༄༅། །ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་སྲིན་མོ་བྲག་སྲིན་མ་ནས་མཆེད་པའི་མི་རྒྱུད་ཀྱིས་འཛམ་གླིང་ཡང་ཐོག་འདིར་རང་གི་རིག་གཞུང་དང་གོམས་སྲོལ་བཟང་པོ་རྒྱུན་འཛིན་བྱེད་ཐུབ་པ་དགོས།

རང་གི་རིག་གཞུང་ཐོག་བྱས་རྗེས་འཇོག་མཁན་རྣམས་ནམ་ཡང་བརྗེད་མི་སྲིད།

    བོད་ཁ་བ་གངས་ཅན་ལྗོངས་ཀྱི་སེམས་ཅན། ཆོས་ཕྱོགས་ནས་བཤད་ན་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང། མ་སྲིན་མོ་བྲག་སྲིན་མ་ནས་མཆེད་པའི་མི་རྒྱུད། ང་རང་ཚོ་སྤྱིར་བཏང་འཇིག་རྟེན་གྱི་ཐོག་ནས་བཤད་པ་ཡིན་ན་འཛམ་བུ་གླིང་འདིའི་ཡང་སྟེང། མཁའ་རླུང་གཙང་མ། ས་ཆུ་གཙང་མ། ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རིག་གཞུང་ཡོད་པ། འཛམ་བུ་གླིང་འདིའི་སྒང་ལ་གནའ་རབས་ཀྱི་སྐད་ཡིག་རྙིང་ཤོས་བཅུ་གྲངས་ཤིག་བཤད་ཀྱི་ཡོད་པ་དེའི་ནང་ལ་ང་ཚོ་བོད་ཡིག་གཅིག་བརྩི་གི་ཡོད།
    བོད་ཀྱི་སྐད་ཡིག་ལ་ཆ་བཞག་ན་དངོས་གནས་རང་འཛམ་བུ་གླིང་འདིའི་སྒང་ལ་འགྲན་སྡུར་འཕེར་བ་ཞིག་ཆགས་བསྡད་ཡོད། ལྷག་པར་དུ་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཡོངས་སུ་རྫོགས་པ་ལ་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་པ་ཞིག་རེད།
    བར་སྐབས་ནས་ཚན་རིག་ལ་སོགས་པའི་རིག་གསར་སློབ་ཚན་གཞན་དག་ནང་ལ་བོད་པའི་སྐད་ཡིག་བེད་སྤྱོད་བྱས་པར་བརྟེན། རང་བཞིན་གྱིས་བོད་ཡིག་ཕྱུག་ཏུ་འགྲོ་གི་ཡོད། སྔོན་མ་འདིར་ཚན་རིག་གི་འཛིན་གྲྭ་ཐོག་མ་ཚུགས་པའི་སྐབས་སུ་ང་ལྟ་སྐོར་ལ་ཡོང་བ་ཡིན། ཕྲུ་གུ་ཚོས་བོད་སྐད་ཐོག་ནས་ཚན་རིག་གི་འགྲེལ་བཤད་བྱེད་དུས་ངས་ཤེས་ཀྱི་མེད། དངོས་གནས་བྱས་ན་ང་བོད་པ་རྒན་པ་ཞིག་དང། བོད་ཡིག་གང་ལ་གང་འཚམ་བསླབས་པའི་མི་ཞིག་ཡིན་ཡང། ངས་མ་ཤེས་པའི་མིང་ཚིག་གསར་པ་ཕྲུ་གུ་ཚོས་བཤད་ཀྱི་འདུག གང་ལྟར་གནས་ཚུལ་དེ་ཚོས་ང་རང་ཚོ་བོད་པའི་སྐད་ཡིག་ཡར་རྒྱས་འགྲོ་གི་ཡོད་པ་མཚོན་ཐུབ།
    དེ་ལྟར་བོད་ཀྱི་སྐད་ཡིག་ཕྱུག་པོ་ཡོད་ན་ཡང། བེད་སྤྱོད་བྱེད་མཁན་རང་ངོས་ནས་ཆ་ཚང་བེད་སྤྱོད་ལེགས་པར་བྱེད་མ་ཐུབ་ན་མི་འགྲིགས། རང་ཉིད་བོད་ཡིག་ཐེབས་ཆག་ཅིག་མ་གཏོགས་མ་ཤེས་ན་གཏོང་ཡིག་ཅིག་བྲིས་ན་ཡང། བརྗོད་བྱ་ཁུངས་མ་འཁྱོལ་བ་འབྲི་མཁན་ཡོང་གི་ཡོད། བོད་པའི་ཡི་གེ་ཡག་པོ་ཤེས་མཁན་གཅིག་གིས་ལོ་རྒྱུས་ཤིག་བྲིས་པ་ཡིན་ན་ཡང། ལོ་རྒྱུས་དེའི་ནང་གི་ས་བབ་ཡུལ་ལྗོངས། ཕྱི་དང་ནང་གི་བཀོད་པའི་རྣམ་པ། བདེ་སྡུག་གི་ཚོར་སྣང་ཆ་ཚང་གསལ་པོར་བོད་ཡིག་ནང་ལ་བསྟན་ཐུབ་ཀྱི་ཡོད།
    དེ་སྔ་བོད་ཀྱི་ནང་ལ་ཡང་སྤྱིར་བཏང་གཞུང་ཞབས་ཤིག་ཡིན་ན་གཞུང་གི་ཡིག་རིགས་ཀྱི་འགྲོ་སྟངས་རྣམས་ཤེས། དེ་ལས་སྤྲོས་པའི་རྒྱ་ཆེན་པོ་ཞིག་གི་ཐོག་ལ་དོ་སྣང་མེད་པ་ཆགས། ཡང་གཞུང་ཆེན་ལྟ་མཁན་དེ་ཚོས་ཆོས་ཚིག་གི་འགྲོ་སྟངས་རྣམས་ཤེས་ཀྱང། དེ་ལས་སྤྲོས་པའི་འཇིག་རྟེན་སྲིད་ལུགས་ཀྱི་འགྲོ་སྟངས་མ་ཤེས་པ་བྱས། དཔེར་ན། གཞན་དག་ཕར་བཞག བླ་མ་དགེ་བཤེས་ལྟ་བུ། གཞུང་རྩོམ་སྒྲིག་ཧ་ལས་པའི་མཁས་པ་ཡོད་ན་ཡང་བོད་གཞུང་གི་ཡི་གེའི་འདོན་རྒྱག་སྟངས་དེ་བྲིས་མཁྱེན་གྱི་མི་འདུག
    བོད་གཞུང་གི་ཡི་གེའི་འདོན་རྒྱག་སྟངས་དེ་ཚོ་གཙོ་བོ་༸གོང་ས་ལྔ་པ་ཆེན་པོའི་སྐབས་དང། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ནས་དར་བ་ཡིན་ཚོད་འདུག། ཡིག་བརྗོད་འགྲོ་སྟངས་དམིགས་བསལ་ཞིག་ཡོང་གི་འདུག བོད་ཡིག་འབྲི་མཁན་རྣམ་དཔྱོད་ཡོད་པ་ཞིག་ཡིན་ན་རྩ་བའི་ཡི་གེ་དེ་ཧ་ཅང་ཕྱུག་པོ་ཡིན། ད་ལྟ་བར་དུ་བོད་ཡིག་བེད་སྤྱོད་བྱེད་མ་མྱོང་བའི་སྡེ་ཚན་མང་པོ་ཞིག་གི་ནང་ནས་ཚན་རིག་ལ་སོགས་པའི་རིག་གནས་ཀྱི་བརྗོད་བྱ་གསར་པ་མང་པོ་ཞིག་གཞི་ནས་བེད་སྤྱོད་བྱེད་འགོ་ཚུགས་ཡོད། འདི་ནི་སློབ་གྲྭ་ཁ་ཤས་ཤིག་གི་ཕྲུ་གུ་སྟོང་ཕྲག་ཁ་ཤས་ཀྱི་གནས་ཚུལ་མ་ཡིན་པར། བོད་མི་ས་ཡ་དྲུག་ལ་འབྲེལ་བ་ཡོད།
    མདོར་ན་བོད་གངས་ཅན་ལྗོངས་ཞེས་བོན་གྱི་ལོ་རྒྱུས་ནས་བཤད་པ་ཡིན་ན་ཧ་ལམ་ལོ་སྟོང་ཕྲག་བཞི་ལྔ་དང། དེ་ནས་ཡར་དེད་པ་ཡིན་ན་ཧ་ལམ་ལོ་ཆིག་ཁྲི་ཉིས་སྟོང་སྐོར་ཕྱིན་པའི་མི་རིགས་ཤིག་གི་སྐད་ཡིག་ཡར་རྒྱས་འགྲོ་བའི་ལམ་པོ་ཆེ་ཞིག་ཆགས་ཡོད། སྐད་ཡིག་ཡར་རྒྱས་འགྲོ་བའི་ས་བོན་ལྟ་བུ་ཡིན་པས་ཧ་ཅང་བྱས་རྗེས་ཆེན་པོ་རེད། ལས་དོན་འདིའི་ནང་ལ་ཡིག་སྒྱུར་བྱེད་མཁན་དང། ལས་འགན་འཁྱེར་མཁན་ཁྱེད་རང་ཚོ་ནས་དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་ཡག་པོ་ཞིག་བྱེད་ཀྱི་ཡིན་ན་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཐོན་མི་སམ་བྷོ་ཊ་ཞེས་པའི་མཚན་ང་ཚོས་དུས་ད་ལྟ་ཡང་མ་བརྗེད་པར་འབོད་གླེང་བྱེད་བཞིན་པ་ལྟར། ང་རང་ཚོ་སོ་སོའི་ལུང་པ་བྲལ། མིའི་ལུང་པར་གྱར་ཏེ་བོད་མི་རིགས་ཆགས་འཇིག་གི་མཚམས་ལ་སླེབས་པའི་དུས་ཚོད་གཉན་འཕྲང་གི་སྐབས་འདིར་རང་གི་རིག་གཞུང་གི་ཐོག་བྱས་རྗེས་འཇོག་མཁན་ཁྱེད་རང་ཚོའི་མིང་ནམ་ཡང་བརྗེད་ཀྱི་མ་རེད།1

དེང་དུས་ཤེས་ཡོན་གྱིས་མ་འདང་བས་ད་ལྟའི་གནས་སྟངས་འདི་བྱུང།

    དུས་རབས་འདིའི་འགོ་སྟོད་ཨིན་ཇིའི་དམག་དང་མི་སྣ་བོད་དུ་ཡོང་སྐབས་བསྟན་དགྲ་ཕྱི་གླིང་པ་ཟེར་ནས་བཤད་སྲོལ་བྱུང་ཡོད། ཕྱི་གླིང་པ་མགོ་སེར་དེ་དག་བསྟན་པའི་དགྲ་བོར་བརྩིས་ནས་བསྟན་དགྲ་ཕྱི་གླིང་པ་ཞེས་བརྗོད། མན་ཇུ་གོང་མ་དང། དེའི་མངའ་འོག་གི་རྒྱ་མི་ཚོ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་དང། མཆོད་ཡོན་སྦྱིན་བདག་ཅེས་སངས་རྒྱས་ཀྱི་བསྟན་པའི་སྦྱིན་བདག་ལ་བརྩིས་ནས་འབྲེལ་བ་བྱེད་ཀྱི་ཡོད་པ་དང། དེང་དུས་ཀྱི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་ཚད་མཐོ་ཤོས་ཡོད་པ་ནུབ་ཕྱོགས་པ་དེ་ཚོ་ལ་ང་ཚོས་ལྟ་སྟངས་ངན་པ་བཟུང་ནས་རྒྱང་ཐག་རིང་པོ་བྱས་ཏེ་སྡོད་ཀྱི་ཡོད།
འོན་ཀྱང་སྐུ་མདུན་སྐུ་གོང་མས་ཕྱི་ལོ་༡༩༢༠ ཡས་མས་ལ་ཨིན་ཡུལ་དང་རྒྱ་གར་ལ་བོད་པའི་སློབ་ཕྲུག་འགའ་ཤས་གཏོང་གནང་མཛད་པ་དེ་ཚོ་སློབ་གྲྭ་ཐོན་ཏེ་རྗེས་སུ་གཞུང་ཞབས་རྒས་པོ་ཆགས་པ་དཔེར་ན། ཏར་ཁང་ཆོས་ལྡན་ལགས་དང། དྲུང་འཁོར་བྱང་ངོས་པ་དང། སྐྱིད་སྦུག་པ་ཁོང་ཚོ་ངས་ངོ་ཤེས་ཀྱི་ཡོད། རྩེ་དྲུང་དང་དྲུང་འཁོར་རྒས་པོ་ཨིན་ཇིའི་སྐད་རྒྱག་མཁན་དེ་འདྲ་ཡོད། དེ་ལྟར་མུ་མཐུད་དེ་ཨིན་ཇི་ལ་སློབ་སྦྱོང་དུ་གཏོང་ཐུབ་པ་བྱུང་ཡོད་ན་ལོ་རབས་སུམ་ཅུ་པ་དང། བཞི་བཅུ་པའི་ནང་ང་ཚོས་འཛམ་གླིང་ཕྱིའི་རྒྱལ་ཁབ་དང་འབྲེལ་བ་མང་པོ་བྱེད་ཐུབ་པ་བྱུང་ཡོད་ངེས་ཀྱང། ཕྱི་ལ་མུ་མཐུད་སློབ་སྦྱོང་བྱེད་པར་གཏོང་ཐུབ་མེད།
    ཡང་སྐབས་ཤིག་ལ་སྐུ་མདུན་སྐུ་གོང་མས་རྒྱལ་རྩེར་ཨིན་ཇིའི་སློབ་གྲྭ་ཞིག་བཙུགས་གནང་བ་དེ་ཡང་ཁུངས་འཁྱོལ་མེད། དེ་ནས་ང་རང་ཆུང་ཆུང་སྐབས་ལྷ་ས་དྲུང་སྤྱིའི་གླིང་ཁར་གཞུང་ནས་ཨིན་ཇིའི་སློབ་གྲྭ་ཞིག་བཙུགས་པ་དེའི་དགེ་རྒན་ཡང་ཆེད་མངགས་ཨིན་ཇི་ཞིག་རྒྱ་གར་ནས་སྐད་བཏང་ཡོད། སློབ་གྲྭ་དེ་ཟླ་བ་ཁ་ཤས་སོང་རྗེས་གདན་སའི་ནང་ནས་འགྲིགས་ཀྱི་མི་འདུག་ཅེས་བཤད་པར་བརྟེན་སློབ་གྲྭ་མཚམས་བཞག་པ་དང། དགེ་རྒན་ཡང་ཕྱིར་སློག་བཏང་བ་བཅས་ཀྱི་གནས་ཚུལ་ངས་དྲན་གྱི་འདུག དེ་ཚོའི་གྲས་ཀྱིས་འཛམ་གླིང་ཕྱི་ལ་འབྲེལ་བ་བྱ་རྒྱུར་འདོད་པ་དེ་ཙམ་བྱེད་ཀྱི་མེད་པ་དང། ལྷག་དོན་ནུབ་ཕྱོགས་པའི་ལྟ་བ་དང་སྤྱོད་པ་ལ་ཕྲན་བུ་སྐྲག་སྣང་བྱེད་ཀྱི་ཡོད་པ་རེད།
    ཡང་དཔེ་ཞིག་བརྗོད་ན། ང་ཆུང་ཆུང་སྐབས་ལྷ་སར་ཁ་ཤས་ཀྱིས་རྐང་རྩེད་སྤོ་ལོ་རྩེས་ཀྱི་ཡོད་པ་རེད། དེའི་སྐབས་ཀྱང་སྤོ་ལོ་ནི་སྟོན་པ་ཐུབ་པའི་དབང་པོའི་དབུ་ཡིན་པས། སྤོ་ལོ་རྩེ་བ་ནི་སངས་རྒྱས་ཀྱི་ཆོས་ལ་དམའ་འབེབས་བྱེད་པ་ཞིག་རེད་ཅེས་ཤོད་ཀྱི་ཡོད་པ་རེད། ཡང་རྒྱ་གར་གྱི་ཉ་བྱི་རིལ་ལྷ་སར་ཐོག་མར་ཐོན་པའི་སྐབས་དགོན་པའི་ནང་གི་བླ་མ་དགེ་བཤེས་བགྲེས་པ་འགའ་ཤས་ནས་དེ་ཚོར་ཕྱི་གླིང་པས་དུག་བརྒྱབ་ཡོད་པས་ཟོས་ན་རིག་པ་ཞན་དུ་འགྲོ་གི་རེད་ཅེས་གསུངས་པའི་གནས་ཚུལ་ཡང་ཡོད།
    རྒྱ་ནག་ནང་དེ་སྔོན་ཕྱིའི་དངོས་པོ་དང་འབྲེལ་བའི་དེང་དུས་ཀྱི་ཤེས་ཡོན་དེ་ཙམ་མེད། གུང་ཁྲན་གྱིས་སྲིད་དབང་བཟུང་རྗེས་སྒྲིག་འཛུགས་དམ་པོ་ཡིན་སྟབས་སློབ་སྦྱོང་ཐོག་ཕྲན་བུ་ལས་ཀ་ཚགས་ཚུད་བྱེད་ཐུབ་ཡོད་ཀྱང། ཐབས་སྐྱོ་བ་ཞིག་ལ་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་ལུགས་དང། བཙན་རྒྱལ་རིང་ལུགས་སྡུག་པོ་ཡིན་ལུགས་འཁྱོག་བཤད་ཀྱི་སློབ་གསོ་རྒྱག་གི་ཡོད་པ་རེད། དེ་ནི་རྒྱ་ནག་གཅིག་པུ་མ་ཡིན་པར། ཨུ་རུ་སུས་གཙོས་པའི་ཤར་ཡུ་རོབ་ཀྱི་དམར་པོའི་རྒྱལ་ཁབ་ཚོའི་སློབ་གསོའི་གནས་སྟངས་ཀྱང་དེ་ལྟར་རེད།
    དེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་ཚད་ལོངས་པ་ནུབ་ཕྱོགས་རྒྱལ་ཁབ་ཚོ་ཡིན་ན་ཡང། ང་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཚོར་ལྟ་སྟངས་ཞན་པོ་བཟུང་ནས་རྒྱང་ཐག་རིང་པོ་བྱས་ཏེ་བསྡད་པའི་རྐྱེན་གྱིས་ང་རང་ཚོ་བོད་པའི་དེང་དུས་ཀྱི་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་ཕྱིན་ཡོད། དེང་དུས་ཀྱི་ཤེས་ཡོན་མ་འདང་བའི་རྐྱེན་གྱིས་ཐ་མ་དུས་འགྱུར་ཡོང་བའི་སྐབས་སུ་ང་ཚོ་གྲ་སྒྲིག་གང་ཡང་མེད་པར་ལུས་ཏེ་ཕ་རོལ་པོས་ཐུབ་ཚོད་བཏང་ཆོག་ཆོག་བྱུང་བ་རེད། དེ་འདྲའི་དབང་གིས་ད་ལྟ་ང་ཚོར་དཀའ་ངལ་འདི་ལྟར་འཕྲད་ཡོད། འདིའི་རྐྱེན་རྩ་གཅིག་དེང་དུས་ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་པར་ཐུག་པ་ཧ་ཅང་གསལ་པོ་ཡིན།
ང་རང་ལ་ཆ་བཞག་ན་གྲོ་མོ་ནས་ལྷ་སར་ཕྱིར་ལོག་བྱས། སྐབས་དེར་ཚད་ལོངས་པའི་གྲོས་མཐུན་ཞིག་མིན་ཡང་རྒྱ་ནག་གཞུང་དང་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྗེས། ༡༩༥༣ ལོར་ལེགས་བཅོས་ལྷན་ཚོགས་བཙུགས་ནས་བོད་ཀྱི་ཁྲལ་དང། བུ་ལོན་གྱི་གནས་སྟངས་ལུགས་མཐུན་མེད་པའི་རིགས་བསྒྱུར་བཅོས་གཏོང་འགོ་བཙུགས་པ་དང། དེ་བཞིན་ཤེས་ཡོན་ཡར་རྒྱས་ཡོང་ཐབས་སུ་སློབ་གྲྭ་འཛུགས་རྒྱུ་དགོས་གལ་ཆེ་བ་མཐོང་སྟེ་དེ་སྐོར་བཀའ་བློན་ང་ཕོད་དང་ངེད་གཉིས་ཀྱིས་ད་ཆ་ང་ཚོས་སློབ་སྦྱོང་ཐོག་ཤུགས་རྒྱག་དགོས་ཀྱི་འདུག་ཅེས་སྐད་ཆ་མང་པོ་བྱུང།
    ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ཉིན་བོད་ཀྱི་གནས་ཚུལ་འགྱུར་བ་ཆེན་པོ་བྱུང་བ་དེ་ཉིན་ནས་བཟུང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་འཕོ་འགྱུར་འགྲོ་བའི་དུས་ཚོད་གཅིག་ཤར་ཏེ། ༡༩༥༩ ལོའི་ཟླ་༤ པར་ང་ཚོ་རྒྱ་གར་ལ་འབྱོར་ཞིང། དེ་མ་ཐག་ལས་ཀའི་དང་པོར་ཕྲུ་གུ་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་ཐོག་ཤུགས་བརྒྱབ་ཡོད།2

