློབ་ཕྲུག་དང་མཐོ་སློབ་ཁག་གི་སློབ་ཕྲུག་ཚོ་ངོ་རྒོལ་ལས་འགུལ་ལ་ཞུགས་པར་བསྡུ་བསྐོང་བྱས། ཁོང་ལ་སློབ་ཕྲུག་ཚོའི་རྒྱབ་སྐྱོར་དགོས་ཀྱི་ཡོད་ལ། ཁོང་གི་བསམ་པར་ན་གཞོན་ཚོར་ཡང་རང་དབང་གི་འགན་ཁུར་དང་ཐོབ་སྐལ་ཡོད་པར་སྙམ།
    ན་ཆུང་བྱིས་པ་ཚོ་ངོ་རྒོལ་ལས་འགུལ་ནང་ཞུགས་པར་དགའ་སྤྲོ་སྐྱེ་བཞིན་ཡོད། ན་ཆུང་བྱིས་པ་བརྒྱ་ཕྲག་མང་པོ་ལས་འགུལ་ནང་ཞུགས་ཤིང་ཁོང་ཚོར་འཚེ་མེད་ཞི་བའི་ལམ་སྲོལ་གྱི་སྦྱོང་བརྡར་སྤྲད། སྤྱི་ཟླ་༥ པའི་ཚེས་༢ ཉིན་ན་ཆུང་བྱིས་པ་ཆིག་སྟོང་ལྷག་ཅིག་གིས་གོམ་བགྲོད་བྱས་ཏེ་བཙོན་ཁང་དུ་སོང་། ཀིང་གིས་སེམས་དཔའ་ཆེན་པོ་གྷན་ངྷི་ཡིས་”བཙོན་ཁང་གང་བར་གྱིས་ཤིག་”གསུངས་པའི་བསྟན་དོན་དེ་ཐོག་མར་འགྲུབ་པ་བྱུང། སློབ་གྲྭ་ཞིག་གི་ནང་དུ་སློབ་སྤྱིས་སློབ་ཕྲུག་ཚོ་འགོག་ཆེད་སློབ་གྲྭའི་སྒོ་ཆེན་ལ་སྒོ་ལྕགས་བརྒྱབ་མོད། སློབ་ཕྲུག་ཚོ་སྒོ་ཆེན་གྱི་སྟེང་ནས་འཛེགས་ཏེ་གོམ་བགྲོད་མཁན་ཚོ་དང་མཉམ་ཞུགས་བྱས། ཁོང་ཚོས་གོམ་བགྲོད་བྱེད་དུས་དང་བཙོན་ཁང་གི་ཕྱོགས་སུ་ཁྲིད་ནས་འགྲོ་དུས་རང་དབང་གི་གླུ་གཞས་ལེན་གྱིན་སོང། སྐབས་འདིར་ན་གཞོན་ཚོས་ཀྱང་རང་དབང་རྩོད་ལེན་བྱེད་ཀྱིན་ཡོད།
    གྲོང་ཁྱེར་གྱི་སྤྱི་བདེ་མི་སྣའི་འགོ་གཙོ་བྷོལ་ཀའོ་ནེར་གྱིས་ལས་འགུལ་སྤེལ་མཁན་ཚོར་དྲག་གནོན་བྱེད་རྒྱུའི་ཐག་གཅོད་བྱས་ཏེ། ཕྱི་ཉིན་དེར་སྤྱི་བདེ་མི་སྣ་ཚོས་གོམ་བགྲོད་བྱེད་མཁན་ཚོ་ལ་དབྱུག་རྡུང་དང་། ཁྱི་གློད་ནས་རྨུགས་འཇུག་པ། འགྱིག་སྦུག་ནས་ཤུགས་དྲག་པོའི་ཆུ་ཡིས་བརྒྱབ་སྟེ་ས་ལབསྒྱེལ་འཇུག་པ་སོགས་བྱས། འདི་ལྟར་དྲག་གནོན་བྱེད་པའི་པར་རིས་དག་རྒྱལ་ཁབ་ཀྱི་ས་ཁུལ་གང་སར་ཁྱབ་པའི་གསར་ཤོག་སྟེང་སྤེལ་བས། མི་མང་ཚོ་ཧ་ལས་ཤིང། མང་པོ་ཞིག་གིས་མི་རིགས་ནག་པོའི་ལས་འགུལ་སྤེལ་མཁན་ཚོ་ལ་རྒྱབ་སྐྱོར་བྱེད་འགོ་བརྩམས། ཁོང་ཚོས་གྲོང་ཁྱེར་བྷིར་མིན་གྷཱམ་དུ་སྤེལ་བའི་ལས་འགུལ་ལ་རྒྱབ་སྐྱོར་དུ་དངུལ་བསྐུར་བ་དང། གྲོང་ཁྱེར་བྷིར་མིན་གྷཱམ་གྱི་ནང་དུ་ཡོད་པའི་མི་རིགས་དཀར་པོ་ཁག་ཅིག་གིས་ཀྱང་ཁྲོམ་གཞུང་གི་ཚོང་ཁང་མང་པོ་ཞིག་གི་ནང་ནས་ཉོ་ཚོང་མི་བྱེད་པའི་ངོ་རྒོལ་བྱས།
    ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་བྷོལ་ཀའོ་ནེར་གྱི་ལག་འོག་གི་མི་ཚོ་ཧང་སང་དུ་བཅུག ཉིན་ཞིག་མི་རིགས་ནག་པོ་བརྒྱ་ཕྲག་མང་པོ་བཙོན་ཁང་གི་ཕྱོགས་སུ་གོམ་བགྲོད་བྱས་ནས་འགྲོ་འགོ་རྩོམ་པའི་ཚེ། བྷོལ་ཀའོ་ནེར་གྱིས་ཁོང་ཚོ་ཕྱིར་ལོག་དགོས་པའི་བཀའ་རྒྱ་བསྒྲགས་མོད། མི་རིགས་ནག་པོ་ཚོས་ཞི་འཇམ་གྱི་ངང་ནས་ཕྱིར་ལོག་གི་མིན་ཅེས་པར། བྷོལ་ཀའོ་ནེར་གྱིས་ཁོང་གི་མི་ཚོར་འགྱིག་སྦུག་ནས་ཤུགས་དྲག་པོའི་ཆུ་གློད་ཅིག་ཅེས་བཀའ་བཏང། འོན་ཀྱང་གོམ་བགྲོད་མཁན་ཚོ་འཇིགས་སྣང་གཏན་ནས་མ་སྐྱེས་ཤིང། རིམ་བཞིན་ཁོང་ཚོ་གོམ་བགྲོད་ཀྱིས་མདུན་དུ་བསྐྱོད་འགོ་བརྩམས་པས། སྤྱི་བདེ་མི་སྣ་ཚོ་ཡིད་མ་ཆེས་པར་གྱུར་ཏེ། འགྱིག་སྦུག་ནང་ནས་ཆུ་མ་གློད་པར་ཕྱི་ནུར་བྱས་པ་དང་། མི་རིགས་ནག་པོ་ཚོར་ཕོག་ཐུག་ཅི་ཡང་མ་བྱུང་བར་བཙོན་ཁང་གི་ཕྱོགས་སུ་གོམ་བགྲོད་བྱས་ནས་སོང་བས། ཀིང་གིས་”ཧ་ཅང་ཡག་པོ་བྱུང་སོང་།”ཞེས་གསུངས།
    སྐབས་དེར་གྲོང་ཁྱེར་བྷིར་མིན་གྷཱམ་གྱི་ནང་གི་ཚོང་དཔོན་ཚོའི་ཁེ་ཚོང་གི་གནས་བབ་ཇེ་ཞན་དུ་འགྱུར་གྱི་ཡོད་པས། ཁོང་ཚོས་མི་རིགས་ནག་པོའི་འགོ་ཁྲིད་ཚོ་དང་མཉམ་དུ་གསང་བའི་གྲོས་མོལ་ཚོགས་འདུ་ཐེངས་ཁ་ཤས་འཚོགས་ཏེ་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱ་རྒྱུའི་འབོད་སྐུལ་བྱས། མི་རིགས་ནག་པོའི་འགོ་ཁྲིད་ཚོའི་འདོད་པ་ནི།
    དང་པོ། གུང་ཚིགས་ཟ་ས་དང་། ངལ་གསོ་ཁང་། ཚོང་ཁང་ནང་གི་འཐུང་ཆུ་འཐུང་ས་སོགས་སུ་མི་རིགས་དཀར་ནག་གི་དབྱེ་འབྱེད་ལམ་སྲོལ་མེད་པར་བཟོ་རྒྱུ།
    གཉིས་པ། མི་རིགས་ནག་པོ་ཚོར་སྔར་ལས་ལས་ཞུགས་བྱ་སའི་གོ་སྐབས་ཇེ་མང་དང་། ལས་རིགས་ཀྱི་ངོ་བོ་ཇེ་ཡག་ལ་གཏོང་རྒྱུ།
    གསུམ་པ། བཙོན་ཁང་དུ་ལྷག་ཡོད་པའི་ལས་འགུལ་སྤེལ་མཁན་ཚང་མ་གློད་གྲོལ་ཐོབ་པ་བྱ་རྒྱུ།
