༡༽    ལོ་འདིར་གཏན་ཉིན་སློབ་གྲྭ་ ༨༨ ༼དབུས་བོད་སློབ་འཛིན་ཚོགས་ཁོངས་ཤེས་རིག་ལས་ཁུངས་ནས་དངོས་སུ་གཟིགས་རྟོག་དགོས་པ་གྲངས་ ༣༧ ཤེས་རིག་གིས་ཐད་ཀར་འཛིན་སྐྱོང་གནང་མུས་ ༣༣ ཟུར་སྐྱོང་སློབ་ཁག ༡༨༽ཡོད་པའི་ནང་སློབ་ཕྲུག་ཁྱོན་བསྡོམས་ ༢༠༧༢༤ ཡོད་ཅིང༌། དགེ་རྒན་ལས་བྱེད་ ༡༢༨༩ ཡོད།
༢༽    ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། མའི་སོར་བྷེལ་ཀོབ་ལུགས་བསམ་གཞིས་སློབ་བཅས་ཀྱི་ནང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་སུ་ཞུགས་པ་ ༡༠༢ ཡོད་པ་ནས་ཨང་སྡེ་དང་པོ་ ༡༦ དང༌། ཨང་སྡེ་གཉིས་པ་ ༣༩ ཨང་སྡེ་གསུམ་པ་ ༩ བཅས་ཡོད་ཅིང༌། དེ་འཕྲོས་རྣམས་སློབ་ཚན་གཅིག་བསྐྱར་རྒྱུགས་གཏོང་དགོས་པ་དང་ཡིག་རྒྱུགས་མ་འཕྲོད་པ་ཡིན།
        གོང་གསལ་ཁོངས་ནས་ཨང་རིམ་མཐོ་གྲས་རྣམས་དང་གཟུགས་བབས་འཕྲོད་བསྟེན་གྱི་ཆ་ནས་དང་སློབ་སུ་མ་ཚུད་པ་རྣམས་ཕུད་དེ་བྱིངས་ཚང་མ་དང་སློབ་ཏུ་རྒྱས་བཅད་གཏན་འབེབས་ལྟར་བཏང༌།
༣༽    ལོ་འདིར་གཞི་རིམ་འཛིན་གྲྭ་ ༡༢ སློབ་ཐོན་རྗེས་རིགས་སྣ་ཚོགས་ཀྱི་སློབ་སྦྱོང་མཇུག་སྐྱོང་ཆེད་སློབ་ཡོན་གྲངས་ ༦༡ ཐབས་འཚོལ་ཐུབ་པ་རྣམས། དང་ཞབས་ལོ་དུས་ཐིམ་སྟེ་རྩ་དགོངས་འཁྲོལ་བ་རྣམས་དང༌། ལོ་འདིར་འཛིན་རིམ་ ༡༢ པའི་ཡིག་རྒྱུགས་ནང་ཨང་རིམ་མཐོ་གྲས་སོན་པ་ཚོར་མཐོ་སློབ་དང་དགེ་འོས། དགེ་རྒན་འོས་སྦྱོང༌། དྲུང་ཡིག རི་མོ། སྨན་པ་སོགས་ཀྱི་སློབ་སྦྱོང་ཆེད་བགོ་སྤྲོད་བྱས། ༼དེའི་ཁོངས་ཕྱི་སོག་ཏུ་སྨན་པའི་སློབ་སྦྱོང་དུ་བཏང་བ་ ༢ དང་ཉི་ཧོང་དུ་ལས་རིགས་སློབ་སྦྱོང་དུ་བཏང་བ་ ༥ ཡང་ཚུད༽ གོང་གསལ་ཐོག་རྒྱ་གར་བོད་སློབ་འཛིན་ཚོགས་ཀྱིས་གནང་བའི་སློབ་ཡོན་ ༡༤ ༼༡༥ ཡོད་ཀྱང་འདི་ལོ་སློབ་ཕྲུག ༡ དུས་ཐོག་དང་ཞབས་ནས་རྩ་དགོངས་མ་འཁྲོལ་སྟབས་རྗེས་ལུས་ཤོར་༽ ཟུར་བཅད་སྨན་པའི་ཞབས་སྟེགས་ ༢ དང་བཟོ་སྐྲུན་འཆར་འགོད་པའི་ཞབས་སྟེགས་ ༣ བཅས་པར་ཡང་སློབ་ཕྲུག་དྲག་འདེམས་བྱས་ཏེ་བཏང༌།