བོད་པའི་རྣམ་པ་མ་ཡལ་བའི་བོད་པ་ཤེས་ཡོན་ཅན་བཟོ་དགོས།

    འགྲོ་བ་མི་ཟེར་བ་འདི་ང་རང་ཚོའི་མཐོང་ཆོས་ཀྱི་འགྲོ་བ་སེམས་ཅན་འདྲ་མི་འདྲ་དུད་འགྲོ་ལ་སོགས་པ་དེ་ཚོ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་གཙོ་བོ་ནི་མིའི་རྣམ་དཔྱོད་དེ་ཡིན་པ་རེད། ལུས་ཕུང་གི་ཆ་ནས་མི་ལས་ལྷག་པ་དང། མི་ལས་སྟོབས་ཤུགས་ཆེ་བའི་སེམས་ཅན་མང་པོ་ཡོད་ན་ཡང། མིའི་ཀླད་པའམ། མིའི་རྣམ་དཔྱོད་དུད་འགྲོ་སེམས་ཅན་གཞན་དང་མི་འདྲ་བ་ཞིག་ཡོད་པ་རེད། མི་ལ་རང་བཞིན་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཀྱི་ནུས་པ་ཆེན་པོ་ཞིག་ཡོད་པ་དེ་སད་རྐྱེན་ནམ། དེའི་ནུས་པ་ཐོན་པ་ཡོང་བ་ལ་ཤེས་བྱ་ཡོན་ཏན་སློབ་སྦྱོང་སྤྲོད་པ་འདི་བྱེད་རྐྱེན་གཙོ་བོ་ཞིག་ཡིན། མདོར་ན་མིའི་ཁྱད་ཆོས་གོང་ནས་གོང་དུ་སྤེལ་བ་དང། མིའི་ཁྱད་ཆོས་ཆ་ཚང་བ་ལོངས་སྤྱོད་ཐུབ་པ།
    ང་ཚོ་བོད་མི་རྣམས་ཆབ་སྲིད་ཀྱི་བཙན་བྱོལ་བ་རེད། ང་ཚོ་གཏན་དུ་རྒྱ་གར་ལ་བསྡད་ཀྱི་ཡིན་ཟེར་གྱི་མེད། ནམ་ཞིག་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱེད་པའི་དུས་ཚོད་བཟང་པོ་གང་ལ་གང་འཚམ་གྱིས་བློ་བཞག་ས་ཡོད་པའི་གནས་ཚུལ་བྱུང་སོང་ན་དེ་མ་ཐག་བོད་ལ་ལོག་རྩིས་བྱས་ནས་བསྡད་ཡོད། བོད་ནང་ནས་ཀྱང་གཞིས་བྱེས་མཉམ་འཛོམས་ཡོང་བ་ཞིག་སྒུག་ནས་བསྡད་ཡོད། རྒྱ་གར་ནང་ལ་བོད་ཕྲུག་ཚོས་ཤེས་བྱ་ཡོན་ཏན་སྦྱངས་པའི་འབྲས་བུ་ངོ་ཐོག་ལམ་སང་ལག་ལེན་འཁེལ་ཐུབ་མིན་གང་ལྟར་ཡང་འཆར་གཞི་དང་དམིགས་ཡུལ་ནི་རྒྱ་གར་ལ་ཤེས་ཡོན་སྦྱང་པའི་རྣམ་དཔྱོད་བཏོན་ས་དེ་སོ་སོའི་ལུང་པའི་ནང་བཏོན་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་སྟབས། ང་ཚོས་རྒྱ་གར་ནང་ཁུལ་སློབ་གྲྭ་ཁག་ནང་བོད་ཡིག་བསླབ་རྒྱུར་ཤུགས་རྒྱག་དགོས་ཀྱི་འདུག བོད་པའི་རྣམ་པ་མ་ཡལ་བའི་ཤེས་ཡོན་ཅན་གྱི་བོད་པ་བཟོ་དགོས་ཀྱི་འདུག3
    བོད་ཀྱི་ནང་པའི་ཆོས་དེ་ལྟ་བ་གཏིང་ཟབ་པོ་ཡོད་པ་དང། གྲུབ་མཐའ་གཏིང་ཟབ་པོ་ཡིན་པ། རིགས་པ་དང། རྒྱུ་མཚན་ལྡན་པ་བཅས་ཡིན་པར་གཞི་ནས་དོ་སྣང་ཞིག་སླེབས་ཡོང་གི་ཡོད་པ་རེད། དཔེར་ན། ཕ་རན་སི་ལ་སོགས་པ་ནུབ་ཕྱོགས་ཡུལ་ཁག་གི་སློབ་གྲྭ་ཁག་ཏུ་གྷི་རི་སི་དང། དེ་འདྲའི་ལྟ་གྲུབ་མང་པོ་ཡོད་པ་དེ་དག་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་སྤྱིར་བཏང་འཛམ་བུ་གླིང་གི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ནང་གནའ་རབས་ནས་ལྟ་བ་དང་གྲུབ་མཐའ་འདི་འདྲ་བྱུང་བ་རེད་ཅེས་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། དེ་བཞིན་དུ་ནང་པའི་ལྟ་གྲུབ་ཁག་ཀྱང་སློབ་ཚན་ནང་བཞག་དགོས་ཀྱི་འདུག་ཅེས་དེང་སང་འདི་འདྲ་བཤད་ཀྱི་འདུག གང་ལྟར་འཛམ་གླིང་ཐོག་ནང་པ་ཡིན་མིན་ལ་མ་ལྟོས་པའི་མི་ཚོས་སྤྱིར་བཏང་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་ནང་ལ་ལྟ་བ་དང་གྲུབ་མཐའ་ཚད་མཐོ་པོ་ཇི་སྙེད་ཡོད་པ་ལྟར་ནང་པའི་ལྟ་གྲུབ་རྣམས་ཀྱང་འདིའི་གྲས་ཤིག་རེད་ཅེས་གཞི་ནས་དེང་སང་དེ་འདྲ་བཤད་ཡོང་གི་འདུག
    དངོས་ཡོད་ཀྱི་གནས་ཚུལ་འདིས་ག་རེ་བསྟན་གྱི་ཡོད་པ་རེད་ཅེ་ན། ང་རང་ཚོ་བོད་མི་རིགས་ལ་རང་བཞིན་གྱི་གཤིས་ཀ་བཟང་པོ་ཡོད་པ་དང། གཞན་ཕན་གྱི་བསམ་བློ་ཡོད་པ། གཞན་ཕན་གྱི་བསམ་བློ་ཡོང་སའི་རྩ་བ་ནང་ཆོས་གཏིང་ཟབ་པོ་ཡོད་པ་འདི་རྣམས་ཀྱི་རིན་ཐང་འཛམ་བུ་གླིང་འདིའི་སྒང་གཞི་ནས་མཐོང་གི་ཡོད་པ་དང། དེ་དག་ལ་མིས་བརྩི་འཇོག་བྱེད་ཀྱི་ཡོད། མི་ཚོས་འདིར་རིན་ཐང་དང། དོ་སྣང་འདི་འདྲ་བྱེད་པའི་སྐབས་ལ་ང་རང་ཚོས་འདིར་དོ་སྣང་ཁྱོན་ནས་མ་བྱས་པར་འཆར་ཅན་ལྟ་བུར་ལུས། དེ་འདྲའི་སྒང་ལ་ཕྱིན་ན་ཤིན་ཏུ་འཐུས་ཤོར་ཆེན་པོ་རེད། སྡུག་ཉེས་ན་མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་དང། བོད་ཀྱི་ལྟ་གྲུབ་གཏིང་ཟབ་པོ་འདི་དག་ཧ་ལམ་ཨིན་ཇིའི་སྐད་ཡིག་ནང་ནས་ཚུར་བསླབ་དགོས་པ་དེ་འདྲ་ཆགས་པ་ཡིན་ན་ཤིན་ཏུ་ཐབས་སྐྱོ་པོ་རེད།
    བོད་པའི་ཆོས་དང་རིག་གཞུང། བོད་པའི་གོམས་གཤིས་བཟང་པོ་འདི་དག་བོད་པ་རང་ཉིད་ཀྱིས་འཛིན་ཐུབ་པ་ཞིག་དགོས་པ་མ་གཏོགས་བོད་པ་རང་ཉིད་ཀྱིས་དེར་དོ་སྣང་དང་དམིགས་བསལ་འབད་རྩོལ་གང་ཡང་མ་བྱས་པར། དེ་འདྲ་དེ་འདྲའི་ངང་ནས་ང་ཚོས་གཏིང་བརྗེད་ལ་ཕྱིན། འཛམ་བུ་གླིང་འདིའི་སྒང་གི་ལྟ་བ་དང་གྲུབ་མཐའ་འདྲ་མི་འདྲའི་གནས་སྟངས་ལ་ཉམས་ཞིབ་བྱེད་མཁན་ཚོས་དེ་ལ་གཞི་ནས་དོ་སྣང་ཞིག་སླེབས། དེ་འདྲའི་ཐོག་ནས་མ་འོངས་པ་ལ་བོད་ཀྱི་ཆོས་དང་རིག་གཞུང་རྩད་གཅོད་བྱེད་དགོས་བྱུང་ན་བོད་པ་ནང་ཚགས་ལ་སྐད་ཆ་འདྲི་ས་མེད་པར་ཕྱི་རྒྱལ་མགོ་སེར་ལ་སྐད་ཆ་འདྲི་དགོས་བྱུང་ན་གང་འདྲ་ཆགས་སོང་ངམ། ང་རང་ཚོས་ཏན་ཏན་དོ་སྣང་བྱེད་དགོས་ཀྱི་འདུག
    ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ཆོས་སློབ་སྦྱོང་བྱེད་པ་དང། ལྟ་བ་དང་གྲུབ་མཐའ་སློབ་སྦྱོང་བྱེད་པ་དེ་གྲྭ་པ་ལ་འཁྲི་བའི་བཟོ་འདྲ་པོ། གྲྭ་པའི་ནང་ནས་ཀྱང་བཤད་གྲྭ་ཆེན་པོ་དེ་འདྲར་འཁྲི་བའི་བཟོ་འདྲ་པོ་ཞིག་མ་གཏོགས། སྤྱིར་བཏང་སྤྱི་ཚོགས་ནང་ནས་དེ་ཚོར་དོ་སྣང་དགོས་ཀྱི་མེད་པའི་བཟོ་འདྲ་པོ་ཞིག་དང། འདིར་སློབ་སྦྱོང་བྱས་ན་ཧ་ལམ་རན་པོ་མེད་པའི་བཟོ་འདྲ་པོ་ཞིག་ལ་འགའ་ཞིག་གིས་མཐོང་གི་འདུག དེ་རྩ་བ་ནས་ནོར་འཁྲུལ་རེད།4