    བཞི་པ། མི་རིགས་ནག་པོ་དང་དཀར་པོ་ཚོ་དཔུང་སྡེབས་ཏེ་གྲོང་ཁྱེར་བྷིར་མིན་གྷཱམ་ནང་གི་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་སྲོལ་མེད་པར་བཟོ་ཐབས་ལ་སྔར་ལས་ནུས་ཤུགས་ཆེ་བའི་ལས་འཆར་ཞིག་སྤེལ་རྒྱུ་བཅས་ཡིན་པ་རེད།
    སྤྱི་ཟླ་༥ པའི་ཚེས་༧ ཉིན་གྲོང་ཁྱེར་བྷིར་མིན་གྷཱམ་གྱི་ཚོང་པ་མང་པོ་ཞིག་འདུ་འཛོམས་ཀྱིས་རེ་འདུན་འདི་དག་གི་སྐོར་ལ་གྲོས་བསྡུར་བྱས། ཚོང་པ་མང་ཆེ་བ་ཞིག་གིས་རེ་འདུན་དེ་དག་ལ་དགག་རྒྱག་བྱས་ཤིང་། གུང་ཚིགས་ཟ་བའི་དུས་ལ་སླེབས་པས་ཚོགས་འདུ་གྲོལ་ནས་ཚང་མ་གཞུང་ལམ་ཕྱི་ལ་ཐོན་སྐབས། ཁོང་ཚོའི་མིག་སྔར་སྣང་བ་དེར་ཡིད་མ་ཆེས་པ་ལྟར་གྱུར། མི་རིགས་ནག་པོ་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་གོམ་བགྲོད་ཀྱིས་ཡོང་ཡོད་ལ། བཙོན་ཁང་ཡོད་ཚད་གང་སྟེ་སྤྱི་བདེ་མི་སྣ་ཚོའི་ངོས་ནས་ལས་འགུལ་སྤེལ་མཁན་ཚོ་འཛིན་བཟུང་བྱ་ཐབས་བྲལ་བར་གྱུར། གཞུང་ལམ་གྱི་ནང་དང་མཐའ་གང་སར་མི་རིགས་ནག་པོ་ཚོས་ཁེངས། ཁོང་ཚོ་ཚང་མ་ཁྲོམ་གཞུང་གི་ཚོང་ཁང་དག་གི་ཕྱི་ནང་གང་སར་བཙོག་ནས་བསྡད་དེ། ཞི་ཞིང་བདེ་བའི་ངང་རང་དབང་གི་གླུ་གཞས་སྣ་ཚོགས་བླངས། ཚོང་པ་ཚོས་ལས་འགུལ་དེ་འགོག་ཐབས་བྲལ་བ་ཞིག་ཡིན་པ་གསལ་པོར་རྟོགས་བྱུང་། མི་རིགས་དཀར་པོའི་ཚོང་པ་ཞིག་གིས་”ངས་སྔོན་ཆད་ནས་གནད་དོན་འདིའི་ཐད་བསམ་བློ་གཏོང་གི་ཡོད། གནད་དོན་འདིའི་ཐད་ང་ཚོས་བྱ་གཞག་ཅིག་བསྒྲུབ་ཐུབ་པ་དགོས་ངེས།”ཞེས་བཤད།
    ཉིན་གསུམ་འགོར་བའི་རྗེས་སུ་མི་རིགས་ནག་པོ་ཚོས་བཏོན་པའི་རེ་འདུན་ཚང་མ་ལེགས་འགྲུབ་བྱུང་ཞིང་། གསར་འགོད་པ་ཚོ་བརྒྱུད་གནས་ཚུལ་དེ་འཛམ་གླིང་ཡོངས་ལ་ཁྱབ་པར་གྱུར། ཨ་རི་རྒྱལ་ཡོངས་ཀྱི་གསར་འགོད་བརྒྱུད་ལམ་ཁག་ཏུ་ཡང་ཚང་མས་དོ་སྣང་བྱ་སའི་བརྗོད་གཞི་ཆེན་པོ་ཞིག་ཏུ་གྱུར།
    འོན་ཀྱང་། ཁོང་ཚོའི་དཀའ་ངལ་ཚང་མ་ད་དུང་སེལ་ཚར་མེད། མི་རིགས་དཀར་པོ་ཁ་ཤས་ཤིག་གནད་དོན་ཁ་ཤས་ཐད་ཞི་བའི་གྲོས་མཐུན་བྱུང་བ་དེར་ཁོང་ཁྲོ་དང་སྡང་སེམས་སྐྱེ་བཞིན་ཡོད། ཕྱི་ཉིན་དགོང་མོ་ཀེ་ཀེ་ཀེ་ཚོ་ཚོགས་འདུ་ཞིག་འཚོགས་ཤིང་།    