༤༽    རྒྱ་གར་ནང་གསར་བཙས་བོད་ཕྲུག་རྣམས་གཏན་སློབ་ཁག་ཏུ་སློབ་འཇུག་གི་སློབ་གྲོན་ཐབས་ཤེས་རྒྱུན་མཐུད་དུ་ཞུ་མུས་ལྟར་འདི་ལོ་ཕྱི་ནང་རོགས་ཚོགས་ཁག་ནས་ཁྱོན་སློབ་ཡོན་༣༠༠ དོན་སོན་བྱུང་བ་ལྟར་མ་སུ་རི་དང་ཌལ་ཧོར། རྡོར་གླིང༌། སྤོན་ཊ། སོ་ན་མདའ། ཁར་ཤང༌། ཀ་སྦུག མི་རིགས། བལ་ཡུལ་རྣམ་རྒྱལ་བཅས་ཀྱི་ཁོངས་ཁྱོན་བསྡོམས་སློབ་ཕྲུག ༣༨༩ སློབ་འཇུག་བྱས།
        དམིགས་བསལ་དོ་སྣང་དགོས་པ་ཞིག་ལ་ཕྱི་ལོ་ ༡༩༧༥ ནས་ ༡༩༨༤ བར་ཤེས་རིག་གིས་སློབ་འཇུག་ངོས་སྦྱོར་གནང་བར་རྩ་འཛིན་གྱིས་བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་ཁག་ནང་སློབ་འཇུག་བྱེད་བཞིན་ཡོད་ཀྱང༌། ༡༩༨༥ ནས་གཏན་སློབ་ཁག་བཞིའི་སློབ་ཕྲུག་གི་ཤོང་ཚད་རྩ་འབོར་ཁྱོན་བསྡོམས་ཕྲུ་གུ་གྲངས་ ༡༤༥༠ ཡིན་པར་གཏན་འཁེལ་གྱིས་དེ་ལས་བརྒལ་མི་ཆོག་པ་བཟོས་པར་མ་ཟད། ལྷག་པར་འཛིན་རིམ་ལྔ་པ་མན་གྱི་བོད་ཕྲུག་ལོ་ཆུང་གཏན་སློབ་ཏུ་སློབ་འཇུག་བྱས་ཚེ། ཤེས་ཡོན་དང་འཕྲོད་བསྟེན་སོགས་ཚང་མར་སྐྱོན་གནད་ཆེ་བར་བརྟེན་ཉིན་སློབ་ཏུ་ཉར་དགོས་ཚུལ་གསར་སྤྲོས་གནང་བར་ཤེས་རིག་ལས་ཁུངས་ནས་སྔར་ལམ་ལྟར་འཇུག་དགོས་ཚུལ་མུ་མཐུད་ཨུ་ཚུགས་མཐར་སྐྱེལ་བྱས་པར་བརྟེན། ༡༩༨༥ ལོ་གཅིག་པུའི་རིང་དམིགས་བསལ་དགོངས་བཞེས་ཀྱིས་སློབ་འཇུག་བྱས་འཐུས་བཀའ་འཁྲོལ་ཐོབ་ཙམ་བྱུང༌། གནས་སྟངས་འདིའི་ཐད་ཤེས་རིག་ལས་ཁུངས་ཀྱིས་འཕྲལ་ཕུགས་གཉིས་ཀར་བསམ་གཞིགས་ཀྱིས་བོད་ཕྲུག་སྔར་ལམ་ལྟར་སློབ་འཇུག་ཆོག་པ་བྱ་རྒྱུར་ཤུགས་སྐྱེད་ནུས་འདོན་བྱ་རྒྱུའི་ཐག་གཅོད་བྱས།
༥༽    འབྲུག་སྡོད་བོད་མི་མང་པོ་ཞིག་རྒྱ་གར་ནང་སྤོས་ཟིན་ཡང་ད་དུང་འབྲུག་ནང་བོད་མི་གང་ཙམ་ཡོད་པའི་ཁོངས་སྤ་གྲོ་གཞིས་ཆགས་སུ་བོད་མིའི་སློབ་གྲྭ་ཟུར་འཛུགས་བྱ་རྒྱུར་འབྲུག་གཞུང་གིས་དགག་བྱ་བྱེད་པར་མ་ཟད། ཁུལ་དེར་འབྲུག་པའི་སློབ་གྲྭ་ཡང་མེད་པར་བཅས་དཀའ་ངལ་ཉིས་བརྩེགས་ལ་བརྟེན་གཞིས་ཆགས་དེར་ཕྲུ་གུ་ཇི་ཡོད་གྲངས་ཐོ་བསྡུས་པར། ཁྱོན་ཕྲུ་གུ་ ༤༤ ཡོད་ཁོངས་སློབ་འཇུག་བྱ་འོས་རང་ལོ་ ༦ ནས་ ༩ བར་སོན་པ་ ༡༩ ཡོད་པ་རྣམས་རྒྱ་གར་དུ་བླངས་ཏེ་རྡོར་གླིང་མི་རིགས་སློབ་གྲྭར་སློབ་འཇུག་བྱས། དེ་མིན་འབྲུག་ཁུལ་བོད་མིའི་གཞིས་ཆགས་ཁག་ནས་འཛིན་རིམ་ལྔ་པ་ཡན་ཐོན་པ་ ༡༢ འདུག་པ་རྣམས་སློབ་སྦྱོང་མཇུག་སྐྱེལ་ཆེད་ཁར་ཤང་སློབ་གྲྭར་སློབ་འཇུག་བྱས། སློབ་ཡོན་ཟླ་རེར་སྒོར་ ༨༠ འབུལ་དགོས་པ་ནས་སྒོར་ ༥༠ ཤེས་རིག་ལས་ཁུངས་ཀྱིས་ནར་གཏོང་དང་འཕྲོས་ཕ་མ་སོ་སོས་འབུལ་རྒྱུ་བྱས། འབྲུག་ཁུལ་གཞིས་ཁག་སློབ་དགེ་རྣམས་ལ་བོད་གཞུང་ནས་གླ་ཕོགས་ཟླ་རེར་སྒོར་ ༣༠༠ རེ་དང་འབྲུག་གཞུང་ནས་སྒོར་ ༡༠༠ རེ་གནང་མུས་ཐོག་ཤེས་རིག་ལས་ཁུངས་ནས་དམིགས་བསལ་ཕོགས་སྣོན་ཟླ་རེར་སྒོར་ ༡༠༠ རེ་གནང༌། འབྲུག་ཁ་ས་ཁ་གཞིས་ཆགས་དང་འཇིགས་མེད་ནང་གཞིས་ཆགས་སློབ་གྲྭ་སོ་སོར་སློབ་དགེ་འཕར་མ་རེ་འཕར་བསྐོ་བྱས་འཐུས་བཀའ་འཁྲོལ་དང་སྦྲགས་གླ་ཕོགས་སྒོར་ ༤༠༠ རེ་གནང་བ་བཅས་འབྲུག་ཁུལ་བོད་མིའི་ཤེས་ཡོན་ལ་ལྟ་སྐྱོང་གང་ཐུབ་བྱས་དང་བྱེད་བཞིན་གནས།
༦༽    ཁར་ཤང་སློབ་གྲྭར་ས་གནས་དགེ་རྒན་ཕ་མའི་ཚོགས་ཆུང་གིས་སློབ་ཕྲུག་གི་སྡོད་ཁང་ཞིག་ཟུར་འཛུགས་བྱས་ཡོད་པ་དེའི་འཛིན་སྐྱོང་ལྟ་རྟོག་ཤེས་རིག་ནས་གནང་རོགས་ཞེས་ཞུ་སྐུལ་རིམ་འབྱོར་ལ་བརྟེན་འདི་ལོ་ནས་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་དང་སྦྲགས་སྡོད་ཁང་འགན་འཛིན་དང་རྩིས་པ་བཅས་ལས་བྱེད་གཉིས་བསྐོ་བཞག་བྱས།
༧༽    སློབ་ཕྲུག་གི་ཤེས་ཡོན་གྱི་རྩིག་རྨང་ལྟ་བུ་ནི་སྔོན་འགྲོའི་སློབ་གྲྭ་ཡིན་པར་བརྟེན། ལོ་ཤས་གོང་ནས་རྒྱ་གར་གཞུང་ལ་རེ་སྐུལ་གྱིས་ས་གནས་ཁག་ཏུ་སྔོན་འགྲོ་དང་བུ་བཅོལ་ཁང་ཆབས་སྦྲགས་བརྒྱ་ཕྲག་བརྒལ་བ་ཟུར་འཛུགས་ཟིན་ཡང༌། དེ་དག་གི་ནང་དུ་སྔོན་འགྲོའི་དགེ་རྒན་ཚད་ལྡན་ལྡང་ངེས་མེད་པའི་དཀའ་ངལ་ཆེན་པོ་འཕྲད་པར་བརྟེན། དྷ་ས་བོད་ཁྱིམ་ལ་འབོད་སྐུལ་གྱིས་ ༡༩༨༥ ཕྱི་ཟླ་ ༧ ཚེས་ ༡ ནས་ཟླ་ ༡༡ ཚེས་ ༣༠ བར་མི་གྲངས་ཉི་ཤུར་སྔོན་འགྲོའི་དགེ་རྒན་གྱི་འོས་སྦྱོང་གོ་སྒྲིག་བྱས་ཏེ་ལེགས་ཐོན་བྱུང༌། ས་གནས་ཀྱི་སྔོན་འགྲོའི་སློབ་གྲྭ་སོ་སོར་བསྐོ་བཞག་བྱེད་སྐབས་མ་གནས་ཧིན་སྒོར་ ༢༠༠༠ ཅན་གྱི་སློབ་ཁྲིད་ཡོ་ཆས་ཆ་ཚང་རེ་ཡང་མཉམ་དུ་བསྐུར་ཏེ་དོན་ཕན་ཆེན་པོ་བྱུང༌།
༨༽    ལོ་འདིའི་ཟླ་༦ ཚེས་ ༢༤ ནས་ ༢༦ བར་ཤེས་རིག་ཚོགས་ཆེན་ཐེངས་གསུམ་པ་སྐོང་འཚོགས་བྱས་ཤིང༌། ཚོགས་འདུར་དམིགས་བསལ་གདན་ཞུས་མཁས་དབང་ཁག་དང༌། བུ་ཁྱིམ་ཁག་གཉིས་ཀྱི་དབུ་འཛིན། རྒྱ་བལ་འབྲུག་གསུམ་ཁུལ་གཏན་ཉིན་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེ། སློབ་དགེ་བཅས་ཁྱོན་མི་གྲངས་ ༣༤༠ སྐོར་ཚོགས་ཕེབས་བྱུང༌། ཚོགས་འདུའི་ཉིན་དང་པོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་ཟབ་མོ་སྩལ་ཞིང༌། དེ་རྗེས་གཙོ་བོ་ཚོགས་འདུའི་གྲོས་གཞི་དོན་ཚན་གསུམ་ཐོག་གོ་བསྡུར་སྦྱང་བཤད་ཀྱིས་རྩ་འཛིན་གྲོས་ཆོད་གཏན་འབེབས་གནང་བ་ཆ་ཚང་དེབ་འདིའི་ཟུར་རྒྱན་ཁོངས་སུ་བཀོད་ཡོད་པས་དེར་གཟིགས།
༩༽    ལོ་འདིར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་སྨིན་སྩལ་གནང་སྐབས། རྒྱ་བལ་འབྲས་འབྲུག་དང་ཕྱི་རྒྱལ་ཡུལ་ཁག ལྷག་པར་ཕྱི་རྒྱལ་ཡུལ་ཁག་ནས་ནས་བཀའ་དབང་ཞུ་མཁན་ཕོན་ཆེ་བཅར་འབྱོར་དང་སྟབས་བསྟུན་གྱིས་ྋགོང་ས་མཆོག་གིས་ཤེས་རིག་ཚོགས་ཆེན་ཐོག་སྩལ་བའི་བཀའ་སློབ་དེབ་ཆུང་གྲངས་ ༡༠༠༠ པར་སྐྲུན་གྱིས་རིན་མེད་ཐོག་འགྲེམས་སྤེལ་ཞུས།
༡༠༽    ལོ་སྔོན་མའི་ལས་དོན་ནང་གསལ་བཞིན། མ་ན་ལི་ཁུལ་བོད་མིའི་གཞིས་ཆགས་གསར་འཛུགས་གནང་རྒྱུ་ནང་སྲིད་ལས་ཁུངས་ནས་ད་དུང་གཏན་འཁེལ་མ་བྱུང་བའི་དབང་གིས་དེ་ཁུལ་གཏན་སློབ་གསར་འཛུགས་བྱ་རྒྱུའང་ནར་ལུས་སུ་སོང༌། འོན་ཀྱང་སློབ་གྲྭ་འདི་ཀུ་ལུ་ཁུལ་གྱི་བོད་ཕྲུག་ལ་གཙོ་བོར་དམིགས་རྒྱུ་གཏན་འཁེལ་གྱིས་ཀུ་ལུའི་སློབ་གྲྭ་དེ་བཞིན་འཛིན་རིམ་བརྒྱད་པར་གནས་སྤར་ཆེད་འདི་ལོ་དགོས་ངེས་འཛིན་ཁང་ཁག་གསར་རྒྱག་བྱས།