ཕ་མ་དང་དགེ་རྒན་ཟུང་འབྲེལ་གྱིས་ཕྲུ་གུར་བྱམས་བརྩེའི་ཚོར་སྣང་སྐྱེད་ཐབས་བྱེད་དགོས།

    ཕ་མ་ཚོས་ཁྱིམ་ཚང་ནང་དུ་ཕྲུ་གུ་ལ་སྣང་ཆུང་ཁྱད་གསོད་དང། མཐོང་ཆུང། ཕྲུ་གུ་ལ་དེ་ཙམ་གྱིས་སེམས་ཁུར་མེད་པའི་རྣམ་འགྱུར་ཐོན་ན། ཕྲུ་གུའི་ཀླད་པའི་ནང་ལ་སྐྱོན་ཆེན་པོ་འགྲོ་གི་ཡོད་ཚོད་འདུག
དེ་ནས་འཛིན་གྲྭའི་ནང་ལ། དགེ་རྒན་ཚོས་སྐབས་བབ་སློབ་ཚན་ངོ་སྤྲོད་བྱེད་ཐུབ་ཙམ་མིན་པར། ཕྲུ་གུ་ལ་རྣམ་འགྱུར་སྟོན་སྟངས་དང། ཕྲུ་གུའི་བསམ་བློ་འཁྱེར་སོ། ཕྲུ་གུ་འདི་དག་གི་མི་ཚེའི་མདུན་ལམ་བསྟན་རྒྱུའི་ལས་འགན་ཡོད་པ་ཞིག་ཡིན་བསམ་པའི་ཐོག་ནས་སློབ་སྦྱོང་སྤྲོད་དགོས།
    དགེ་རྒན་གྱི་ངོས་ནས་བྱམས་བརྩེའི་ཚོར་བ་ཁྱོན་ནས་མེད་པར་སློབ་ཚན་དེ་སྐད་འཁོར་བཏང་བའི་བཟོ་འདྲ་ཞིག་བཤད། ཆུ་ཚོད་ཟིན་པ་དང། སྐད་འཁོར་བཀག་པ་ལྟར་ཁྲོག་སེ་བཞག་ནས་ཕྱིན་པ་ཡིན་ན་གཏན་ནས་མི་འགྲིག གཞན་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་དེ་ཚོའི་ཚོར་སྣང་དེ་དག་དགེ་རྒན་གྱི་རྣམ་འགྱུར་སྤྱོད་ལམ་གྱི་ཐོག་ནས་ཕྲུ་གུ་ལ་མྱོང་ཚོར་སླེབས་ཐུབ་པ་ཞིག་བྱུང་བ་ཡིན་ན་དགེ་མཚན་ཤིན་ཏུ་ཆེན་པོ་ཡོད། ཕྲུ་གུའི་ངོས་ནས་ཡིན་ནའང། དགེ་རྒན་དེས་ཕྲུ་གུའི་མི་ཚེའི་མདུན་ལམ་ལ་སེམས་ཁུར་ཡོད་པའི་ཐོག་ནས་སློབ་གསོ་སྤྲད་པ་དེ་དག་ཕྲུ་གུའི་སེམས་ཀྱི་གཏིང་ལ་ཟུག་ཐུབ་པའི་ཁྱད་པར་ཡོང་གི་རེད་བསམ་གྱི་འདུག
    དེར་བརྟེན། ཁྱིམ་ཚང་ནང་ལ་ཕ་མ་ཚོས་ཕྲུ་གུར་བྱམས་སྐྱོང་ཐོག་ནས། ཕྲུ་གུའི་གཤིས་ཀ་བྱམས་བརྩེའི་ཚོར་བ་ཕྱི་འཚོས་ནང་འཚོས་ཡོང་ཐབས་བྱས། འཛིན་གྲྭའི་ནང་དགེ་རྒན་ཚོས་ཉིན་རེ་བཞིན་དུ་ཕྲུ་གུར་བྱམས་བརྩེའི་ཚོར་སྣང་བསྐྱེད་ཐབས་བྱས་ཏེ་དེ་གཉིས་ཟུང་འབྲེལ་བྱུང་བ་ཡིན་ན། དེ་འདྲའི་འོག་ནས་ལོ་བཅུ་ཙམ་གྱི་དུས་ཚོད་བསྐྱལ་བའི་ཕྲུ་གུ་དེ་ཏན་ཏན་མི་འདྲ་ཙམ་ཞིག་ཡོང་གི་རེད།5
    དེང་སང་ང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་ཕྲུ་གུར་རོགས་རམ་བྱེད་མཁན་མང་པོ་ཡོད་སྟབས། སྐབས་རེ་ངན་ལང་ཤོར་བ་ལྟ་བུ་བྱས་ཏེ་ཕྲུ་གུའི་སློབ་སྦྱོང་གི་འགྲོ་སོང་གཏོང་རྒྱུ་ཕ་མར་འགན་འཁྲི་མེད་པ་ལྟ་བུའི་བསམ་ཚུལ་ཡོང་གྲབས་བྱེད་ཀྱི་མེད་དམ་བསམ་གྱི་འདུག ང་ཚོར་རོགས་རམ་བྱུང་བ་རྩ་བ་ཆེན་པོ་རེད། ཡིན་ན་ཡང་རོགས་རམ་ཁོ་ན་ལ་བརྟེན་རྒྱུའི་བསམ་བློ་ནམ་ཡང་གཏོང་མི་རུང། ཁྱིམ་ཚང་སོ་སོའི་ངོས་ནས་འགན་ཆ་ཚང་ཐེག་པ་བྱེད་དགོས། རང་འགན་ཐེག་པ་བྱེད་རྒྱུ་ལ་དང་དོད་བྱེད་དགོས། དེ་འདྲ་ཞིག་གི་ལམ་ལ་ང་རང་ཚོ་འགྲོ་ཐུབ་པ་ཡོང་གི་རེད། ཕྱིན་ཆད་ང་རང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་བའི་མཚམས་ལ་བོད་ནང་རྒྱ་མིའི་བཙན་དབང་གི་འོག་སྡོད་མཁན་ཚོས་ང་ཚོར་དགའ་བསུ་ཞུ་གི་རེད། འདི་གལ་ཆེན་པོ་འདུག ཁྱེད་རང་ཚོ་སེམས་ལ་ངེས་པ་བྱེད་དགོས། 6
    སྐབས་རེ་ཁྱིམ་ཚང་ཚོའི་ནང་ནས་ཕྲུ་གུ་སློབ་སྦྱོང་མཐའ་མ་བསྐྱལ་བར་སོ་སོའི་ནང་ལས་བསྐུལ་རྒྱུ་དང། གཉེན་སྒྲིག་བྱེད་རྒྱུ་དེ་འདྲའི་ཐོག་ནས་ཕྲུ་གུ་སློབ་སྦྱོང་མཇུག་སྐྱོང་མ་ཐུབ་པ་བྱུང་ན་ཧ་ཅང་ཕངས་པོ་རེད། ཕྲུ་གུ་དོ་བདག་སོ་སོའི་ངོས་ནས་སློབ་སྦྱོང་བྱེད་མ་ཐུབ་པ་དང། དམིགས་བསལ་གྱི་གནས་ཚུལ་བྱུང་ན་ཁག་ཁག་རེད་མ་གཏོགས། གཞན་སློབ་སྦྱོང་ཚད་མཐོར་འགྲོ་ཐུབ་པའི་འབད་བརྩོན་བྱེད་དགོས། ང་ཚོ་འཕྲལ་སེལ་གཞིས་ཆགས་ཚོའི་ནང་ལ་མི་ཚེ་བསྐྱལ་རྒྱུའི་དོན་དག་གཅིག་པུ་མིན་པར་བོད་རང་དབང་བསྐྱར་ལེན་བྱེད་རྒྱུའི་ལས་འགན་འཁྲི་ཡོད། ཕྱིན་ཆད་བོད་ནང་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐབས་ལ་ཁྱེད་རང་ཚོས་བོད་བསྟན་སྲིད་སྤྱི་སྒོས་ཀྱི་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་ཕན་ཐོགས་བསྒྲུབ་ཐུབ་པ་ཞིག་བྱུང་བ་ཡིན་ན་ཕ་མ་ཚོ་ཡིན་ནའང་སྤོབས་པ་བྱས་ཆོག་པ་ཞིག་དང། ཕ་མའི་དྲིན་ལན་གསབ་ཐུབ་པ་ཞིག་ཡོང་གི་རེད།7
    ཕྲུ་གུ་ཚོར་ལྟ་རྟོག་བྱེད་མཁན་མ་མ་ཚོའི་ངོས་ལ་བརྗོད་ན། འཚར་ལོངས་ཡོང་བཞིན་པའི་ཕྲུ་གུ་ཚོའི་བསམ་བློའི་ཤིན་ཏུ་གཉོད་ཆུང་ཞིག་ཡོད་པ་འདི་དག་ས་བོན་གྱི་མྱུ་གུ་ཇི་བཞིན་སྐྱེས་འཚར་ཡོང་བའི་སྐབས་ལ་ཁོང་ཚོའི་བསམ་བློའི་འཕེལ་ཤུགས་དང་བསྟུན་ནས་མུ་མཐུད་བསམ་བློ་འཕེལ་རྒྱས་ཡོང་བ་བྱེད་དགོས་པ་ལས་ཞེད་སྣང་དང། དངངས་སྐྲག འཚེར་སྣང་སྐྱེ་བ་བཅས་ཀྱི་བྱ་ཐབས་བཟུང་ན་ཁོང་ཚོའི་སློབ་སྦྱོང་བྱེད་འདོད་ཀྱི་བསམ་བློ་རིམ་པས་སྦུག་འགག་ཐེབས་ན་ཡག་པོ་མེད། འདི་གལ་ཆེན་པོ་ཡིན།
    ཡང་ང་རང་ཚོ་ཉོན་མོངས་དུག་གསུམ་ལ་ཐོག་མ་མེད་པ་ནས་གོམས་འདྲིས་ཡོད་པ་ཞིག་ཡིན་པ་དང་འཚར་ལོངས་ཡོང་བཞིན་པའི་ཕྲུ་གུ་ཆུང་ཆུང་དེ་ཚོར་ཡང་ཉོན་མོངས་དུག་གསུམ་ཡོད་པས་དེའི་གཞན་དབང་དུ་ཕྱིན་ན་གོ་ལོག་བཙལ་རྒྱུའི་ཉེན་ཁ་ཡོད་པས་དེ་རིགས་ལ་སྟངས་འཛིན་ངེས་པར་བྱེད་དགོས། ཡག་ཤོས་ཕྲུ་གུ་རང་ཉིད་ཀྱིས་སྐྱོན་དང་ཡོན་ཏན་ཤེས་པའི་སྒོ་ནས་རིམ་པས་སྒྲིག་རང་ཁུར་ཐུབ་པ་ཞིག་བྱུང་ན་མཆོག་དམ་པ་རེད། དེ་མེད་ན་དགེ་རྒན་དང། ཕ་ཚབ་མ་ཚབ་དང་ཕྲུ་གུ་ཚོ་དབར་གྱི་རྒྱུན་གྱི་འབྲེལ་བ་དེ་ཕན་ཚུན་གཅིག་གིས་གཅིག་ལ་བྱམས་བརྩེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན། ཕྲུ་གུ་ཚོས་ཀྱང་ཁྱིམ་ཚང་གི་ཕ་མ་ཚོར་སོ་སོའི་ཕ་མ་ངོ་མ་ལྟར་སེམས་ཀྱི་གཏིང་ནས་དགའ་པོ་བྱས་ཏེ་བློ་གཏད་བཅོལ་ནས་བརྩི་བཀུར་བྱེད་པ་ཞིག་ཡོང་ཐུབ། དེ་ལྟར་བྱུང་ན་བརྩི་བཀུར་ཡོད་པའི་མི་དེས་སྟངས་འཛིན་ཕྲན་བུ་བྱས་པར་ཕྲུ་གུའི་སེམས་ནང་མི་དགའ་བ་དང་ཞེད་སྣང་ཕལ་ཆེར་ཡོང་གི་མ་རེད་ལ། དགའ་ཞེན་གྱི་ཐོག་ནས་སོ་སོའི་སྤྱོད་ལམ་བསྒྱུར་བཅོས་གཏོང་བ་ཡོང་སྲིད།
    གཞི་རྩའི་དགའ་ཞེན་མེད་པར་ཕྲུ་གུས་ཐོག་མར་ཞེད་སྣང་དང། དེ་ནས་རིམ་པས་ངོ་ལྐོག་བྱེད་པའི་གནས་ཚུལ་ཞིག་ཡོང་གི་རེད། གང་ལྟར་ཕྲུ་གུ་ཆུང་ཆུང་འཚར་ལོངས་ཡོང་མཁན་ཚོའི་བསམ་བློ་གཅེས་སྐྱོང་བྱེད་རྒྱུ་འདི་འཛིན་གྲྭའི་ནང་གི་གནས་ཚུལ་ཙམ་མིན་པར། ཁྱིམ་ཚང་སོ་སོའི་ནང་ཉིན་ཞག་ཕྲུགས་གཅིག་གི་དུས་ཡུན་རིང་ཕྱོགས་གང་ས་ནས་གཟབ་གཟབ་བྱེད་དགོས་པའི་ལས་ཀ་གལ་ཆེ་ཞིག་ཡིན།
གཙོ་བོ་ངས་རྒྱུན་དུ་བརྗོད་པའི་ཕན་སེམས་དང། བྱམས་བརྩེ་ཞེས་པ་འདི་ཡོད་པ་ཡིན་ན་དེས་རང་ཤུགས་སུ་མི་ཕན་ཚུན་བར་སེམས་དང་སེམས་མཐུན་པའི་སྦྱར་རྩི་ལྟ་བུའི་ནུས་པ་ཐོན་རྒྱུ་རེད། དགེ་རྒན་དང་ཕ་ཚབ་མ་ཚབ་ཚོས་སེམས་པགས་སྲབ་ཅིང་གཉོད་ཆུང་གི་བསམ་བློ་ཡོད་པའི་ཕྲུ་གུ་ཚོའི་བསམ་བློ་ཡར་རྒྱས་ཀྱི་འགལ་རྐྱེན་དུ་མི་འགྲོ་བའི་ཐོག་ནས་ཁོང་ཚོ་ལམ་ཡང་དག་པ་ཞིག་གི་ཐོག་འཁྲིད་རྒྱུ་འདི་དངོས་གནས་ཆོས་ཀྱི་ཐོག་ནས་བཤད་ན་སོ་སོའི་འདི་ཕྱིའི་ལེགས་ཚོགས་ཀྱི་བསོད་ནམས་གསོག་པའི་གོ་སྐབས་ཡག་པོ་ཞིག་ཡིན། ཆོས་ཉམས་ལེན་བྱས་ཏེ་ཁ་ཏོན་དགེ་སྦྱོར་མང་པོ་བྱེད་མ་ཐུབ་ཀྱང་ཕན་པའི་བསམ་བློས་ཀུན་ནས་བསླངས་ཏེ་མི་སྤྱི་དང། ལྷག་པར་མ་འོངས་པའི་མི་ཚེ་གཞི་ནས་བསྐྱལ་རྒྱུའི་གཞོན་སྐྱེས་འཚར་ལོངས་ཡོང་མཁན་རྣམས་ལ་ལྟ་རྟོག་ཡག་པོ་བྱེད་ཐུབ་ན། དེ་ནི་དངོས་གནས་བསོད་ནམས་ཀྱི་ཚོགས་རླབས་ཆེན་བསགས་པ་ཞིག་ཡིན།8
    ཆོས་ཁས་བླངས་རུང་མ་བླངས་རུང་མི་དང་མིའི་ཕན་ཚུན་བྱམས་བརྩེའི་འཚོ་བའི་འོག་ནས་གཅིག་གིས་གཅིག་ལ་དངོས་གནས་བློ་དཀར་སེམས་དཀར་བྱས་ནས་སྡོད་ཐུབ་པ་ཞིག་བྱུང་བ་ཡིན་ན་སོ་སོ་རང་ཉིད་སྐྱིད་པོ་དང། ཁྱིམ་ཚང་སྐྱིད་པོ། སྤྱི་ཚོགས་ཀྱང་སྐྱིད་པོ་བཅས་ཡོང་གི་རེད། རིམ་པས་འཛམ་བུ་གླིང་སྤྱི་ལ་བདེ་བ་ཡོང་ཐུབ་ཀྱི་རེད། གདོང་ནས་གད་མོ་བགད་པ་དང། ཁ་ནས་ཞེ་ས་བྱེད་པ་དེ་ཚོའི་གྲས་ཡ་རབས་སྤྱོད་བཟང་གི་གྲས་ཡིན་ཡང། གཙོ་བོ་སེམས་ཀྱི་ལྟ་སྟངས་འདི་ལ་ཐུག་ཡོད། དེ་ཚོ་ཁྱེད་རང་ཚོའི་སེམས་ལ་འཇགས་པ་བྱས། འདི་ཚོ་སློབ་ཚན་འདྲ་པོ་ཞིག་གི་ནང་ནས་ངོ་སྤྲོད་བྱེད་ཐབས་མེད།
གལ་ཆེ་ཤོས་ཕྲུ་གུ་ཚོར་ཆ་བཞག་ན་ཁྱིམ་ཚང་གི་ཕ་མ་ཚོ་དང། དགེ་རྒན་ཚོས་ཕྲུ་གུ་ལ་བྱམས་བརྩེ་ཟེར་བ་འདིའི་རིན་ཐང་དང་ཕན་ཐོགས་ཇི་ལྟར་ཡོད་པ་རྣམས་ཁྱེད་རང་ཚོའི་སྤྱོད་ལམ་གྱི་ཐོག་ནས་ཕྲུ་གུ་ལ་ངོ་སྤྲོད་བྱེད་དགོས། ཁ་ནས་བྱམས་བརྩེ་དང་ཡ་རབས་སྤྱོད་བཟང་བཤད་ཀྱིན་བཤད་ཀྱིན་ལ་སོ་སོའི་བྱེད་སྟངས་ཀྱི་ཐོག་ནས་ཕྲུ་གུར་སྡུག་སྦྱོང་བཏང། ཕྲུ་གུར་ཐུབ་ཚོད་བཤད། ཕྲུ་གུ་བེད་སྤྱོད་གང་བྱུང་མང་བྱུང་དེ་འདྲ་བྱས་པ་ཡིན་ན་སྙིང་པོ་གང་ཡང་ཡོད་པ་མ་རེད། ཕྲུ་གུའི་བསམ་བློའི་ནང་ལ་ལོག་ལྟ་སྐྱེས་ཀྱི་རེད། ཨ་ཙི། རྒན་ལགས་ཀྱིས་ཁ་ནས་ཡ་རབས་སྤྱོད་བཟང་ཟེར་གྱི་འདུག་སྟེ་བྱེད་སྟངས་དེ་ནི་ཁྱད་མཚར། བྱམས་པ་དང་བརྩེ་བ་ཟེར་བ་དེས་ཕན་ཐོགས་གང་ཡང་མི་འདུག བྱམས་པ་དང་བརྩེ་བ་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་དམ་བསམ་པ་དྲན་ན་སྙིང་པོ་ག་རེ་བྱུང་སོང། དེས་ན་ཡ་རབས་སྤྱོད་བཟང་ཟེར་བ་འདི་རྒན་པ་ཚོའི་སྤྱོད་ལམ་གྱི་ཐོག་ནས་ཕྲུ་གུར་ངོ་སྤྲོད་བྱེད་རྒྱུ་རེད་མ་གཏོགས། ཁ་ནས་འདྲ་ཆགས་པོ་བཤད་པ་གཅིག་པུས་ཕན་ཐོགས་རྒྱུ་ཁག་པོ་རེད།
    ང་རང་ནམ་རྒྱུན་འདི་འདྲ་དྲན་པ་དང། མི་ལའང་དེ་བཞིན་བཤད་ཀྱི་ཡོད། མི་ལ་བྱམས་བརྩེ་ཟེར་བ་སློབ་སྦྱོང་ངོ་མ་སྤྲོད་མཁན་དེ་ཨ་མ་རེད་མ་གཏོགས་བླ་མ་རེད་མི་འདུག་ཅེས་བཤད་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོ་སྐྱེས་པའི་སྐབས་ཨ་མས་སོ་སོའི་ལུས་ཀྱི་འོ་མ་སྤྲད། སོ་སོའི་ལུས་ཀྱི་ཆ་ཤས་ནང་བཞིན་དུ་བལྟས་ཏེ་བྱམས་བརྩེས་གསོ་སྐྱོང་བྱེད་མཁན་དེ་ཨ་མ་ཡིན་པ་རེད། སྤྱིར་བཏང་བྱས་ན། ང་ཚོ་ལ་བྱམས་བརྩེའི་རིན་ཐང་ཨ་མས་བསླབས་མི་འདུག་གམ། བྱམས་བརྩེའི་ངོ་སྤྲོད་ལག་ལེན་གྱི་ཐོག་ནས་ཉིན་རེ་བཞིན་དུ་ཕྲུ་གུ་ཚོའི་བསམ་བློའི་ནང་ལ་འཇགས་ཐབས་བྱེད་རྒྱུ་དེ་གལ་ཆེན་པོ་འདུག ཕྲུ་གུ་ཚོ་སྡོད་སའི་ཁྱིམ་ཚང་གི་ཕ་མ་ཚོས་འདི་བསམ་བློ་གཏོང་དགོས།9
    འཕྲལ་སྒང་ལྟོ་གོས་ཀྱི་དོན་ལ་སུད་ཊར་གྱིས་མཚོན་པས་ཚོང་འཁོས་ལས་རིགས་འདྲ་མིན་བྱེད་སྐབས་ཡ་རབས་བཟང་པོའི་གོམས་སྲོལ་དང་མ་འགལ་བ་བྱེད་དགོས། མ་རབས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕྱུག་པོ་ཆགས་པ་ལ་མིག་དཔེ་བལྟ་རྒྱུ་མེད། མ་རབས་དང་མགོ་བདེ་དྲན་འཕྲུལ་བྱས་ནས་བྱུང་བའི་དངུལ་དེ་དག་བེད་སྤྱོད་བྱེད་སྐབས་སྐྱིད་པོ་མེད་ལ། ཐ་མ་རང་ཉིད་འཆི་རྒྱུ་ཡིན་པ་དེ་སྐབས་འགྱོད་པ་སྐྱེས་ཀྱང་འཕྱིས་དྲགས་པ་ཡིན། མ་ཤི་གསོན་པའི་རིང་ལ་རྒྱུ་འབྲས་དཔང་འཕེར་གྱི་ལས་ཀ་བྱས་ན་འཆི་ཁར་འགྱོད་པ་མེད་པ་ཞིག་ཡོང་རྒྱུ་ཡིན། མི་ཚེ་ཡ་རབས་ཀྱི་ཐོག་ནས་བསྐྱལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བོད་མི་རིགས་ཀྱི་ངོས་ནས་བཤད་ན་ང་ཚོར་འཛམ་གླིང་ཐོག་མཐོང་དང་ཆ་འཇོག་ཡོད་པ་འདི་ཡ་རབས་སྤྱོད་བཟང་ལ་བརྟེན་ནས་བྱུང་བ་ཡིན། ད་དུང་ཡང་ཚང་མས་བོད་མི་རིགས་ཀྱི་ཆེ་མཐོང་མ་བརླག་པའི་ཆེད་དུ་མི་བཟང་པོ་ཡ་རབས་ཤིག་བྱ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད།10