དེ་རྗེས་རིང་པོ་མ་སོང་བར་ཀིང་གི་སྤུན་མཆེད་རེ་ཝེ་རེན་ཊ་ཨེ་ཊི་ཀིང་(Reverend A.D.King)གི་ཁྱིམ་དང་། དེ་སྔ་གྲོང་ཁྱེར་བྷེར་མན་གྷེམ་གྱི་ནང་ཀིང་འདུག་ས་བྱེད་པའི་གྷཱ་ས་ཌོན་མོ་ཌེལ་(Gaston Motel)སོགས་ལ་འགད་རྫས་གཡུགས། འོན་ཀྱང་སྐབས་དེར་སུ་ལ་ཡང་རྨས་སྐྱོན་མ་ཕོག དགོང་མོ་དེར་ཀིང་ཨཱ་ཌ་ལཱན་ཌཱ་ས་གནས་སུ་རང་གི་ཁྱིམ་དུ་ལོག་ནས་བསྡད་ཡོད།
འགད་རྫས་དེ་དག་གིས་གྲོང་ཁྱེར་བྷིར་མིན་གྷཱམ་གྱི་ནང་དུ་ཡོད་པའི་མི་རིགས་ནག་པོ་མང་པོ་ཞིག་གི་ཡིད་སེམས་དཀྲུགས་པར་གྱུར། ཀིང་གིས་སྣེ་ཁྲིད་པའི་ལས་འགུལ་ནང་མེད་པའི་མི་རིགས་ནག་པོ་ཁ་ཤས་དང་སྤྱི་བདེ་མི་སྣའི་བར་འཁྲུག་པ་ཤོར་བས་ཟིང་འཁྲུག་ལངས། དེ་ནི་མི་རིགས་དཀར་པོའི་རིགས་ཞེན་ཆེན་པོ་བྱེད་མཁན་ཁག་ཅིག་གི་འདོད་དོན་དང་ཀུན་ནས་མཐུན་པ་ཞིག་རེད། མི་རིགས་དཀར་པོ་དེ་དག་གིས་ཞི་མོལ་བྱུང་བ་དེ་མགོ་རྟིང་སློག་པའི་རེ་ངན་བཅངས། འོན་ཀྱང་དེ་མུར་སྲིད་འཛིན་ཀེན་ནའེ་ཊེ་མཆོག་གིས་གྲོང་ཁྱེར་བྷིར་མིན་གྷཱམ་གྱི་ནང་དུ་དམག་མི་སུམ་སྟོང་ཙམ་ལ་བཀའ་བགོས་ཏེ་མངགས་ཤིང། ཀིང་ཡང་མི་མང་ཚོའི་གནས་བབ་བདེ་ལ་འགོད་ཆེད་གང་མགྱོགས་ཕྱིར་ལོག་པས། ཟིང་འཁྲུག་ཞོད་འཇགས་ཀྱིས་ཕྱིར་བདེ་བའི་གནས་ལ་འགོད་ཐུབ་པ་བྱུང་།
    ཀིང་དང་མི་རིགས་ནག་པོ་ཚོ་ལ་མཚོན་ན་གྲོང་ཁྱེར་བྷིར་མིན་གྷཱམ་དུ་ལས་འགུལ་ལ་གྲུབ་འབྲས་ཐོབ་པ་དེ་ཡང་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་རེད། སྐབས་དེར་ཞི་བའི་གྲོས་མཐུན་བྱུང་བ་དེའི་དོན་སྙིང་ནི་གྲོང་ཁྱེར་བྷིར་མིན་གྷཱམ་གྱི་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་སྲོལ་དེ་སྐད་ཅིག་ཉིད་ལ་མེད་པར་གྱུར་སོང་བ་དེ་འདྲ་མ་ཡིན་ཏེ། མི་ཁག་ཅིག་གིས་ད་དུང་དྲག་སྤྱོད་སྤེལ་ནས་ངོ་རྒོལ་བྱེད་ཀྱིན་ཡོད། འོན་ཀྱང་གྲོང་ཁྱེར་བྷིར་མིན་གྷཱམ་དུ་མི་སེར་གྱི་ཐོབ་ཐང་འདྲ་མཉམ་ཐད་ཡག་ཕྱོགས་ནས་འགྱུར་བ་ཆེན་པོ་ཞིག་ཐེབས་ཤིང་། ཀིང་གི་སེམས་སུ་རྗམ་ཁུ་རོ་ལམ་སྲོལ་དེ་ད་ལྟ་ནུས་མེད་རྩ་སྟོང་དུ་འགྲོ་བཞིན་འདུག་སྙམ།

མདུན་ཤོག