༡༡༽    ལོ་སྔོན་མ་ཁག་གི་ལས་དོན་ནང་གསལ་བ་བཞིན། ནོར་ཝེ་རོགས་ཚོགས་ཀྱི་རོགས་རམ་བསྐྱར་གསོ་ཡོང་ཐབས་ལན་དགུ་ཆད་མཐུད་བྱས་འབྲས་སུ་བོད་ཕྲུག ༡༠༠༠ སྐོར་ལ་རོགས་རམ་ཐོབ་མུས་ཐོག ཁུངས་གཞན་ནས་རོགས་རམ་ཐབས་འཚོལ་རྒྱུན་མཐུད་དུ་བྱས་འབྲས་འདི་ལོ་འཇར་མན་རོགས་ཚོགས་ནས་ཨ་སྒོར་ ༣༠༠༠༠༠ ཡི་འབབ་ཧིན་སྒོར་ ༣༨༡༡༧༤༤།༠༩ དམིགས་བསལ་སྩལ་སྨིན་བྱུང༌།
༡༢༽    འདི་ག་ལས་ཁུངས་ཀྱིས་ཡོ་རོབ་ཁུལ་དུ་བཞུགས་པའི་བོད་རིགས་རྟའུ་བློ་བཟང་དཔལ་ལྡན་ལགས་སུ་འབོད་སྐུལ་ཞུས་དོན་ལྟར། བདེ་སྐྱིད་གླིང་གི་གཏན་སློབ་གསར་རྒྱག་ཆེད་ཁོང་གིས་གླུ་གཞས་དང་དགོད་བྲོའི་གཏམ་བརྗོད་བཅུག་པའི་སྤྲིན་འཁོར་ཞེས་པའི་སྒྲ་འཛིན་འཁོར་ཐག་སུད་སིར་དུས་འཁོར་དབང་ཆེན་སྩལ་སྐབས་སྤུས་ཚོང་ངལ་ཁུར་དང་ལེན་བྱས་པའི་འབབ་དངུལ་ཧིན་སྒོར་ ༩༠༢༢༢།༥༠ ཤེས་རིག་ལ་ཕུལ་འབྱོར་བྱུང༌། ཡང་གོང་གསལ་རྟའུ་བློ་བཟང་དཔལ་ལྡན་ལགས་དང་འཇར་མན་བོད་རིགས་ཚོགས་པས་སྤྲིན་འཁོར་ཞེས་པའི་སྒྲ་འཛིན་འཁོར་ཐག་གི་ཕྱི་ཤུབས་མཐུན་འགྱུར་གནང་ཐོག་ནང་གི་གཞས་སོགས་པར་བཤུས་འཁོར་ཐག་སྤུས་ལེགས་ཁྱོན་བསྡོམས་ ༣༠༠༠ ལྡི་ལིར་བཟོས་ཏེ་རྡོར་གདན་དུ་དུས་འཁོར་དབང་ཆེན་སྩལ་སྐབས་སོགས་སུ་བཙོང་པར་རིན་འབབ་སྒོར་ ༥༤༡༢༥།༧༠ བྱུང་བ་རྣམས་གོང་གསལ་དམིགས་ཡུལ་ཐོག་གཏོང་གཏན་འཁེལ།
༡༣༽    བལ་ཡུལ་ཁུལ་གྱི་སློབ་གྲྭ་སྔར་ཡོད་ཡར་རྒྱས་ཚགས་ཚུད་ཐོག་གཏན་སློབ་ཚད་ལྡན་ཁ་ཤས་གསར་འཛུགས་གནང་རྒྱུའི་འཆར་གཞི་ལོ་ཤས་གོང་ནས་བསྒྲིགས་ཏེ་འབད་བརྩོན་བྱས་པ་ལྟར་སློབ་གྲྭ་སྤྱིའི་གནས་སྟངས་ཡར་རྒྱས་ཆེན་པོ་སོང་ཐོག་ཁྱད་པར་མཆོད་རྟེན་སྲོང་བཙན་སློབ་གྲྭར་ཕྱིའི་མཐུན་རྐྱེན་དང་ནང་གི་ཤེས་ཡོན་གཉིས་ཀ་ཡར་རྒྱས་འབུར་ཐོན་བྱུང་བར་བརྟེན། སློབ་འཇུག་བྱེད་མཁན་མང་དུ་སོང་བའི་དགོས་མཁོ་དང་བསྟུན་བུ་ཕྲུག ༡༠༠ སྐོར་ཤོང་བའི་ཉལ་ཁང་ཞིག་ཟུར་འཛུགས་བྱ་གཏན་འཁེལ་ཏེ། ཤེས་རིག་ནས་ཉལ་ཁང་གི་ལོ་གཉིས་ཁང་གླ་སྔ་འདོན་དང་འཛིན་ཆས་གསར་ཉོའི་དགོས་དངུལ་སྐྱེད་མེད་བུན་གཡར་བྱས་ཤིང༌། ཉལ་ཁང་དེ་ཉིད་ ༡༩༨༦ ཟླ་ ༣ ནས་འགོ་འཛུགས་བྱེད་འཆར་བཟོས།
༡༤༽    བལ་ཡུལ་འཇོ་ལ་ཁེལ་ཨ་ཏི་ཤ་སློབ་གྲྭའི་འཛིན་ཁང་གསར་རྒྱག་མཇུག་སྐྱོང་གི་ཆེད་དུ་ཤེས་རིག་ནས་བལ་སྒོར་ ༡༠༠༥༣༠ སྐྱེད་མེད་བུན་གཡར་བྱས་པ་དང་མཉམ་དུ་རོགས་རམ་ཐབས་འཚོལ་བྱས་འབྲས་འདི་ལོ་ རྒྱདྲཔྲྟཔྱྟྣཔྱ ཞེས་པའི་རོགས་ཚོགས་ཤིག་གིས་རོགས་རམ་གནང་བ་ལྟར་གོང་གསལ་དངུལ་བུན་ཕྱིར་ལེན་བྱས།
༡༥༽    བལ་ཡུལ་དཔལ་འབྱོར་གླིང་གཞིས་ཆགས་སུ་བོད་མིའི་སློབ་གྲྭ་མེད་པར་སོང༌། སློབ་གྲྭ་གསར་རྒྱག་ཆེད་གོང་གསལ་བལ་ཡུལ་འཇོ་ལ་ཁེལ་ཨ་ཏི་ཤའི་དངུལ་བུན་ཕྱིར་ལེན་བྱས་པ་ཡོངས་རྫོགས་གསོལ་སྩལ་གྱིས་སློབ་ཁང་གསར་སྐྲུན་བྱེད་བཞིན་ཡོད་ཐོག འཇར་མན་མི་སབ་འབུ་སེག་ཚོགས་པར་འབོད་སྐུལ་ཞུས་འབྲས་སློབ་གྲྭ་འདིར་རོགས་རམ་རྒྱུན་མཐུད་གནང་རྒྱུའི་ཞལ་བཞེས་བྱུང༌།
༡༦༽    སྔོན་འགྲོའི་སློབ་གྲྭ་དང་བུ་བཅོལ་ཁང་ཆབས་སྦྲགས་སྡེ་ཚན་༡༢༧ གཞིས་ཆགས་ཁག་ཏུ་མུ་མཐུད་འཛིན་གཉེར་བྱེད་མུས་ཡིན་ཞིང༌། འདི་དག་གི་ཆེད་དུ་འདི་ལོའི་གྲོན་དངུལ་སྒོར་༨༨༨༤༩༢ རྒྱ་གར་གཞུང་ནས་གནང་སོན་ལྟར་བེད་སྤྱོད་ཚུལ་མཐུན་ཞུས་ཏེ་རྩིས་ཁྲ་ཁམས་དྭངས་བཟོས་པར་རྒྱ་གར་གཞུང་གི་རྩིས་པས་ཞིབ་འཇུག་དང་རྒྱབ་གཉེར་ཚད་ལྡན་བྱུང་ཞིང༌། ལས་དོན་ཚགས་ཚུད་ཡིད་རྟོན་འཕེར་བ་བྱུང་བར་རོགས་རམ་གནང་མཁན་གྱིས་ཀྱང་བསྔགས་བརྗོད་གནང༌།
༡༧༽    