དགེ་རྒན་གྱི་འོས་འགན།

ཕོགས་ཐོབ་རྗེས་འབྲེལ་གྱི་ལས་ཀ་ཡིན་མ་བསམ་པར་རང་དོན་རང་གཅེས་བྱེད་དགོས།

    ང་རང་ཚོ་བོད་པ་རེད། བོད་མི་རིགས་ཟེར་བ་འདི་དེང་སང་གི་དུས་ཚོད་ལ་ཉམ་ཐག་པོ། སྐྱབས་མེད་མགོན་མེད། དཔུང་གཉེན་བྲལ་བ་ཞིག་ཆགས་ནས་བསྡད་ཡོད་པ་དང། བོད་སྤྱི་པའི་དོན་དག་གི་འགན་ཁུར་དེ་མི་རེ་ངོ་རེའི་སྒང་ལ་འཁྲི་ཡོད་པ་ཡིན་པས་དེ་ལ་དཔགས་པའི་རང་རང་སོ་སོར་སྐབས་སུ་བབ་པའི་ལས་རིགས་གང་འདྲ་ཞིག་གི་ལས་འགན་ཡོད་ན་ཡང་དེ་ལ་སོ་སོའི་ནུས་པ་གང་ཡོད་བཏོན་ནས་ཧུར་ཐག་བྱས་ཏེ་སྒྲུབ་ཐུབ་པ་བྱེད་དགོས།
    བྱེ་བྲག་ཏུ་ཁྱེད་རང་ཚོ་མིའི་ཤེས་ཡོན་ནམ། བློ་གྲོས་གོང་མཐོར་སྤེལ་བའི་ལས་ཀ་བྱེད་མཁན་ཡིན་པ་རེད། སོ་སོའི་སྒེར་གྱི་ཕོགས་དང། སོ་སོའི་མི་ཚེ་གཅིག་གི་འགྲོ་སྟངས་བསམ་བློ་གཙོ་བོར་བཏང་ནས་དེའི་དོན་དུ་སློབ་གྲྭའི་ལས་ཀ་བྱེད་ཀྱི་ཡོད་བསམ་པའི་མནོ་བསམ་འཁོར་ན་ནི་ནོར་བ་རེད། བསམ་བློ་དེ་འདྲ་མ་ཡིན་པར། སོ་སོ་མི་རང་ཡིན་སྟབས་ཟས་གོས་གནས་མལ་གྱིས་མཚོན་པའི་མཐུན་རྐྱེན་ཞིག་དགོས་པ་དེ་ཞོར་དང། གཙོ་བོ་མིའི་ཤེས་བྱ་ཡོན་ཏན་ཡར་རྒྱས་འགྲོ་བའི་ཞབས་འདེགས་ཞུ་གི་ཡོད་བསམ་པ་བྱས་ཏེ་དེའི་སྟེང་དུ་སེམས་ཤུགས་བསྒྲིལ། སྙིང་སྟོབས་བསྐྱེད་དེ་ཧུར་ཐག་བྱེད་ཀྱི་ཡིན་ན། ཁྱེད་རང་ཚོའི་བྱ་བ་ཧ་ཅང་བཟང་པོ་རེད། མི་ལ་རྒྱུ་ནོར་ལོངས་སྤྱོད་སྦྱིན་པ་བཏང་བ་ལས། མིའི་བློ་གྲོས་འཕེལ་ཐུབ་པ་ཞིག་དང། མིའི་བསམ་བློ་ཡར་རྒྱས་འགྲོ་ཐུབ་པ་ཞིག་ལ་རོགས་རམ་བྱེད་ཐུབ་པ་དེ་རླབས་ཆེ་བ་དང། དོན་ཕན་ཆེ་བ་ཡིན།11
    ང་ཚོ་བོད་མི་རིགས་སྔར་ཆོས་རྒྱལ་ཚོའི་སྐབས་ནས་དུས་ད་ལྟ་བར་དུ་རྒྱ་དཀར་ནག་སུ་དང་མ་འདྲེས་པའི་མི་རིགས་འདི་དེང་སང་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ལ་སླེབས་ཡོད་སྟབས། བོད་པ་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་བོད་མི་རིགས་སྲུང་སྐྱོབ་དང། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་འགན་ཁུར་ཡོད། ལྷག་པར་དུ་སློབ་གྲྭའི་ལས་ཀའི་ནང་ལ་འབྲེལ་བ་ཡོད་མཁན་ཁྱེད་རང་ཚོ་མ་འོངས་པའི་བོད་མི་རིགས་རིག་གཞུང་དང་བཅས་པའི་འཛུགས་སྐྲུན་གྱི་ཐོག་ལ་གལ་ཆེན་པོ་ཡིན་པའི་ཕྲུ་གུ་འདི་དག་དང་ཐད་ཀར་འབྲེལ་བ་ཡོད་པར་བརྟེན། ཕོགས་ཐོབ་རྗེས་འབྲེལ་གྱི་ལས་ཀ་ཡིན་བསམ་པ་དང། སྐྱོན་མ་ཐོན་ཙམ་བྱུང་ན་འགྲིག་གི་རེད་བསམ་པའི་བཟོ་འདྲ་པོ་བྱས་ན་ཤིན་ཏུ་ནོར་འཁྲུལ་རེད། དངོས་གནས་དམིགས་བསལ་སེམས་ཁུར་བླངས་ཏེ་རང་འགན་ཚུལ་བཞིན་བསྒྲུབ་དགོས།12
    བོད་རྒྱ་ཆེའི་མི་མང་དེ་དག་གིས་ང་ཚོ་བཙན་བྱོལ་བའི་ཐོག་ལ་རེ་བ་བརྒྱབ་ནས་བསྡད་ཡོད། ང་རང་ཚོ་བཙན་བྱོལ་བ་ཚོའི་ངོས་ལ་ཆ་བཞག་ནའང་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་ལ་ཕར་ལྟོས་ནས་བསྡད་ཡོད་པས་དེ་གཉིས་པོ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཞིག་ཆགས་ཡོད། གང་ལྟར་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་དེ་དག་གིས་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོའི་སྟོབས་ཤུགས་ལ་རེ་བ་བརྒྱབ་སྟེ་བསྡད་ཡོད། ང་ཚོ་འདིར་མི་ཐོག་རྒན་པ་ཚོ་རྫོགས་འགྲོ་གི་ཡོད་པ་དང། མི་ཐོག་གཞོན་སྐྱེས་འདི་དག་གིས་མུ་མཐུད་དེ་བོད་སྤྱི་པའི་དོན་དག་ལ་སེམས་ཤུགས་བསྒྲིལ་ནས་མི་ཐོག་གོང་མ་ཚོའི་རྒྱུན་མཐུད་ཐུབ་པ་བྱ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་འདུག
    ང་རང་ཚོ་བོད་རྒྱ་ཆེའི་མི་མང་མ་འོངས་པར་གང་འདྲ་ཞིག་ཡོང་དང་མི་ཡོང་ནི་ད་ལྟ་སློབ་སྦྱོང་བྱེད་བཞིན་པ་བོད་ནང་ཡོད་མཁན་ཚོ་ཡིན་ནའང་འདྲ། བོད་ཕྱི་ལ་ཡོད་མཁན་ཚོ་ཡིན་ནའང་འདྲ། དེ་དག་གི་ལྷག་བསམ་དང་ཤེས་ཡོན་ལ་རག་ལས་ཡོད། སློབ་སྦྱོང་བྱེད་མཁན་གྱི་མི་ཐོག་གསར་པ་འདི་དག་ནི་སོན་རྩ་ལྟ་བུ་ཡིན་པས་འདི་དག་ཡག་པོ་ཞིག་མ་བྱུང་ན། ང་ཚོའི་མི་ཐོག་རྒན་པ་ཚོས་འཆར་གཞི་བཀོད་དེ་ལས་ཀའི་གོ་རིམ་ཡག་པོ་ཞིག་བསྒྲིགས་ཀྱང་མཇུག་མཐུད་མཁན་འདི་དག་ཡག་པོ་མ་བྱུང་ན་ཧ་ཅང་ཁག་པོ་རེད།
    བོད་ནང་ཡོད་པའི་ན་གཞོན་ཚོ་ད་ལྟ་རྒྱ་མིའི་ལག་པའི་ནང་བསྡད་ཡོད་སྟབས་ཁོ་ཚོར་བྱ་ཐབས་མེད་པ་དང། སྤྱིར་བཏང་བོད་པ་མི་རེ་ངོ་རེའི་ཆ་ནས་ལྷག་བསམ་ཆེན་པོས་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་ཁོ་ཚོས་དེ་ཙམ་བྱེད་ཐུབ་ཐབས་མེད། ང་ཚོ་རང་དབང་ལུང་པའི་ནང་ཡོད་པ་རྣམས་ལ་སོ་སོས་མ་བྱས་ན་མ་གཏོགས། བྱས་ན་གོ་སྐབས་བཟང་པོ་ཞིག་ཡོད་པ་རེད། གྲངས་ཀའི་ཆ་ནས་གཞིས་ལུས་རྒྱ་ཆེའི་མི་མང་དང་བསྡུར་བ་ཡིན་ན་བཙན་བྱོལ་གྱི་བུ་ཕྲུག་རྣམས་གྲངས་ཀ་ཉུང་ཤས་ཤིག་ཡིན་ན་ཡང་རང་དབང་གི་འཚོ་བར་ལོངས་སྤྱོད་རྒྱུའི་གོ་སྐབས་ཡོད་པ་འདི་དམིགས་བསལ་གྱི་ཁྱད་ཆོས་དང། དམིགས་བསལ་གྱི་གནས་ཚུལ་ཞིག་ཆགས་ཡོད། འདི་ཚང་མས་གལ་ཆེན་པོ་ཞིག་ལ་བརྩིས་ནས་གཟབ་གཟབ་བྱེད་དགོས།13
    ཕྲུ་གུ་ཚོར་སློབ་ཚན་གང་བསླབས་པ་ཚང་མ་ཤ་ཚའི་ཐོག་ནས་སློབ་དགོས། ཁྱེད་རང་ཚོས་ཕྲུ་གུ་རེ་རེའི་མ་འོངས་པའི་མི་ཚེ་གང་པོའི་མདུན་ལམ་གྱི་དོན་དག་ལ་སེམས་ཁུར་བླངས་ནས་བསླབས་པ་ཡིན་ན། ཕྲུ་གུ་ཚོའི་ཆ་ནས་དགེ་རྒན་ལ་རང་ཤུགས་ཀྱིས་གུས་བརྩི་བྱེད་པ་ཞིག་ཡོང་གི་རེད་ལ། ཕྲུ་གུ་རེ་རེའི་ཐོག་སེམས་ནས་དགེ་རྒན་ལ་དགའ་བའི་གུས་བརྩི་བྱེད་པའི་གཞི་རྩའི་ཐོག་སློབ་ཚན་གང་བསླབས་པ་དང། བསླབ་བྱ་བརྒྱབ་པ་རྣམས་སེམས་ལ་འཇགས་པོ་ཡོང་གི་རེད།
    དགེ་རྒན་གྱིས་འཛིན་གྲྭར་སློབ་དགོས་པ་དེ་ཁྲལ་གྱི་བཟོ་འདྲ་ཞིག་བསླབས་པ་ཡིན་ན། ཕྲུ་གུ་ཚོའི་བསམ་བློའི་ནང་ལའང་ཁྲལ་གྱི་འདུ་ཤེས་སླེབས་པ་མ་གཏོགས། བསླབས་པ་རྣམས་སེམས་ཀྱི་གཏིང་ལ་འཇགས་ཐུབ་པ་ཞིག་ཁག་པོ་རེད། དགེ་རྒན་གྱི་སྤྱོད་ལམ་ཡག་པོ་དགོས་པ་དང། དགེ་རྒན་གྱི་སེམས་པ་བཟང་པོ་དགོས་པ་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པ་དེ་ཁྱེད་རང་ཚོའི་སེམས་ལ་འཇོག་དགོས།14
གཞན་ཕན་ལྷག་བསམ་གྱི་གོམས་གཤིས་དེ་ཚིག་གིས་ངོ་སྤྲོད་རྒྱུ་ཞིག་མིན་པར། སྤྱོད་ལམ་གྱི་ཐོག་ནས་ངོ་འཕྲོད་དགོས་པ་ཞིག་རེད། དེ་ལ་དགེ་རྒན་ཚོས་དམིགས་བསལ་གྱི་དོ་སྣང་བྱེད་དགོས་ཀྱི་འདུག དེ་འདྲའི་ལྷག་བསམ་དང། སེམས་ཁུར་ཡོད་པ་ཡིན་ན། དགེ་རྒན་ཚོས་ཕྲུ་གུ་ལ་ཤེས་ཡོན་འཇགས་ཐབས་གང་དྲག་བྱས་ནས་དུས་ཚོད་ཆུད་ཟོས་གཏོང་གི་མ་རེད། ལེ་ལོ་དང་སུན་སྣང་བྱེད་ཀྱི་མ་རེད། སེམས་ཀྱི་ནང་ལྷག་བསམ་མེད་པར་དངུལ་གཅིག་པུ་ལ་བལྟས་ནས་ལས་ཀ་བྱས་པ་ཡིན་ན་ཁག་པོ་རེད།
    དཔེར་ན། མོ་ཊའི་ནང་གི་སྣུམ་དང་འཕྲུལ་ཆས་ཀྱིས་ལས་ཀ་ཡག་པོ་མ་བྱས་ན། ཕྱི་ནས་མི་ཤུགས་ཀྱིས་འབུད་རྒྱག་བྱེད་དགོས་བྱུང་ན། ཁུངས་འཁྱོལ་ཐབས་མེད། མི་ལ་ལྷག་བསམ་གྱི་སེམས་ཁུར་ཡོད་ན། ནད་བརྒྱ་སྨན་གཅིག་ལྟ་བུར། རིགས་མང་པོ་ཞིག་གི་དཀའ་ངལ་དང་འཐུས་ཤོར་སེལ་ཐུབ་ཀྱི་རེད།15
ཤེས་ཡོན་ཡག་པོ་ཞིག་ཡོད་ན་ཡང། རྩ་བའི་ལྷག་བསམ་གྱི་རྒྱབ་མ་ཁྱོག་ན་དོན་སྙིང་ལྡན་པ་ཞིག་ཡོང་མི་ཡོང་ཐེ་ཚོམ་རེད། སློབ་གྲྭའི་ནང་ལ་ཤེས་ཡོན་སྤྲད་པ་དང་ཆབས་ཅིག་གཞི་རྩའི་སློབ་ཕྲུག་འཚར་ལོངས་བྱེད་མཁན་འདི་དག་མི་བསམ་པ་བཟང་པོ་དང། མི་ཡ་རབས་ཡོང་ཐབས་ལ་དོ་འཁུར་ཆེན་པོ་བྱེད་དགོས།
    ཡ་རབས་བཟང་སྤྱོད་ཟེར་བ་དེ་འཛིན་གྲྭའི་ནང་ལ་བཤད་པ་ཙམ་གྱིས་མི་འགྲིགས་པར་ཕྲུ་གུའི་གོམས་གཤིས་ལ་འཇགས་ཐུབ་པ་ཞིག་དགོས་པར་བརྟེན། དགེ་རྒན་ཚོའི་ངོས་ནས་རྒྱུན་གྱི་རྣམ་འགྱུར་སྟོན་སྟངས་དང། སྤྱོད་ལམ་འཁྱེར་སྟངས། མདོར་ན། སྐད་ཆ་བཤད་སྟངས་ཚུན་ངང་རྒྱུད་རིང་པོ་དང། ཞི་ཞིང་དུལ་བ། ཕན་སེམས་ལྡན་པའི་རྣམ་འགྱུར་ཕྲུ་གུའི་མིག་དཔེར་འཇགས་པ་ཞིག་ངེས་པར་དུ་བསྟན་དགོས་ཀྱི་འདུག དགེ་རྒན་གཅིག་གིས་ཕྲུ་གུའི་མ་འོངས་པའི་མདུན་ལམ་ལ་སེམས་ཁུར་བླངས་ཏེ་ཤ་ཚ་ཕན་སེམས་ལྡན་པའི་ཐོག་ནས་སློབ་སྦྱོང་སྤྲད་པ་དང། དགེ་རྒན་གཞན་དག་གཅིག་གིས་སྤྱིར་བཏང་སློབ་སྦྱོང་སྤྲད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོང་གི་རེད། དགེ་རྒན་ངོས་ནས་སློབ་ཚན་བསླབ་པ་ཙམ་མ་ཡིན་པར་ཕྲུ་གུའི་བསམ་བློའི་ནང་ལ་ཡ་རབས་སྤྱོད་བཟང་གི་བག་ཆགས་འཇགས་ཐུབ་པའི་ཐབས་ཤེས་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་འདུག དེའི་སྐོར་ཕྲུ་གུ་སོ་སོའི་ཕ་མ་སྤུན་མཆེད་དགའ་ཉེ་བློ་དཀར་ཚོ་ལའང་ལས་འགན་ཆེན་པོ་ཞིག་འཁྲི་གི་ཡོད།16
    སྐབས་རེ་ང་ཚོས་གོ་ཐོས་ལ་ང་ཚོའི་སློབ་གྲྭའི་ནང་ལ་ཡོད་པའི་བོད་པའི་དགེ་རྒན་མང་ཆེ་བ་ཡག་པོ་ཡོད་ན་ཡང། ཁ་ཤས་ཀྱིས་མིག་ལྟོས་སྡུག་སར་བལྟས་ཏེ་འཛིན་གྲྭ་ཉི་མ་གང་འཁྱོལ་འདྲ་པོ་བྱེད་མཁན་འདུག་ཅེས་བཤད་མཁན་ཡོང་གི་འདུག17
    ཁྱེད་རང་རྒྱ་གར་དགེ་རྒན་ཚོས་བོད་པའི་ཤེས་ཡོན་ཐོག་ལ་ཞབས་འདེགས་བསྒྲུབས་པ་དང། ཞལ་འདེབས་རྒྱ་གང་ཆེ་བརྒྱབ་ཡོད་པས་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད། དེ་ནས་ང་རང་ཚོ་བོད་པའི་དགེ་རྒན་ཚོ་ནི་སོ་སོའི་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་རང་མི་རང་ལས་དང། རང་དོན་རང་གཅེས་ཀྱི་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་ཡག་པོ་རེད། སོ་སོའི་བོད་སྐད་ཐོག་ནས་ཕྲུ་གུ་ལ་གོ་བརྡ་སྤྲོད་རྒྱུ་ཡིན་སྟབས། གང་བྱས་ནའང་ཕྲུ་གུ་ལའང་ལས་སླ་བ་ཡོང་གི་རེད། གང་ལྟར་ཡང་སྙིང་སོ་སོས་རང་མི་རང་ལས་བྱེད་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་འདུག བོད་པའི་དགེ་རྒན་གཞོན་སྐྱེས་ཚོ་སོ་སོ་རང་ཉིད་རྒྱ་གར་ནང་སྐྱེས་པའམ། ཡང་ན་རྒྱ་གར་ལ་ཡོང་དུས་བྱིས་པ་ཆུང་ཆུང་རེད། ད་ཆ་སོ་སོར་སློབ་སྦྱོང་གང་ལ་གང་འཚམ་བྱུང། དེ་ནས་དགེ་རྒན་གྱི་ལས་འགན་འཁྱེར། དེ་ཡང་བོད་པའི་ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་རྒྱུའི་དུས་ཚོད་འདི་འདྲ་ཞིག་བྱུང་བ་ནི་ཤིན་ཏུ་རྩ་བ་ཆེན་པོ་དང། རླབས་ཆེན་རེད།18

སློབ་མའི་ལས་འགན།

ང་ཚོ་ཕན་ཚུན་དབར་མར་ལེ་སྟོང་ཕྲག་གིས་ཆོད་ན་ཡང་བོད་རིགས་ཡིན་པ་གཅིག་གྱུར་ཡིན།

    བོད་སྤྱི་པའི་དོན་དག་ལ། ང་རང་ཚོ་ཚང་མ་ཆབ་སྲིད་ཀྱི་ཐོག་ནས་བཙན་བྱོལ་བ་ཆགས་པ་རེད། སྲིད་དོན་གྱི་གནས་ཚུལ་གྱི་འོག་ནས་བཙན་བྱོལ་བ་ཆགས་པ་རེད་མ་གཏོགས། ང་རང་ཚོའི་ལུང་པའི་ནང་ལ་མུ་གེ་དང། ནད་ཡམས་བྱུང་ནས་བཙན་བྱོལ་ལ་ཆགས་པ་མ་རེད། དེ་འདྲ་ཡིན་སྟབས། ང་རང་ཚོ་ཚང་མར་རང་བཞིན་གྱིས་བསམ་བློའི་ནང་ལ་ལས་འགན་ཞིག་སླེབས་ཡོད། ལྷག་པར་དུ་བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་རྣམས་བོད་རང་དབང་ནམ་ཞིག་ལོན་ཡོང་བསམ་སྟེ་ཉིན་མཚན་མ་འཁྱོལ་བར་བསྡད་ཡོད་པས་ང་རང་ཚོ་ཚང་མས་བོད་སྤྱི་པའི་ལས་འགན་ཞིག་མཇིང་པའི་སྒང་ལ་ཡོད་པ་འདི་དུས་ནམ་ཡང་བརྗེད་རྒྱུ་ཡོད་པ་མ་རེད།19
    ང་རང་ཚོ་བོད་མི་ཁ་ཤས་འདི་ག་རྒྱ་གར་ལ་བསྡད། འགའ་ཤས་ནུབ་གླིང་གི་ཡུལ་ཁག་ལ་སླེབས་ནས་བསྡད། དེ་བཞིན་ང་རང་ཚོའི་མི་མང་ཆེ་བ་རྣམས་རང་དབང་གི་ལུང་པར་གནས་ནས་བསྡད་ཡོད། གང་ལྟར་ཁ་འཐོར་དགུ་འཐོར་ལྟ་བུར་ཕྱིན་ནས་དོན་སྙིང་ང་ཚོའི་བོད་ཀྱི་གནས་སྟངས་ཐབས་སྐྱོ་པོའི་ངང་ལ་བསྡད་ཡོད། ང་རང་ཚོ་སོ་སོའི་ལུང་པའི་ནང་ལ་དངོས་གནས་དྲང་གནས་གཉོམ་ཆུང་དང་ཁ་ཁུ་སིམ་པོ་བྱས་ནས་བསྡད་པ་ཞིག་ལ་ཐོབ་ཐང་མེད་པའི་ཕྱི་རྒྱལ་དབང་ཤུགས་ཀྱིས་ང་ཚོའི་ལུང་པ་བཙན་ཟོས་བྱས། སྲིད་དོན་གྱི་ཐོག་ནས་བཙན་གནོན་བྱུང་བ་ཡིན་ནའང་དངོས་ཡོད་གནས་ཚུལ་ཐོག་མི་མང་ལ་བདེ་སྐྱིད་དང། ཤེས་བྱ་ཡོན་ཏན་སོགས་གང་ཅིའི་ཐད་ནས་ཡར་རྒྱས་འགྲོ་རྒྱུ་ཞིག་ཡོད་ན་ཁྱད་གང་ཡང་མེད་རུང། དེ་འདྲ་མིན་པར་སྲིད་དོན་གྱི་རང་དབང་འཕྲོགས་པ་དང་ཆབས་ཅིག་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་རྩ་བ་ནས་བྲལ་བའི་གནས་ཚུལ་ཐབས་སྡུག་འདི་འདྲ་ཞིག་ལ་གྱར་ཏེ་གཞི་དེའི་འོག་ནས་ང་རང་ཚོ་ཁ་འཐོར་འདི་ཆགས་པ་རེད། དེ་འདྲའི་ང་ཚོ་ཕན་ཚུན་དབར་མལ་ལེ་སྟོང་ཕྲག་གིས་ཆོད་ནས་ཁ་བཀྲམས་ཏེ་བསྡད་ཡོད་པ་ཡིན་ནའང། རྩ་དོན་ང་རང་ཚོ་ཚང་མ་བོད་རིགས་ཡིན་པ་གཅིག་གྱུར་དང། བོད་མིའི་བདེ་དོན་ལ་བསམ་བློ་གཏོང་དགོས་པའི་སྙིང་གི་ན་ཚ་དེ་གཅིག་གྱུར་ཡིན་སྟབས། ང་རང་ཚོའི་རྩ་བའི་དོན་དག་བདེ་བ་བསྒྲུབ་རྒྱུ་དང། སྡུག་བསྔལ་སེལ་རྒྱུ་དེ་ང་རང་ཚོ་ཚང་མའི་ལས་འགན་དང་པོ་དེ་རེད།20
    ལྷག་པར་དུ་ང་རང་ཚོ་བོད་མི་རྣམས་ནས་ལས་འགན་བསྒྲུབ་རྒྱུ་ནི་བོད་མི་རིགས་སྤྱི་པའི་དོན་དག་འདི་རེད། ད་ལྟ་བར་དུ་ལོ་མང་རིང་ལ་ང་རང་ཚོ་བོད་པའི་སློབ་གྲྭ་ཞེས་ཟུར་དུ་བཙུགས་ནས་ཤེས་ཡོན་བསླབ་རྒྱུ། བོད་ཀྱི་སྐད་ཡིག་བསླབ་རྒྱུ། ཆོས་ཀྱི་ཐོག་ནས་བསླབ་རྒྱུ། སྲིད་དོན་གྱི་སློབ་གསོ་གཏོང་རྒྱུ་སོགས་འ་འུབ་འདུས་ལ་མ་འདུས་བྱས་ཏེ་འབད་རྩོལ་བྱེད་དགོས་བྱུང་དོན་ནི་ང་ཚོ་སྲིད་དོན་གྱི་བཙན་བྱོལ་བ་ཆགས་པའི་ཉེར་ལེན་གྱིས་ང་ཚོས་ལས་ཀ་དེ་འདྲ་བྱེད་དགོས་བྱུང་བ་རེད། ང་ཚོའི་རྩ་བའི་ན་ཚ་དེ་ད་ལྟ་སངས་མེད་པ་དང། ང་ཚོའི་འདོད་དོན་སྙིང་པོ་དེ་ད་ལྟ་འགྲུབ་མེད།
    ང་ཚོ་བོད་ལུང་པ་ནས་ཡོང་བའི་མི་བོད་པ་ཟེར་བ་དེ་རེད། ང་ཚོ་རྒྱ་གར་བ་མ་རེད། ང་ཚོ་རྒན་པ་ཚོའི་སྐྱེས་ས་བོད་ལུང་པ་རེད། ཁྱེད་རང་ཚོ་ལོ་༡༥ མན་ཆད་དེ་དག་ལུང་པ་གཞན་དག་ལ་སྐྱེས་པ་ཡིན་ཡང། ཁྱེད་རང་ཚོའི་ཤ་ཁྲག་གི་རྒྱུན་ཡོང་ས་དེ་བོད་ལུང་པ་ནས་ཡོང་བའི་མི་རེད། བོད་ལུང་པར་སྐྱེས་པའི་མི་ཚོ་ཡིན་ནའང་རེད། ཤ་ཁྲག་གི་རྒྱུན་བོད་ནས་ཡོང་མཁན་ཚོ་ཡིན་ནའང་རེད། གང་ལྟར་ཡང་སྙིང་ང་རང་ཚོ་ཚང་མ་བོད་པ་ཡིན་སྟབས། དེང་སང་ང་རང་ཚོ་བོད་པའི་ཁ་སྟབས་དེ་གང་འདྲ་བྱས་ཏེ་བསྡད་འདུག་གམ། ང་ཚོའི་མི་ས་ཡ་དྲུག་ཙམ་ཡོད་པ་དེ་རྣམས་མི་རིགས་གཞན་ཞིག་གིས་ཐུབ་ཚོད་དང། གཉའ་གནོན་འོག་ལ་ཚུད་ནས་བསྡད་ཡོད།
    ང་ཚོར་དངོས་གནས་དྲང་གནས་བདེ་སྐྱིད་ཡག་པོ་ཞིག་དང། ང་ཚོར་ཁེ་ཕན་ཡག་པོ་ཞིག ང་ཚོར་རོགས་རམ་ཡག་པོ་ཞིག མགོན་སྐྱབས་དཔུང་གཉེན་ཡག་པོ་ཞིག་བྱུང་ཡོད་ན་རྒྱ་མིའི་འོག་ཚུད་པར་ཧ་ལས་རྒྱུ་མི་འདུག་སྟེ། དངོས་ཡོད་གནས་ཚུལ་ལ་བོད་རྒྱ་མིའི་འོག་ཏུ་ཚུད་པ་དེ། ང་ཚོ་བོད་རིགས་རྣམས་རྒྱ་མིའི་བྲན་གཡོག་དང། རྒྱ་མིའི་ཚེ་གཡོག རྒྱ་མིའི་ཞབས་འདེགས་ཞུ་མཁན་ཞིག་ཏུ་གྱུར་པ་དང། ང་ཚོ་བོད་ཀྱི་ཐོན་སྐྱེད་རྣམས་རྒྱ་མིའི་ཁེ་ཕན་སྒྲུབ་བྱེད་ཆགས། ང་ཚོ་བོད་མི་རིགས་ཀྱི་སྲོག་དེ་རྒྱ་མིས་ལག་རྩེད་བྱེད་ཡུལ་ཆགས་ནས་བསྡད་ཡོད། གནས་ཚུལ་དེ་དག་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་གིས་ནད་མ་ཐེག་པར་འུ་ཐུག་ནས་རྒྱ་མི་ལ་ཁ་གཏད་གཅོག་གི་ཡོད་པ་ཡིན་སྟབས། ང་རང་ཚོ་འདིར་གཞན་གྱི་ལུང་པར་སླེབས་པའི་བོད་མི་རྣམས་སྐྱིད་ཉལ་བྱས་ཏེ་སྡོད་ཤེས་ཀྱི་མ་རེད་པ། རེད་དང། ང་རང་ཚོ་བདེ་བ་སྡུག་བསྔལ་དེ་འདྲ་ཞིག་ལ་ཐུག་པའི་མི་རིགས་ཤིག་ཆགས་ཏེ་བསྡད་ཡོད་པ་ཡིན་སྟབས། བོད་སྤྱི་པའི་དོན་དག་དེ་གང་འདྲ་བྱས་ནས་སྒྲུབ་དགོས་ཀྱི་འདུག བསམ་བློ་གཏོང་རྒྱུ་དེ་ང་ཚོའི་ལས་འགན་རེད།
ང་ཚོ་བོད་སྤྱི་པའི་ལས་ཀ་བྱེད་པ་ལ་རྒྱུ་དངོས་པོའི་ཐོག་ནས་ཕོགས་ཆེན་པོ་སྤྲོད་རྒྱུ་མེད། མིང་གོ་ས་འཐོབ་རྒྱུ་ཡང་མེད། དཀའ་ངལ་མང་པོའི་ཐོག་ནས་ལས་ཀ་བྱེད་དགོས་པ་མ་གཏོགས། ལས་སླ་པོ་དང་གྲ་འགྲིག་པོ་བྱས་ཏེ་བསྒྲུབ་མི་ཐུབ། དེར་བརྟེན། ཁྱེད་རང་ཚོས་སེམས་ཤུགས་འཁྱེར་ཏེ་ལས་ཀ་བྱེད་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས་ཀྱི་འདུག སོ་སོའི་ཤེས་ཡོན་དང་ནུས་པ་ལ་གཞིགས་པས་ལས་རིགས་འདྲ་མིན་ཐོག་ནུས་པ་དེ་བེད་སྤྱོད་དགོས།21