ལོ་འདི་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་སྒྱུར་གྱིས་བོད་ཕྲུག་ཚོའི་ཆེད་སློབ་གྲྭ་ཟུར་འཛུགས་དང་འབྲེལ་འཛིན་སྐྱོང་ལྟ་རྟོག་བྱེད་པོ་ཤེས་རིག་ལས་ཁུངས་བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་ཡིན་པར་བརྟེན། མགོན་པོ་གང་གི་མཛད་རྗེས་དང་རྒྱ་གར་གཞུང་མང་གིས་མཚོན་པའི་རོགས་ཚོགས་ཁག་གིས་ད་ཕན་རོགས་ཕན་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་དུ་དབྱིན་ཡིག་ནང་ལོ་ཉེར་ལྔའི་རིང་གི་བཙན་བྱོལ་བོད་མིའི་ཤེས་ཡོན་ཞེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་དང་འབྲེལ་ཆགས་གནས་ཚུལ་བསྡུས་བཀོད་དེབ་ཆུང་གསར་སྒྲིག་གིས་དེབ་གྲངས་ ༣༠༠༠ པར་སྐྲུན་འགྲེམས་འབུལ་ཞུས།
༡༨༽    འབྲས་ལྗོངས་ཁུལ་ཡོད་བཙན་བྱོལ་བོད་མིའི་སློབ་གྲྭའི་ནང་བོད་ཡིག་སྔར་བཞིན་བསླབ་འཐུས་དོན་སོན་ཡོང་ཐབས་སྐོར་སྒང་ཏོག་དོན་གཅོད་བྱམས་བརྩོན་ལགས་དང་སྐྱིད་སྦུགས་གཉིས་ལ་མུ་མཐུད་མཇུག་གནོན་ཡོང་བ་ཞེས་ཞུས་པར། དོན་རྩ་འདི་བཞིན་འབྲས་ལྗོངས་གཞུང་གི་བཀའ་ཤག་ནས་ཐག་གཅོད་གནང་དགོས་ལ་བརྟེན་དུས་འགོར་ཕྲན་བུ་ཡོང་གཞི་ཞེས་ལན་འབྱོར།
༡༩༽    འབྲུག་ནས་འབྱོར་བའི་བདེ་སྐྱིད་གླིང་གཞིས་ཆགས་སློབ་གྲྭ་དེ་བཞིན་ད་ཕན་ནང་སྲིད་ལས་ཁུངས་ཀྱིས་འཛིན་སྐྱོང་གནང་བཞིན་ཡོད་ཀྱང༌། རང་གཞུང་ལས་ཁུངས་ཁག་གི་ལས་དོན་རྣམས་སྡེ་ཚན་འདྲེས་མེད་དགོས་པའི་བཀོད་ཁྱབ་ཕེབས་དགོངས་ལྟར་ ༡༩༨༥ ཟླ་ ༨ ཚེས་ ༢༡ ཉིན་གོང་གསལ་སློབ་གྲྭ་དེ་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་འཛིན་སྐྱོང་བྱས།
༢༠༽    བཀའ་ཤག་དབུ་བཞུགས་ཀྱིས་ཆེས་མཐོའི་ཤེས་རིག་ཚོགས་འདུ་བསྐྱངས་པའི་སྐབས་ཚོགས་འདུ་འདི་༡༩༨༤ ལོར་འཚོགས།དང༌། ཤེས་རིག་ཚོགས་ཆེན་གྱི་སྐབས་སུ་རང་ཕྱོགས་ནས་འཛིན་སྐྱོང་འགན་ཁུར་ཆ་ཚང་ཅན་གྱི་སློབ་གྲྭ་གང་མང་གསར་འཛུགས་དང་རྒྱ་སྐྱེད་དགོས་པར་དགོངས་མཉམ་བྱུང་བ་བཞིན། ཤེས་རིག་ཐད་འཛིན་སློབ་གྲྭ་ཁག་གི་མི་རྒྱུ་གཉིས་ཐད་ནས་ཡར་རྒྱས་བཏང་ཐོག སྤོན་ཊ་འབྲིང་རིམ་གཏན་སློབ་དེ་བཞིན་དམིགས་བཀར་ཡར་རྒྱས་གཏོང་གཏན་འཁེལ་ཏེ། ས་གནས་བརྒྱ་དཔོན་འགོ་འཐུས་བཅས་པར་འབོད་སྐུལ་རིམ་མཛད་མཐར་གཞིས་ས་ཁྱོན་བསྡོམས་ཝི་གར་བི་གར་ ༣༣ དང་ཝི་ས་ཝ་ ༡༡ ཝི་ག་རེར་ཡུལ་ཐང་རིན་གོང་ལྔ་སྟོང་རེ་བརྩིས་སྒོར་༡༩༡༢༥༠ གནང་སྟེ་སྤུས་ཉོ་བྱས། དེ་ནས་ལོ་དུས་འདི་བར་༡༩༨༥ཧིན་སྒོར་སུམ་འབུམ་བཞི་ཁྲི་སྐོར་བཏང་སྟེ་སློབ་གྲྭའི་ཐབ་ཚང་དང་སྤྱོད་ཁང་གསར་སྐྲུན་ཟིན་ཐོག རིམ་པས་དཔེ་མཛོད་དང་ལས་ཤག འཛིན་ཁང་འཕར་མ་སོགས་འཛུགས་སྐྲུན་རྒྱ་སྐྱེད་གནང་གཏན་འཁེལ།
༢༡༽    གཞུང་དང་ཚོགས་སྡེ་ཚང་མས་ངོས་ལེན་ཡོད་པའི་ལག་འཁྱེར་ཅན་གྱི་བོད་དགེ་འོས་སྦྱོང་ཚད་ལྡན་ཞིག་གོ་སྒྲིག་བྱ་རྒྱུ་འཆར་འགོད་བྱས་ཏེ་ཝ་ཎ་དབུས་བོད་ཀྱི་མཐོ་རིམ་སློབ་གྲྭའི་ངེས་སྟོན་པ་མཆོག་བརྒྱུད་འབོད་སྐུལ་རིམ་པར་ཞུས་འབྲེལ་ཝ་ཎ་ལེགས་སྦྱར་མཐོ་སློབ་ཁང་གིས་དེ་ལྟའི་མཐོ་རིམ་དགེ་འོས་སྐྱ་ཁྱརྟའཛུགས་འཐུས་ཞལ་བཞེས་བྱུང༌། དེར་བརྟེན་འཆར་ལོ་ཕྱི་ཟླ་ ༢ ནང་མི་གྲངས་ ༢༩ ཅན་གྱི་དགེ་འོས་འགོ་འཛུགས་གནང་གཏན་འཁེལ།
༢༢༽    ཤེས་རིག་ཟློས་གར་ཚོགས་པའི་ཚོགས་ཁང་ཛ་དྲག་གསར་རྒྱག་བྱེད་མུས་ལ་ཧིན་སྒོར་ ༩༠༣༡༠།༠༨ སྐྱེད་མེད་སྔ་གཡར་ཐོག རྡོར་གདན་དུ་འཁྲབ་སྟོན་ཆེད་བསྐྱོད་པའི་ལམ་གྲོན་སོགས་འགྲོ་སོང་གང་དགོས་ཆ་ཚང་སྔ་གཡར་བྱས།
༢༣༽    བདེ་སྐྱིད་གླིང་གཞིས་ཆགས་ཉེ་འཁྲིས་སུ་གཏན་སློབ་ཅིག་གསར་རྒྱག་ཆེད་དྲུང་ཆེ་ངོ་ཕེབས་ཀྱིས་ས་བསྐོར་གནང་མཐར་ས་ཆ་སྦི་ག ༣༠ སྐོར་ཡོད་པ་ཞིག་ཉོ་གཏན་འཁེལ་ཡང༌། མཐའ་མའི་མིང་བསྒྱུར་ཆེད་ཁྲིམས་ཁང་དུ་བཅར་སྐབས་རྒྱ་གར་གྱི་མི་ཁོངས་མ་ཡིན་པར་ས་ཆ་ཚོང་བསྒྱུར་མི་ཆོག་པའི་ཁྲིམས་གཞིས་རྐྱེན་བྱས་ཏེ་འཆར་གཞི་ཕྱིར་འཐེན་བྱ་དགོས་བྱུང༌།
༢༣༽    བལ་ཡུལ་ནང་བོད་ཕྲུག་མང་བ་དང༌། དེ་དག་རྒྱ་གར་ནང་སློབ་སྦྱོང་དུ་ལེན་རྒྱུར་འགོག་རྐྱེན་མང་བ། ད་ལྟ་བལ་ཡུལ་ནང་སློབ་གྲྭ་སྒེར་འཛིན་བྱ་རྒྱུའི་གོ་སྐབས་ཆེས་བཟང་བ་བཅས་ལ་བརྟེན། བལ་ཡུལ་རྒྱལ་སའི་གོ་ཁ་ན་ས་ཁུལ་དུ་གཏན་སློབ་ཚད་ལྡན་ཞིག་གསར་སྐྲུན་བྱ་རྒྱུའི་འཆར་གཞི་གཏན་འཁེལ་བྱས།