ང་ཚོའི་སློབ་སྦྱོང་གི་དགོས་པ་དང་དམིགས་ཡུལ།

    མི་ཚེ་དོན་ལྡན་ཡོང་བ་དང། མི་ཚེའི་དགོས་དོན་ཚང་བ་ཞིག་ཡོང་བ་ལ་མིའི་རྣམ་དཔྱོད་ཆ་ཚང་བེད་སྤྱོད་ཐུབ་པའི་ལྡེ་མིག་ལྟ་བུ་ཤེས་ཡོན་ཡིན་པས་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་འདི་ཤིན་ཏུ་དགོས་མཁོ་ཆེན་པོ་དང། ཕྲུ་གུ་ཆུང་དུས་གུང་སེང་མང་ཙམ་བྱུང་ན་བསམ་པ་ཡོང་གི་ཡོད་ཀྱང། སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེན་ཡིན་པ་ཤེས་པའི་ཐོག་ནས་ཁྱེད་ཚོས་བརྩོན་འགྲུས་ཡག་པོ་བྱེད་དགོས། ཡིག་ཚད་གཏོང་ཁར་ཧུར་བརྩོན་བྱས། ཡིག་ཚད་ཚར་བ་དང་ལྷོད་ཡངས་བྱས་ན་གཏན་ནས་མི་འགྲིགས། སློབ་སྦྱོང་བྱེད་པ་འདི་མི་ཚེ་བཟང་པོ་དང། སྐྱིད་པོ་བསྐྱལ་རྒྱུའི་ཆེད་དུ་རེད་མ་གཏོགས། ཡིག་ཚད་གཏོང་རྒྱུའི་དོན་དག་མ་རེད། སོ་སོའི་རྣམ་དཔྱོད་ཀྱི་ནུས་པ་ཆ་ཚང་བེད་སྤྱོད་ཡག་པོ་གཏོང་ཐུབ་པའི་དོན་ལ་སློབ་སྦྱོང་སྤྲོད་ཀྱི་ཡོད་པས་སློབ་ཚན་ཁག་གི་ལྡེ་མིག་ལྟ་བུ་ཡིན། ལྡེ་མིག་དེ་དག་གིས་ཤེས་བྱའི་དཀྱིལ་འཁོར་རྒྱ་ཆེན་པོའི་སྒོ་ཕྱེ་ནས་དེ་རྣམས་ཕྲ་ལྷམ་མེར་མཐོང་ཐུབ་པ་བྱེད་དགོས། སློབ་དེབ་ནང་གི་ཚིག་ངག་ཟིན་བྱས་པ་ཙམ་ལས་དོན་དག་མ་ཤེས་ན་སྙིང་པོ་གང་ཡང་མེད། སློབ་སྦྱོང་ནི་སྤྱི་སྒེར་གང་ཅིར་གལ་ཆེན་ཡིན་པ་ཤེས་པ་བྱས་ཏེ། དེར་དཀའ་ལས་ཁག་སྣང་མིན་པར། སེམས་ཤུགས་བསྐྱེད་དེ་སློབ་སྦྱོང་ཡག་པོ་བྱེད་དགོས།22
    ང་ཚོས་སློབ་སྦྱོང་བྱས་པའི་དགོས་དོན་དེ་མི་ཚེ་སྐྱེལ་ཐབས་ལ་ཕན་པ་ཞིག་དགོས་པ་རེད། སློབ་སྦྱོང་བྱས་པའི་ལག་རྗེས་སུ་རང་གི་མི་ཚེ་དེ་ཡག་པོ་ཞིག་སྐྱེལ་ཐུབ་པ་དང། ལྷག་པར་སློབ་སྦྱོང་བྱས་པའི་དགོས་དོན་མི་ལ་བརྡབ་གསིག་མི་གཏོང་མཁན་དང། ཐུབ་ཚོད་མི་ཤོད་མཁན། མིའི་སྤྱི་ཚོགས་ནང་རྙོག་དྲ་སྣོན་མ་མི་བཟོ་མཁན་ཞིག་དགོས་ཀྱི་རེད། དེ་ཤིན་ཏུ་གལ་ཆེན་པོ་རེད།
    སློབ་སྦྱོང་བྱས་ཏེ་སློབ་གྲྭ་ཐོན་པའི་མཐར་སོ་སོའི་རང་བདེ་བསྒྲུབ་རྒྱུའི་དོན་ལ་མི་གཞན་དག་བེད་སྤྱོད་བྱས་ཏེ། མིའི་སྤྱི་ཚོགས་ནང་རྙོག་དྲ་བཟོ་མཁན་ལྟ་བུ་ཞིག་བྱུང་བ་ཡིན་ན། དེ་འདྲའི་ཤེས་ཡོན་ཡོད་པ་ལས་མེད་ན་དགའ་གི་རེད། ང་ཚོས་ཤེས་ཡོན་སློབ་སྦྱོང་བྱེད་པའི་རྩ་བའི་དམ་བཅའ་གང་ཡིན་ཞེ་ན། མིའི་མི་ཚེ་ཡག་པོ་ཞིག་སྐྱེལ་ཐུབ་རྒྱུའི་ཆེད་དུ་རེད།
    ང་ཚོས་ཁང་པ་རྒྱག་པའི་དགོས་དོན་སྡོད་དུས་སྐྱིད་པོ་བྱས་ཏེ་སྡོད་རྒྱུ་ཞིག་མ་བྱུང་ན་ཕྱི་ལོགས་རྫིག་པོ་དང། འགྲོ་སོང་མང་པོ་བཏང་བར་ཧ་ལས་རྒྱུ་གང་ཡང་མེད། དཔེ་དེ་བཞིན་དུ་སློབ་སྦྱོང་སྤྲད་པའི་དགོས་དོན་དེ་མིའི་མི་ཚེ་བཟང་པོ་སྐྱེལ་བའི་ཐབས་སུ་མ་ཕྱིན་པར་མིའི་སྤྱི་ཚོགས་ནང་གནོད་པ་སྐྱེལ་བའི་གཞིར་ཕྱིན་ན་རྩ་བ་ནས་ཡག་པོ་མ་རེད། སོ་སོས་སློབ་སྦྱོང་བྱས་པའི་ཤེས་ཡོན་དེ་མིའི་སྤྱི་ཚོགས་ནང་བེད་སྤྱོད་ཡག་ཤོས་བྱེད་ཐུབ་པའི་བསམ་བློ་གཏོང་དགོས།
    འདས་པའི་ལོ་སུམ་ཅུ་སོ་གྲངས་ནང་ང་ཚོའི་སློབ་གྲྭའི་ནང་ནས་སློབ་སྦྱོང་གང་ལ་གང་འཚམ་ཐོན་བསྡད་མཁན་རིགས་ཤིག་ཡོང་གི་ཡོད། ཁོང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། ཚང་མའི་སྣང་བ་ལ་འཇགས་བསྡད་ཡོད་པ་རེད། འོན་ཀྱང་འགག་ལ་ཐུག་པའི་སྐབས་ལ་སོ་སོ་སྒེར་གྱི་དཔལ་འབྱོར་དང་འབྲེལ་བའི་གོ་སྐབས་བྱུང་ཡིན་ན་དེ་དང་ལེན་བྱེད་པ་མ་གཏོགས། བོད་སྤྱི་པའི་དོན་དག་དང་ཡང་སྒོས་ང་རང་ཚོའི་མི་རབས་ནས་མི་རབས་གཙོ་སྐྱོང་བྱེད་རྒྱུའི་ལས་རིགས་དེ་འདྲའི་ནང་ལ་ཁྱོན་ནས་དོ་སྣང་མེད་པ་དེ་འདྲ་ཡོང་གི་འདུག བོད་ཀྱི་ཆོས་དང་རིག་གཞུང་འདི་དག་འཛམ་བུ་གླིང་འདིའི་ཁྱད་ནོར་བྱེ་བྲག་པ་གཅིག་ཡིན་བསམ་པ་མ་དྲན་ཀྱང། སོ་སོའི་མི་རིགས་ཤིག་གི་དོན་དག་ཡིན་བསམ་པ་དྲན་དགོས་ཀྱང། ཤེས་ཡོན་གང་ལ་གང་འཚམ་ཡོད་པ་འགའ་ཞིག་སོ་སོའི་ཁྱིམ་ཚང་གི་གནད་དོན་དང་འབྲེལ་བའི་གོ་སྐབས་གང་དུ་བྱུང་རུང་དེར་འགྲོ་རྒྱུ་གཙོ་བོ་བྱས། སྤྱི་པའི་དོན་དག་ལ་དེ་ཙམ་གྱིས་སེམས་ཁུར་མེད་མཁན་དེ་འདྲ་ཡོང་གི་འདུག སྤྱིར་ན་མི་སོ་སོ་སྒེར་གྱི་ཐོབ་ཐང་རེད་ལ། རང་དབང་ཡིན་པས་སོ་སོས་ག་རེ་བྱས་ཀྱང་དེ་ཆོག་གི་མ་རེད་ཟེར་ཐབས་མེད་ནའང། བློ་ཕམ་པའི་གནས་ཚུལ་ཞིག་རེད།23
    ཕྱིན་ཆད་བོད་ཕྲུག་རྣམས་ཇི་ལྟ་བུ་ཞིག་དགོས་ཤེ་ན། ངལ་རྩོལ་ལ་བརྟེན་པའི་ཤེས་ཡོན་ཅན་ཞིག་ཡོང་བ་དགོས། རྒྱ་མིས་ངལ་རྩོལ་དང་ངལ་རྩོལ་ཞེས་བརྗོད་དྲགས་པའི་དབང་གིས་ངལ་རྩོལ་ཞེས་པའི་ཚིག་འདི་གོ་དུས་རྣ་བར་ན་ཐིང་ཐིང་ཡོང་གི་འདུག་ཀྱང༌། ངལ་རྩོལ་ལ་མ་བརྟེན་ན་ཡར་རྒྱས་འབྱུང་མི་ཐུབ་ལ། སྤྱི་སྒེར་གྱི་ཁེ་ཕན་ཅི་འདྲ་ཞིག་ཡིན་ཀྱང་ངལ་རྩོལ་པ་དང༌། མཁས་པ་ཐམས་ཅད་སློབ་ཕྲུག་འདི་དག་གི་ཁྲོད་ནས་ཡོང་དགོས་པར་བརྟེན་སློབ་ཕྲུག་རྣམས་ངལ་རྩོལ་ལ་བརྟེན་པའི་ཤེས་ཡོན་ཅན་ཞིག་འབྱུང་ཐབས་བྱ་དགོས།24
    དེ་བཞིན་དུ་ང་རང་ཚོ་སློབ་སྦྱོང་བྱེད་པའི་སྐབས་སུ་གཞན་གྱི་རོགས་རམ་ལ་བརྟེན་ནས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། གོ་སྐབས་དེ་མི་གཞན་དག་གི་ཕན་སེམས་བཟང་པོའི་ཐོག་ནས་བྱུང་བ་ངོས་མ་ཟིན་པར། གཞན་དག་གི་བརྩེ་བའི་རིན་ཐང་བརླག་སྟེ་སོ་སོ་སྒེར་གཅིག་པུའི་བསམ་བློ་བཏང་བསྡད་ན་གང་འདྲ་ཞིག་འདུག་གམ། དེ་འདྲ་ཡིན་སྟབས་ངེས་པར་དུ་ཁྱེད་རང་ཚོས་སྤྱི་སེམས་དང། གཞན་ཕན་གྱི་བསམ་བློ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། གཞན་ཡང་དེང་སང་སློབ་སྦྱོང་ཐོན་ཡོང་མཁན་གྱི་ཕྲུ་གུའི་ནང་ནས་སློབ་སྦྱོང་རྩེར་སོན་ཡོད་པ། ཡིག་ཚད་ཨང་དང་པོ་ཐོན་མཁན་དེ་ཚོའི་གྲས་སོ་སོ་སྒེར་གྱི་མགོ་ཐོན་ཐུབ་ཀྱི་ཡོད་སྟབས། སྒེར་གྱི་ལས་ཀ་བཙལ་ཏེ་ཕྱིན། སློབ་སྦྱོང་ཕྲན་བུའི་ཞན་པ། ཕྱི་ནས་ལས་ཀ་འཐོབ་རྒྱུའི་གོ་སྐབས་ཉུང་བ་དེ་ཚོའི་གྲས་གཞི་ནས་ང་རང་ཚོ་བཙན་བྱོལ་གཞུང་གི་ཁོངས་སུ་ལས་ཀ་བྱེད་པར་ཡོང་མཁན་འདྲ་པོ་དེ་འདྲ་ཡོང་གི་འདུག དེ་ཚོའི་གྲས་ཐབས་སྐྱོ་པོ་རེད། སློབ་སྦྱོང་ལེགས་པ་ཚོས་སྤྱི་སྒེར་གཉིས་ཀའི་དོན་དག་བོད་སྤྱི་པའི་ལས་འགན་འཁྱེར་དགོས་པ་དེ་དངོས་གནས་བྱས་ན་བབ་འོས་རེད། སློབ་སྦྱོང་དྲག་པ་ཚོས་ལས་ཀ་གཞན་དག་ལ་ཕྱིན། སློབ་སྦྱོང་སྐྱོ་བ་ཚོ་གཞན་དག་ལ་འགྲོ་ས་མེད་སྟབས་བཙན་བྱོལ་གཞུང་གི་ནང་དུ་ལས་ཀ་འཚོལ་བར་ཡོང་བ་འདི་དགའ་དྲགས་པ་མིན་པའི་རྟགས་བསྟན་པ་རེད། བྱེད་སྟངས་དེ་ཚོ་ཧ་ཅང་ཐབས་སྐྱོ་པོ་རེད།25
    ཁྱེད་རང་ཚོ་སྔོན་ལ་རྒྱ་གར་ནང་འཚར་ལོངས་དང། སློབ་སྦྱོང་གང་ལ་གང་འཚམ་བྱས། དེ་ནས་མུ་མཐུད་དེ་དམིགས་བསལ་གྱི་སློབ་སྦྱོང་ཁྱད་དུ་འཕགས་པ་ཞིག་ཡོང་བའི་དོན་དུ་རོགས་རམ་བྱེད་མཁན་ནས་རོགས་བྱས་ཏེ་རྒྱ་གར་ནས་ཕྱི་རྒྱལ་ལ་སློབ་སྦྱོང་ཆེད་ཕྱིན། སློབ་སྦྱོང་བྱས་རྗེས་ཕྱིར་འབྱོར་ཏེ་འདིར་ལས་ཀ་བྱས་སྡོད་རྒྱུ་ཡིན་སྟབས། ཐུགས་རྗེ་ཆེ་ཟེར་བ་དང་རྗེས་སུ་ཡི་རང་ཡོད།
    ཁྱེད་ཚོར་དམིགས་བསལ་གྱི་དཀའ་ངལ་ཆེན་པོ་བྱུང་བ་ཡིན་ན་གནས་ཚུལ་ཐ་དད་རེད། དེ་མིན་ཕྲན་བུ་ཕྲན་བུའི་དཀའ་ངལ་བྱུང་བ་ཡིན་ན་ཁྱད་དུ་བསད་དགོས་པ་དང། ཁྱད་བསད་བྱ་འོས་པའི་ལས་འགན་ཞིག་སྒྲུབ་དགོས་པ་རེད། གཞན་ཕར་བཞག ང་ཚོ་དྷ་ས་བཙན་བྱོལ་གཞུང་གི་ནང་ལས་ཀ་བྱེད་མཁན་ཡིན་ནའང་རུང། སློབ་གྲྭ་ཁག་ནང་ལས་ཀ་བྱེད་མཁན་ཡིན་ཡང་རུང། མཐུན་རྐྱེན་སྐྱོ་པོ་ཞིག་གི་འོག་ལ་སྡོད་དགོས་ཀྱི་ཡོད་པ་རེད། ཨ་རིར་ཕྱིན་ན་དངུལ་འབེལ་པོ་ཞིག་མ་གཏོགས་དེ་མིན་དམིགས་བསལ་ནི་གང་ཡང་མེད། དེ་ལས་རྒྱ་གར་ནང་བསྡད་དེ་བོད་པའི་སློབ་གྲྭའི་ནང་ལ་ལས་ཀ་བྱས། ཡང་ན་ང་ཚོའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ནང་ལ་ལས་ཀ་བྱས། སྐབས་རེ་ཕྱི་རྒྱལ་ལ་འགྲོ་དུས་ཁོ་རྒྱ་གར་ནང་བོད་མི་བཙན་བྱོལ་བའི་སློབ་གྲྭའི་ནང་འགན་འཁུར་ལས་ཀ་བྱེད་མཁན་རེད། དེ་བཞིན་བཙན་བྱོལ་གཞུང་གི་ནང་ལས་དོན་བྱེད་མཁན་རེད་ཅེས་བརྗོད་ན། ཨམ་ཕྲག་ནང་པད་ཤག་ཉུང་བ་ཡོད་རུང་མཐོང་ཆེ་བ་ཡོང་གི་རེད། ཕྱི་རྒྱལ་དུ་དཀར་ཡོལ་འཁྲུ་མཁན་གླ་པ་བྱས་བསྡད་པ་ལས། འདིར་སློབ་གྲྭ་ཞིག་གི་ནང་ལས་ཀ་བྱས་བསྡད་ན་དེ་གཟི་བརྗིད་ཆེ་བ་ལས། སྐྱོ་བ་མེད།
    ཡིན་ན་ཡང། ཆོས་ཀྱི་ནང་དུ་ཚེ་བློས་བཏང། གཏམ་བློས་བཏང་ཟེར་བ་ཞིག་ཡོད། དེ་ནང་བཞིན་དངུལ་བྱུང་ན་གཏམ་ག་རེ་བྱེད་ཀྱང་བྱེད་ཟེར་ནས་གད་ཕྱིས་བྱས་ན་ཨེ་དྲག རོ་དབོར་ན་ཨེ་དྲག དཀར་ཡོལ་འཁྲུས་ན་ཨེ་དྲག དངུལ་བྱུང་ན་འགྲིག་གི་འདུག་ཟེར་ན་གནས་ཚུལ་ཐ་དད་རེད། དེ་འདྲ་བྱས་ན་སྙིང་པོ་ཅི་ཡང་མེད།
    རྟ་ཕོ་ལ་རྒྱུག་རྒྱུ་ཡོད་ན། བྱང་ཐང་སྟོང་པ་རེད་ཟེར་བ་བཞིན། ང་ཚོ་བོད་པས་ཡག་པོ་བྱེད་ཐུབ་ན་ཕྱིའི་མཐུན་རྐྱེན་དང་གོ་སྐབས་ཧ་ཅང་ཡག་པོ་ཡོད། རྒྱལ་བ་རིན་པོ་ཆེ་མིང་ཆེན་པོ་ཞིག་བཏགས་ཡོད་པ་མ་གཏོགས། ང་མི་གཅིག་ལག་གཅིག་གིས་བྱེད་ཐབས་གང་ཡང་མེད། ང་ཚོར་བྱ་སྤུ་གནོན་གྱི་སྒྲིག་འཛུགས་རིམ་པ་ཡོད་པ་ཚང་མས་གོ་སྐབས་ཡོད་པ་དེ་ཟིན་ནས་ལས་ཀ་བྱེད་ཐུབ་པའི་འབད་རྩོལ་བྱེད་དགོས། ངས་མིང་ཞིག་འཁྱེར། འོག་ནས་ལས་ཀ་བྱེད་མཁན་ཚང་མས་སྲ་ཐག་ཐག་བྱས་ཏེ་ང་ཚོས་གོ་སྐབས་མ་ཤོར་བ་ཟིན་ཐུབ་པའི་བསམ་བློ་གཏོང་དགོས་ཀྱི་འདུག ཁྱེད་རང་ཚོ་དུང་ཕྲུག་འོ་མས་གསོས་པ་དགྲ་ཆུ་སྲིན་གྱི་ཆེད་དུ་རེད། སྐབས་མཚམས་སུ་ཕྱིར་བཤིག་བརྒྱབ་སྟེ་གོ་སྐབས་བཟང་པོ་ཆུད་ཟོས་སུ་ཕྱིན་ན་ཕངས་པོ་རེད། ཤེས་སོང་ངམ།26

སློབ་སྦྱོང་བྱེད་སྟངས།

    སྤྱིར་བཏང་འཛམ་གླིང་ནང་གཞོན་སྐྱེས་ཚང་མས་སློབ་སྦྱོང་བྱེད་པ་དང། བོད་ཕྲུག་གིས་སློབ་སྦྱོང་བྱེད་པའི་གནད་དོན་མི་འདྲ། བོད་ཕྲུག་ཚོ་ནི་བོད་མི་རིགས་ཆགས་འཇིག་ཅི་འགྱུར་གྱི་དུས་ཚོད་ལ་སླེབས་པའི་མི་རིགས་ཤིག་ཆགས་བསྡད་ཡོད། དེ་ལ་གཞིགས་པའི་འགན་ཆེན་པོ་ཞིག་ཡོད་བསམ་པའི་ཐོབ་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན།27
ང་རང་ཚོ་བོད་པ་ལ་ཆ་བཞག་ན་སོ་སོའི་ལུང་པ་བྲལ། མིའི་ལུང་པར་གྱར་ཏེ་བོད་མི་རིགས་ཆགས་འཇིག་མཚམས་ལ་སླེབས་དགོས་པའི་གནས་ཚུལ་འདི་ང་རང་ཚོས་དེ་སྔ་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་མ་བྱས། འཛམ་བུ་གླིང་ཕྱི་ལོགས་ལ་འབྲེལ་བ་མ་བྱས་པར། སོ་སོའི་ལུང་པའི་ནང་ལ་མགོ་བཏུམས་ཏེ་བསྡད་པ་དེས་རྐྱེན་པས་ད་ལྟའི་མི་ཐོག་འདིར་དངོས་གནས་རང་འ་ཆད་འུ་ཐུག་འདི་འདྲ་ཞིག་བྱུང་བ་རེད། དེས་ན་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཤེས་པ་ཞིག་དང། དེང་དུས་འཛམ་གླིང་འདིའི་སྒང་གི་མི་གྲལ་དུ་ཚུད་ཐུབ་པ་ངེས་པར་བྱེད་དགོས་ཀྱི་འདུག དེ་དང་ཆབས་ཅིག་སོ་སོ་རང་ཉིད་ཀྱི་ཆོས་དང་རིག་གཞུང་བཟང་པོ་ཡོད་པ་འདི་ལ་དོ་སྣང་དང་སློབ་སྦྱོང་ངེས་པར་བྱེད་དགོས།28
    ང་རང་ཚོ་བོད་པ་རང་གི་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ནའང། སོ་སོའི་ལུང་པ་བྲལ་དགོས་རྒྱུ་དང། ལས་རིགས་མང་པོ་ཞིག་གི་ནང་ལ་ང་ཚོ་རྗེས་ལུས་ཐེབས་པའི་གནས་ཚུལ་འདི་དག་ཤེས་ཡོན་མ་འདང་བར་འཐུས་ཤོར་ཕྱིན་པའི་རྟགས་གསལ་པོ་རེད། ད་ལྟ་ང་ཚོས་རང་དབང་རྩོད་ལེན་བྱེད་རྒྱུའི་ནུས་ཤུགས་ངོ་མ་དེ་ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་ནུས་པ་འདོན་དགོས། སློབ་སྦྱོང་གི་ཐོག་ནས་ཤེས་ཚད་མ་འདང་ན། རང་དབང་གི་གོ་སྐབས་བྱུང་ནའང། དེ་ལ་ལོངས་སྤྱོད་ཐུབ་ཀྱི་མ་རེད།29
    སློབ་སྦྱོང་གིས་མིའི་རང་བཞིན་རྣམ་དཔྱོད་ཀྱི་སྒོ་མོ་ཕྱེ་བའི་ལྡེ་མིག་ལྟ་བུ་སྦྱིན་གྱི་ཡོད་སྟབས། ལྡེ་མིག་དེ་ལ་བརྟེན་ནས་ཆོས་དང་འཇིག་རྟེན་གྱི་བྱ་གཞག་གང་དང་གང་གི་དཀའ་གནད་ཀྱི་སྒོ་ལྕགས་དབྱེ་དགོས་པས་ཉིན་རེའི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ཚང་མས་ཧུར་བསྐྱེད་བྱེད་དགོས། གལ་ཏེ་ཉིན་གཅིག་གཉིས་སམ་ཟླ་བ་གཅིག་ཆུད་ཟོས་སོང་ན་དུས་ཚོད་ལ་ཁ་གསབ་བྱེད་ཐབས་མེད་པས་ཚང་མས་ཤེས་ཡོན་སྦྱོང་བརྡར་ཐོག་ཧུར་བསྐྱེད་གནང་རོགས།30
    སློབ་སྦྱོང་བྱེད་སའི་གོ་སྐབས་ཐོབ་པའི་སྐབས་ལ་སློབ་སྦྱོང་ཐོག་ལ་ཤུགས་རྒྱག་དགོས་པ་མ་གཏོགས། གྲོང་ཁྱེར་ཆེན་པོའི་ནང་ལ་མགོ་གཡེང་སྟེ་བསྡད་ན་དོན་དག་ཡོད་པ་མ་རེད། གྲོང་ཁྱེར་ཆེན་པོའི་ནང་སློབ་གྲྭར་སྡོད་རྒྱུ་དེ་སློབ་སྦྱོང་གི་དོན་ལ་བསྡད་པ་ལས་དང་དོད་སློབ་སའི་བཟོ་འདྲ་པོ་དང། མགོ་གཡེངས་གུང་སེང་གཏོང་བའི་བཟོ་འདྲ་པོ་མ་རེད། དེར་བརྟེན། སློབ་སྦྱོང་བྱེད་པའི་རིང་ཧུར་ཐག་བྱེད་དགོས།
ང་ཚོས་གཟི་བརྗིད་སྟོན་ས་དང། ནམ་འཕང་གཅོད་ས་དེ་ལོ་རེ་ལོ་རེའི་སློབ་སྦྱོང་འཛིན་གྲྭའི་ནང་མཇུག་ཏུ་མ་ལུས་པར་གྲལ་མགོར་སླེབས་ཐུབ་པའི་ཤུགས་རྒྱག་དགོས་པ་ལས། དང་དོད་དང་སྣང་བ་སྐྱིད་པོ་བྱེད་པའི་འོས་བབ་གང་ཡང་མེད། ང་ཚོ་བཙན་བྱོལ་བ་རེད། སྐྱོ་པོ་རེད། གྲོང་ཁྱེར་ཆེན་པོའི་ནང་འཁྱམས་སྡོད་བྱས་ན་གྲོགས་པོ་ངན་པའི་བསླུ་བའི་ཉེན་ཁ་ཡོད་པས་གཟབ་དགོས།31
    ད་ལྟ་སྐབས་སུ་བབ་པ་སློབ་སྦྱོང་ཡག་པོ་བྱེད་དགོས། སློབ་སྦྱོང་བྱ་རྒྱུ་ཟེར་བ་དེ་དཔེ་ཆའི་ནང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཅེས་གསུངས་ཡོད། ཐོས་བྱུང་གི་ཤེས་རབ་ཅེས་པ་ནི་དགེ་རྒན་གྱིས་བསླབ་པ་དང་སློབ་དེབ་ལས་སྦྱངས་པ་དེ་དག་མ་བརྗེད་པར་ཡིད་ལ་ངེས་པ་དེར་ཐོས་བྱུང་གི་ཤེས་རབ་ཟེར་ཞིང། དེ་ལ་ནུས་པ་དེ་ཙམ་མེད། འོ་ན་ནུས་པ་ཡོད་པ་གང་ཡིན་ཞེ་ན། བསམ་བྱུང་གི་ཤེས་རབ་ཅེས་པ་དེ་ཡིན། བསམ་བྱུང་གི་ཤེས་རབ་ནི་དགེ་རྒན་གྱིས་འགྲེལ་བཤད་བརྒྱབ་པ་དང། སློབ་དེབ་ནང་ཡོད་པ་དེ་དག་ལ་སོ་སོས་བསམ་བློ་མང་པོ་བཏང་སྟེ་སེམས་ནང་ངེས་པ་རྙེད་པ་དེ་བསམ་བྱུང་གི་ཤེས་རབ་ཡིན། ཐོས་བྱུང་གི་ཤེས་རབ་ནི་ཡིད་ཆེས་ཙམ་དང༌། བསམ་བྱུང་གི་ཤེས་རབ་ནི་ཚད་མའི་ངོ་བོར་ཕལ་ཆེར་འགྲོ་གི་ཡོད། ངེས་པ་རྙེད་པ་ཞིག་ཡོང་བར་རྒྱུ་མཚན་ལ་བསམ་བློ་གཏོང་དགོས། རྒྱུ་མཚན་ལ་བསམ་བློ་བཏང༌། ར་འཕྲོད། ཡིད་ཆེས་ཀྱིས་སེམས་ལ་ངེས་པ་རྙེད་པ་དེ་བསམ་བྱུང་གི་ཤེས་རབ་ཡིན། ང་ཚོའི་སློབ་གྲྭ་བ་ཚོས་སོ་སོས་དཔྱད་པ་བྱས་ནས་བསམ་བློ་གཏོང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན།
    དགེ་རྒན་གྱིས་བསླབ་པ་དང་སློབ་དེབ་ནང་ཡོད་པ་དེ་དག་སྐད་འཁོར་བཏང་བ་ལྟ་བུ་བྱས་ནས་ལན་འཁྱོལ་ཙམ་བྱས་ན་མི་འགྲིག དོན་དག་ལ་སོ་སོས་བསམ་བློ་བཏང་དཔྱད་པ་བྱས་ནས་ངེས་པ་རྙེད་པ་ཞིག་དགོས་པ་ཡིན། སྒོམ་བྱུང་གི་ཤེས་རབ་ཅེས་བརྗོད་དུས་ཚད་མཐོ་པོའི་སྒང་ལ་འགྲོ་གི་ཡོད། གང་ལྟར་ངོས་ཀྱིས་ཁྱེད་རང་ཚོར་བརྗོད་འདོད་པ་ནི་ཐོས་བྱུང་གི་ཤེས་རབ་ཡིན། དེ་རིམ་པ་དང་པོ་རེད། ཁྱེད་རང་ཚོ་མང་པོ་ཞིག་ཐོས་བྱུང་གི་ཤེས་རབ་ཙམ་ལ་སྡོད་ཀྱི་མེད་དམ་བསམ་གྱི་འདུག རྒྱུགས་སྤྲོད་བྱེད་སྐབས་སློབ་དེབ་ནང་ལ་ཡོད་པ་དེ་དག་དང༌། དགེ་རྒན་གྱིས་བསླབ་པའི་ཚིག་དེ་དག་མ་བརྗེད་པར་སྐྱོར་ཐུབ་ཙམ་བྱེད་པ། ཕར་ཕྱོགས་རྒྱ་མི་གུང་ཁྲན་ལ་བྱེད་སྟངས་དེ་ལྟ་བུ་ཞིག་ཡོད། སྒང་ནས་གསུང་བཤད་ཅིག་གནང་བ་དེ་ཚོ་བཀྲམ་ཡོང་སྐབས་དེ་ནས་བཤུས་ཏེ་སྐྱོར་གྱི་ཡོད། སེམས་ནང་ཕལ་ཆེར་འདི་འདྲ་མ་རེད་དྲན་གྱི་ཡོད་སྲིད། དོན་དག་ལ་ཐོས་བྱུང་གི་ཤེས་རབ་ལས་བསམ་བྱུང་གི་ཤེས་རབ་ཡོང་རྒྱུ་མེད།
    ང་ཚོའི་སློབ་སྦྱོང་ནི་བདེན་པ་དང༌། རྒྱུ་མཚན་ལྡན་པའི་སློབ་སྦྱོང་བྱེད་ཀྱི་ཡོད་པས་བསམ་བློ་བཏང་ན་ངེས་པ་རྙེད་རྒྱུ་ཡོད་པ་ཞིག་ཡིན། བསམ་བློ་བཏང་སྟེ་ངེས་པ་རྙེད་རྒྱུ་ཡོད་པ་དེ་ལ་ངེས་པར་དུ་སོ་སོས་བསམ་བློ་བཏང་སྟེ་དཔྱད་པ་བྱས་ནས་སེམས་ལ་ཡིད་ཆེས་རྙེད་པ་ཞིག་དང༌། གནས་ཚུལ་གང་ཡིན་ནའང་བརྟན་པོ་ཆགས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱས་ནས། ཐོས་བྱུང་གི་ཤེས་རབ་ཙམ་དུ་མ་བཞག་པར། བསམ་བྱུང་གི་ཤེས་རབ་སྟེང་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ཁྱེད་རང་ཚོའི་སེམས་ནང་ངེས་པ་བྱེད་དགོས།32
    ང་རང་ཚོ་འཛམ་བུ་གླིང་འདིའི་སྒང་ལ་མིའི་ནུས་པ་ཆ་ཚང་ཞིག་བེད་སྤྱོད་བྱེད་ཐུབ་པ་ཡོང་བ་ལ་ཤེས་ཡོན་དགོས་ཀྱི་ཡོད་པས་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང། ཤེས་ཡོན་ཟེར་བ་དེ་ཉི་མ་གཅིག་ལ་འགྲུབ་ཐབས་མེད་པར་ལོ་ནས་ལོ་བསྟུད་དེ་འབད་བརྩོན་བྱས་ཏེ་ཡོང་དགོས་པ་ཞིག་ཡིན།33
    དེ་བཞིན་སློབ་གྲྭ་ཐོན་མཁན་ཕྲུ་གུའི་ནང་ལ་སློབ་སྦྱོང་གང་ལ་གང་འཚམ་བྱས། ཨིན་ཇི་ཞིག་ཤེས། བོད་ཡིག་ཅིག་ཤེས། ཧིན་དི་འདྲ་ཤེས། དེ་ཤེས་པའི་མཐའ་མ་བེད་སྤྱོད་བྱེད་ས་དེ་སྤྲང་འཁྱམས་བྱས་ནས་བསྡད་པ་དང། འགའ་ཤས་ནས་ཁ་བསླུས་རྒྱག་མཁན་བྱས་པའི་གནས་ཚུལ་ལོ་ཤས་སྔོན་གོ་ཐོས་བྱུང། དེ་ཚོ་ཤིན་ཏུ་ཐབས་སྡུག་རེད། ཆེ་ས་བོད་སྤྱི་པའི་དམིགས་ཡུལ་ཆེན་པོ་ཞིག་ལ་དམིགས་པ་དང། ཆུང་ས་སྒེར་སོ་སོ་དངོས་གནས་ཡ་རབས་སྤྱོད་བཟང་ལྡན་པའི་མི་ཡག་པོ་ཞིག་བྱུང་ན་བསམ་པའི་དམིགས་ཡུལ་དེ་འདྲ་ཞིག་བཞག་ནས་སློབ་གྲྭ་དེ་དག་བཙུགས་པ་རེད། སློབ་སྦྱོང་བྱས་པའི་མཐའ་མ་ལ་འདི་འདྲའི་གནས་ཚུལ་ཆགས་ཡོང་དུས་དངོས་གནས་བློ་ཕམ་སྐྱེ་གཞི་ཞིག་རེད།34

མཐའ་སྡོམ།

    མི་ཁ་ཤས་ཀྱིས་ང་ཚོ་རྗེས་ལུས་རེད། ཕྱི་རྒྱལ་འཛམ་བུ་གླིང་གི་ལུང་པ་ཚོ་ཤིན་ཏུ་ཡར་རྒྱས་ཕྱིན་པ་རེད་བསམ་པའི་ཐོག་ནས། འགྲོ་སྟངས་ཟ་སྟངས་ཚུན་ཆད་ཕྱི་ལ་དཔེ་ལྟ་མཁན་ཡོང་གི་འདུག དེ་ནོར་འཁྲུལ་རེད། ང་རང་ཚོ་བོད་པ་ལ་རང་ཉིད་ཀྱི་སོ་སོའི་ལུང་པའི་གནས་སྟངས་ལ་གཞིགས་པའི་གོམས་གཤིས་ཡོད་པ་རེད། གོམས་གཤིས་དེ་དང་འབྲེལ་བའི་ང་རང་ཚོ་ལ་ཡ་རབས་སྤྱོད་བཟང་གི་བསམ་པ་དང་སྦྱོར་བ་ཡོད་པ་འདི་འཛམ་བུ་གླིང་གི་མི་ཚོས་ཚུར་སྨོན་ཡུལ་ཞིག་ཆགས་བསྡད་དུས་སོ་སོའི་ཕ་མེས་བརྒྱུད་ནས་གོམས་གཤིས་ལ་འཇགས་ཏེ་ཡོད་པའི་བཟང་པོའི་ཕྱོགས་འདི་ཚོ་བཟང་པོ་ཡིན་པ་ངོ་ཤེས་པའི་ཐོག་ནས་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་འདུག ཡ་རབས་སྤྱོད་བཟང་ཟེར་བའི་སྙིང་པོ་ནི་སོ་སོ་ནང་བཞིན་མི་གཞན་དག་ཀྱང་བདེ་སྐྱིད་འདོད་ཀྱི་ཡོད་པ་དང། བདེ་སྐྱིད་བསྒྲུབ་པའི་ཐོབ་ཐང་ཡོད་པ། སྡུག་བསྔལ་མི་འདོད་པ་དང་སྡུག་བསྔལ་སྤོང་བའི་ཐོབ་ཐང་ཡོད་པ་ཤེས་པར་བྱས་ཏེ་དེའི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་སོ་སོ་ལས་མི་གཞན་གལ་ཆེ་བར་བརྩིས་ཏེ་མི་གཞན་དག་ལ་ཞབས་འདེགས་བསྒྲུབ་དགོས། གཞན་ཕན་བསྒྲུབ་རྒྱུ་ཁག་པོ་ཡོད་ཀྱང། ཡིན་ནའང། རང་ཉིད་སྡུག་བསྔལ་མི་འདོད་པ་དང། བདེ་བ་འདོད་པའི་བསམ་བློ་ལ་དཔེ་བླངས་ཏེ་མི་གཞན་དག་ལ་གནོད་པ་སྐྱེལ་བ་དང། མི་ལ་མགོ་སྐོར་གཏོང་བ། མི་ལ་བསམ་གནག་བྱེད་པ་དེ་རིགས་ནམ་ཡང་བྱེད་མི་རུང།35
    མི་སྒེར་ཡིན་ཡང་རུང། སྤྱི་ཡིན་ཡང་རུང། ཕན་པའི་བསམ་པ་དེ་བདེ་སྐྱིད་ཀྱི་རྩ་བ་དང། བདེ་སྐྱིད་ཀྱི་འབྱུང་ཁུངས་རེད། ཆོས་བྱེ་བྲག་པ་ཞིག་ཁས་བླངས་རུང་མ་བླངས་རུང། ཆོས་འདྲ་མིན་ནང་ལ་ལྟ་བའི་རྣམ་གཞག་འདྲ་མིན་བཤད་པ་ལ་སོ་སོས་ཡིད་ཆེས་ཡོད་རུང་མེད་རུང། གང་ལྟར་ཉིན་རེའི་མི་ཚེའི་ནང་མི་བཟང་པོ་བྱེད་རྒྱུ་དང། ཡ་རབས་བྱེད་རྒྱུ་དེ་སོ་སོའི་རང་དོན་རྩ་བ་ཞིག་ལ་ཐུག་ཡོད། སོ་སོས་བཟང་པོ་བྱས་ན་མིས་ཚུར་དགའ་འཛུམ་བསྟན་པ་དང། གྲོགས་པོའི་འདུ་ཤེས་སླེབས་ཀྱི་རེད། བཟང་པོ་རང་གིས་མ་བྱས་ན། མིས་རང་ལ་བཟང་པོ་བྱ་རྒྱུ་ཁག་པོ་རེད། བྱམས་པ་དང་བརྩེ་བར་སྔས་བཅོལ་ནས་ཁ་མིག་ཡར་ལྟ་བྱས་ན་རང་གི་བདེ་སྐྱིད་ཞོར་ལ་འགྲུབ་ཡོང་གི་རེད། དེ་མིན་རྒྱུན་དུ་གནག་སེམས་གནོད་སེམས་བཅངས་ནས་གཞན་ལ་འཚེ་བ་དང་དུ་བླངས་པ་ཡིན་ན། འདོད་པ་བདེ་བ་འདོད་ཀྱང། འབྲས་བུ་རང་ཉིད་གྲོགས་མེད་གཅིག་པུར་ལུས་རྒྱུ་དང། མཐའ་མ་རང་ཉིད་འཕུང་རྒྱུ་མ་གཏོགས་མེད་པ་འཛམ་གླིང་ལོ་རྒྱུས་ནང་བལྟས་ན་མཐོང་གསལ་རེད། ང་ཚོས་ཡ་རབས་དང། བཟང་པོ་བྱ་རྒྱུ་དེ་བོད་པའི་ཁྱད་ནོར་ཞིག་ཏུ་བརྩི་ཆོག་པ་ཡིན་པས་འདི་ལ་དོ་སྣང་དང། གཅེས་སྤྲས་བྱེད་དགོས།36
    གཙོ་ཆེ་ཤོས་ཤེས་ཡོན་སློབ་སྦྱོང་བྱེད་བཞིན་ཡོད་པའི་བོད་ཕྲུག་ཚོ་ཚང་མས་ཧུར་ཐག་བྱེད་དགོས། སྤྱིའི་སངས་རྒྱས་ཀྱི་བསྟན་པ་དང། ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་རང་དབང་གཉིས་འབྲེལ་བ་ཤིན་ཏུ་དམ་པོ་ཡོད། སངས་རྒྱས་ཀྱི་བསྟན་པ་དང་ཟུང་དུ་འབྲེལ་བའི་བོད་མི་རིགས་ཞེས་པ་འདི་མི་སྒེར་སོ་སོའི་མི་ཚེ་ལ་ཚད་ཡོད་པས་མི་རབས་བརྗེ་འགྲོ་གི་ཡོད་ཀྱང། བོད་རིགས་མུ་མཐུད་ནས་གནས་དགོས་པས་མི་ཐོག་རྒན་པ་ཚོ་རྫོགས་ཀྱིན་རྫོགས་ཀྱིན་ལ་མི་ཐོག་གཞོན་པ་ཚོས་དེའི་མཇུག་མཐུད་ཀྱིན་མཐུད་ཀྱིན་བྱེད་དགོས། སྔོན་ལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མ་བྱུང་ཡང་སྤྱིར་འཛམ་བུ་གླིང་དང། བྱེ་བྲག་དེའི་ནང་ཚན་ཨེ་ཤ་ཡ་དབུས་སུ་བཞག་པ་དེའི་ཉེ་འཁོར་གྱི་ས་ཁུལ་ཡོངས་ལ་ཞི་བདེ་དང། ཁོར་ཡུག་གཙང་མ་ཡོང་བའི་ཆ་རྐྱེན་ཞིག་ང་རང་ཚོ་བོད་མི་རིགས་ཀྱིས་བསྐྲུན་དགོས། དེའི་ཐད་མིག་དཔེ་བཟང་པོ་ཞིག་འཇོག་ཐུབ་པའི་ནུས་པ་ང་ཚོར་ཏན་ཏན་ཡོད་ལ། གོ་སྐབས་ཤིག་བྱུང་ཕྱིན་ང་ཚོས་ཆ་རྐྱེན་དེ་དག་བསྒྲུབ་ཐུབ། དེ་ལུགས་ཚང་མའི་སེམས་ལ་འཆར་བའི་སྒོ་ནས་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་གང་ཅིར་ཧུར་བརྩོན་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།37
    དེ་བཞིན་རང་རང་སོ་སོས་སྡུག་འཁུར་འདྲ་པོ་ཞིག་བྱས་ནས་འགྲིགས་བསྡད་ཡོད་བསམ་པའི་སྣང་བ་དག་ནས་སྡོད་པ་དང་གཅིག ཕྲན་བུའི་དཀའ་ལས་ཁག་པོ་འདྲ་བྱུང་ན་ཨའུ་ཙམ་མིན་ནམ། ཁུངས་འཁྱོལ་ཙམ་འགྲིགས་མི་ཡོང་ངམ་བསམ་པའི་ཉིན་མ་གང་འཁྱོལ་བྱེད་པ་དང་གཉིས། ཡང་སྐབས་རེ་སྐྱོན་མཐོང་གིན་མཐོང་གིན་ལ་འཛེམས་ཟོན་བྱས། ཇོ་བཟང་གི་ཐོག་ནས་ཉིན་མ་འཁྱོལ་ན་ཡག་གི་རེད་བསམ་པ་དེ་འདྲའི་ཐོག་ནས་འགྲོ་བ་དང་གསུམ། འདི་འདྲའི་ཐོག་ནས་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་མེད་པ་མ་རེད། ག་ས་ག་ལ་ཉེན་ཁ་དེ་ཡོད་པ་རེད། དེར་བརྟེན། ཚང་མས་རྒྱུན་དུ་ཡིད་གཟབ་བྱེད་དགོས།38

མཆན།

  1. ཕྱི་ལོ་༡༩༩༧ ཟླ་༡༠ ཚེས་༢༦ ཉིན་དྷ་སྟེང་བོད་ཁྱིམ་དུས་དྲན་སར་བཀའ་སློབ་སྩལ་བ་ལས་དྲངས།
  2. ཕྱི་ལོ་༡༩༩༩ ཟླ་༣ ཚེས་༢༥ ཉིན་སུ་ཇ་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་སྩལ་བའི་བཀའ་སློབ་ལས་དྲངས།
  3. ཕྱི་ལོ་༡༩༩༧ ཟླ་༧ ཚེས་༦ ཉིན་དམའ་རིམ་དགེ་རྒན་ཟབ་སྦྱོང་པར་སྩལ་བའི་བཀའ་སློབ་ལས་དྲངས།
  4. ཕྱི་ལོ་༡༩༩༨ ཟླ་༡ ཚེས་༢ ཉིན་མ་ཡེ་སོར་ལུགས་ཟུང་བསམ་གླིང་གཞིས་ཆགས་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
  5. ཕྱི་ལོ་༡༩༩༥ ཟླ་༡ ཚེས་༡༢ ཉིན་མོན་གོ་འདོད་རྒུ་གླིང་གཞིས་སྒར་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
  6. ཕྱི་ལོ་༡༩༩༤ ཟླ་༡༡ ཚེས་༡༠ ཉིན་མ་སོར་གཞིས་སྒར་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
  7. ཕྱི་ལོ་༡༩༩༢ ཟླ་༡༢ ཚེས་༡༠ ཉིན་མོན་གོ་གཞིས་སྒར་གཏན་སློབ་ཏུ་བླང་དོར་བཀའ་སློབ་སྩལ་བ་ལས་དྲངས།
  8. ཕྱི་ལོ་༡༩༩༣ ཟླ་༡༠ ཚེས་༢༡ ཉིན་བོད་ཕྲུག་ཁྱིམ་སྡེའི་དུས་དྲན་ཐེངས་༣༣ པའི་མཛད་སྒོ་ཐོག་སྩལ་བའི་བཀའ་སློབ་ལས་དྲངས།
  9. ཕྱི་ལོ་༡༩༩༤ ཟླ་༡༠ ཚེས་༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་༣༤ འཁོར་བའི་དུས་ཆེན་སྐབས་སྩལ་བའི་བཀའ་སློབ་དྲངས།
  10. ཕྱི་ལོ་༡༩༩༩ ཟླ་༣ ཚེས་༢༥ ཉིན་སུ་ཇ་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་སྩལ་བའི་བཀའ་སློབ་ལས་དྲངས།   
  11. ཕྱི་ལོ་༡༩༧༦ ཟླ་༡༡ ཚེས་༢ ཉིན་དགེ་རྒན་འོས་སྦྱོང་སློབ་ཐོན་མི་གྲངས་༢༤ མཇལ་བཅར་སྐབས་སྩལ་བའི་བཀའ་སློབ་ལས་དྲངས།
  12. ཕྱི་ལོ་༡༩༩༤ ཟླ་༡༡ ཚེས་༡༠ ཉིན་མ་སོར་གཞིས་སྒར་སློབ་གྲྭ་སྩལ་བའི་བཀའ་སློབ་ལས་དྲངས།
  13. ཕྱི་ལོ་༡༩༩༥ ཟླ་༡༠ ཚེས་༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་གི་དགེ་རྒན་ཟབ་སྦྱོང་བ་རྣམས་མཇལ་ཁའི་ཐོག་སྩལ་བའི་བཀའ་སློབ་ལས་དྲངས།
  14. ཕྱི་ལོ་༡༩༩༣ ཟླ་༡༠ ཚེས་༡༣ ཉིན་རིགས་ལམ་སློབ་གྲྭ་ནས་དགེ་རྒན་འོས་སྦྱོང་ཐོན་པ་སེར་སྐྱ་ཕོ་མོ་ཉི་ཤུ་ཐམ་པར་བཀའ་སློབ་སྩལ་བ་ལས་དྲངས།
  15. ཕྱི་ལོ་༡༩༩༥ ཟླ་༡ ཚེས་༡༢ ཉིན་མོན་གོ་འདོད་རྒུ་གླིང་གཞིས་སྒར་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
  16. ཕྱི་ལོ་༡༩༩༢ ཟླ་༡༢ ཚེས་༡༠ ཉིན་མོན་གོ་གཞིས་སྒར་གཏན་སློབ་ཏུ་བླང་དོར་བཀའ་སློབ་སྩལ་བ་ལས་དྲངས།
  17. ཕྱི་ལོ་༡༩༩༧ ཟླ་༧ ཚེས་༦ ཉིན་དམའ་རིམ་དགེ་རྒན་ཟབ་སྦྱོང་པར་སྩལ་བའི་བཀའ་སློབ་ལས་དྲངས།
  18. ཕྱི་ལོ་༡༩༩༥ ཟླ་༡ ཚེས་༡༢ ཉིན་མོན་གོ་འདོད་རྒུ་གླིང་གཞིས་སྒར་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
  19. ཕྱི་ལོ་༡༩༩༤ ཟླ་༡༠ ཚེས་༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་༣༤ འཁོར་བའི་དུས་ཆེན་སྐབས་སྩལ་བའི་བཀའ་སློབ་ལས་དྲངས།
  20. ཕྱི་ལོ་༡༩༧༡ ཟླ་༩ ཚེས་༣༠ ཉིན་ཁང་གསར་ཚུལ་ཁྲིམས་བསྟན་འཛིན་ནས་གསོལ་བཏབ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་གཞོན་ནུ་ཚོར་སྩལ་བའི་གསུང་འཕྲིན་ཞལ་བཤུས་ལས་དྲངས།
  21. ཕྱིལོ་༡༩༧༥ ཟླ་༥ ཚེས་༢༦ ཉིན་རྡོར་གླིང་བོད་རིགས་སློབ་གྲྭར་གནང་བའི་བཀའ་སློབ་ལས་དྲངས།
  22. ཕྱི་ལོ་༡༩༩༤ ཟླ་༡༡ ཚེས་༡༠ ཉིན་མ་སོར་གཞིས་སྒར་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
  23. ཕྱི་ལོ་༡༩༩༢ ཟླ་༡༠ ཚེས་༡༠ དྷ་ཤོད་བོད་ཕྲུག་ཁྱིམ་སྡེའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བཀའ་སློབ་སྩལ་བ་ལས་དྲངས།
  24. ཕྱི་ལོ་༡༩༦༤ ཟླ་༡ ཚེས་༢༨ ཉིན། རྒྱ་གར་པན་འཇབ་དྷ་རམ་ས་ལ་བཞུགས་སྒར་དུ་སློབ་གྲྭ་ཁག་གི་ལས་དོན་ཡར་རྒྱས་གཏོང་ཕྱོགས་ཀྱིས་མཚོན་བོད་སྤྱིའི་ཤེས་རིག་སྐོར་དམིགས་བསལ་ཚོགས་འདུ་ཐེངས་དང་པོ་སྐྱོང་སྐབས་སྩལ་བའི་བཀའ་སློབ་ལས་དྲངས།
  25. ཕྱི་ལོ་༡༩༩༦ ཟླ་༢ ཚེས་༡༢ ཉིན་ཅན་དྷི་གྷར་མཐོ་སློབ་ནང་ཡོད་སློབ་ཕྲུག་ཚོར་སྩལ་བའི་བཀའ་སློབ་ལས་དྲངས།
  26. ཕྱི་ལོ་༡༩༩༨ ཟླ་༡༠ ཚེས་༡༠ ཉིན་ལས་བྱེད་ཁོངས་ནས་ཨ་རིར་གཞུང་འབྲེལ་སློབ་སྦྱོང་བསྐྱོད་ནས་ཕྱིར་འཁོར་ཁག་ཅིག་མཇལ་བཅར་སྐབས་སྩལ་བའི་བཀའ་སློབ་ལས་དྲངས།
  27. ཕྱི་ལོ་༡༩༩༣ ཟླ་༡༠ ཚེས་༡༨ ཉིན་དྷ་རམ་ས་ལར་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་སྩལ་བའི་བཀའ་སློབ་ལས་དྲངས།
  28. ཕྱི་ལོ་༡༩༩༦ ཟླ་༡༠ ཚེས་༡༦ ཉིན་བལ་ཡུལ་རྣམ་རྒྱལ་སློབ་གྲྭའི་སློབ་ཕྲུག་འཛིན་༡༢ དང་དགེ་ལས་ཐུན་མོང་སྩལ་བའི་བཀའ་སློབ་ལས་དྲངས།
  29. ཕྱི་ལོ་༡༩༩༥ ཟླ་༡ ཚེས་༡༢ ཉིན་མོན་གོ་འདོད་རྒུ་གླིང་གཞིས་སྒར་སློབ་གྲྭར་སྩལ་བའི་བཀའ་སློབ་ལས་དྲངས།
  30. ཕྱི་ལོ་༡༩༩༣ ཟླ་༡༠ ༢༡ ཉིན་བོད་ཕྲུག་ཁྱིམ་སྡེའི་དུས་དྲན་ཐེངས་༣༣ པའི་མཛད་སྒོ་ཐོག་སྩལ་བའི་བཀའ་སློབ་ལས་དྲངས།
  31. ཕྱི་ལོ་༡༩༧༨ ཟླ་༡༡ ཚེས་༧ ཉིན་ཀ་ཏར་གནས་སྡོད་བོད་རིགས་མཐོ་རིམ་སློབ་གཉེར་བ་སུམ་ཅུ་སྐོར་ཁག་གཅིག་ལ་༸གོང་ས་མཆོག་ནས་བཀའ་སློབ་སྩལ་བ་ལས་དྲངས།
  32. ཕྱི་ལོ་༢༠༠༩ཟླ་༡༢ཚེས་༣༠ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་ཕེབས་པ་ལས་དྲངས།
  33. ཕྱི་ལོ་༡༩༧༣ ཟླ་༡ ཚེས་༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ལྡི་ལི་གསར་པའི་ཨ་ཤོ་ཀའི་མགྲོན་ཁང་ནང་དུ་ལྡི་ལིར་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་ཕྲུག་ཚོར་སྩལ་བའི་བཀའ་སློབ་ལས་དྲངས།
  34. ཕྱི་ལོ་༡༩༧༣ ཟླ་༡ ཚེས་༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ལྡི་ལི་གསར་པའི་ཨ་ཤོ་ཀའི་མགྲོན་ཁང་ནང་དུ་ལྡི་ལིར་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་ཕྲུག་ཚོར་སྩལ་བའི་བཀའ་སློབ་ལས་དྲངས།
  35. ཕྱི་ལོ་༡༩༨༨ ཟླ་༤ ཚེས་༢༩ ཉིན་མ་སུ་རི་བུ་ཁྱིམ་དགེ་ལས་ཚོར་སྩལ་བའི་བཀའ་སློབ་ལས་དྲངས།
  36. ཕྱི་ལོ་༡༩༩༤ ཟླ་༡༠ ཚེས་༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་༣༤ འཁོར་བའི་དུས་ཆེན་སྐབས་སྩལ་བའི་བཀའ་སློབ་ལས་དྲངས།
  37. ཕྱི་ལོ་༡༩༩༣ ཟླ་༡༠ ཚེས་༢༡ ཉིན་བོད་ཕྲུག་ཁྱིམ་སྡེའི་དུས་དྲན་ཐེངས་༣༣ པའི་མཛད་སྒོ་ཐོག་སྩལ་བའི་བཀའ་སློབ་ལས་དྲངས།
  38. ཕྱི་ལོ་༡༩༩༨ ཟླ་༨ ཚེས་༡༣ ཉིན་རིགས་སློབ་ས་རཱར་སྩལ་བའི་བཀའ་སློབ་ལས་དྲངས།

མདུན་ཤོག