ཆོས་ཉིད་ཆོས་སྐུའི་རང་གདངས་གདལ་པ་ལས། །གཟུགས་སྐུ་གཟུགས་སུ་ཤར་བའི་ཡོ་ལང་འབུམ། །
ལེགས་བྱས་ལེགས་པར་བསྐྲུན་པའི་ཐབས་ཚུལ་བརྒྱ། །སྟོན་མཛད་སྟོན་མཁན་གངས་ཅན་མགོན་པོར་མཆོད། །
རྒྱལ་ཀུན་མཁྱེན་པའི་རང་གཟུགས་གངས་ཅན་པའི། །བགོ་སྐལ་ཆུ་ཟླའི་རྣམ་རོལ་ཐོན་མི་ཞབས། །
སྲས་བཅས་བརྒྱུད་ལྡན་བླ་མའི་ཚོགས་རྣམས་ཀྱི། །བཀའ་དྲིན་དྲན་བཞིན་དད་པས་ཕྱག་བགྱི་འོ། །
གང་ཐུགས་རིན་ཆེན་བུམ་བཟང་ལས་བྱུང་བརྡ་སྤྲོད་རིག་པའི་བདུད་རྩིའི་རྒྱུན། །
ཡུན་རིང་མཁས་བླུན་ཚོགས་རྣམས་འགྲིམས་པས་མི་གཙང་གྲིབ་ཀྱིས་མནོས་པ་ཀུན། །
སེལ་མཛད་ཁྱབ་བདག་རིག་པའི་མགོན་པོ་གཙུག་ལག་ཆོས་ཀྱི་སྣང་བའི་ཞབས། །
སྤྱི་བོའི་གཙུག་ཏུ་ལན་བརྒྱར་མཆོད་དོ་བྱིན་རླབས་འབུམ་གྱི་སྟ་གོན་མཛོད། །
དེ་ཡི་ལུགས་བཟང་བརྒྱུད་ལྡན་མན་ངག་འབུམ། །འཛིན་མཁས་དངོས་དང་བརྒྱུད་པའི་བཤེས་གཉེན་རྣམས། །
བདེ་ཆེན་འཁོར་ལོའི་དཀྱིལ་དུ་ཡོངས་བཀོད་དེ། །སྒོ་གསུམ་གུས་པས་འདུད་དོ་བཀའ་དྲིན་ཅན། །
དུས་ཀྱི་མཚན་མ་ཕྱོགས་སུ་བརྡོལ་པ་ལས། །བརྒྱུད་ལྡན་མན་ངག་འཕྲུལ་གྱི་ལྡེའུ་མིག་རྣམས། །
བག་ལ་ཞ་བའི་བསྐལ་པས་ཡོངས་བཟུང་སྟེ། །གཟུ་ལུམ་སྤྱོད་པས་ས་སྟེང་གཡོག་ལ་ཉེ། །
དེ་ཡིས་བརྡ་སྤྲོད་རིག་པ་གཞོན་ནུ་མའི། །བཞིན་རས་མི་གཙང་དྲི་མས་བརྣོགས་པ་ལ། །
མ་བཟོད་རང་ནུས་བགྱི་བ་གསར་པ་ཞིག །ལེན་པའི་གོ་ཆས་སེམས་ཁམས་རབ་ཏུ་བསྡམས། །
དེ་ཕྱིར་བརྒྱུད་ལྡན་མན་ངག་འཐོར་བ་རྣམས། །གཅིག་ཏུ་བསྡུས་ནས་ཡི་གེར་བཀོད་པ་ལ། །
ཕྱི་ནང་གསང་བའི་མི་ཤིས་མཚན་མ་རྣམས། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ཞི་བར་ཤོག །
འདི་ན་བརྒྱུད་ལྡན་མན་ངག་འབུམ་གྱི་སྒོ། །ཅིག་ཅར་ཕྱེ་བས་དཔྱོད་ལྡན་གཞོན་ནུའི་ཚོགས། །
རང་དགར་འཇུག་པའི་སྟ་གོན་དང་བཅས་ཏེ། །དཔྱད་གསུམ་རོལ་མོ་ཚོགས་ཀྱིས་རམ་འདེགས་མཛོད། །
ཆེན་པོ་བོད་ཁམས་སྐྱོང་བའི་རྗེ། ། བཙན་པོ་སྲོང་བཙན་སྒམ་པོའི་བློན། །
མཁས་མཆོག་ཐོན་མི་སཾབྷོཊ། །རྒྱ་གར་ཡུལ་དུ་ཕྱིན་པ་ལས། །
བླ་མ་ལྷ་རིག་སེང་གེ་སོགས། །བསྟེན་ནས་གཞུང་ལུགས་སྦྱངས་པ་ལས། །
ཕྱིར་ཕེབས་སྐད་དང་མཐུན་པ་ཡི། །ཡི་གེ་སྲོལ་བཏོད་བརྡ་སྤྲོད་གཞུང༌། །
ལེགས་པར་སྦྱར་བའི་ལུགས་དང་བསྟུན། །དེས་ཕྱིར་གཞུང་འདིའི་མ་དཔེ་ཉིད། །
ལེགས་སྦྱར་ཉིད་དུ་ངེས་པའི་ཚུལ། །གཞུང་འདིའི་སྔ་ཕྱི་རྣམས་སུ་གསལ། །
དེ་ཡང་བོད་ཀྱི་བརྡ་སྤྲོད་ལ། །དབྱེ་ན་རྣམ་པ་གཉིས་སུ་འདུས། །
སུམ་ཅུ་པ་དང་རྟགས་འཇུག་ཅེས། །མཁས་བླུན་ཀུན་ལ་རླུང་ལྟར་གྲགས། །
ལུང་སྟོན་པ་དང་བརྡ་སྤྲོད་གཉིས། །མིང་གི་རྣམ་གྲངས་ཙམ་དུ་ཟད། །
ལུང་དུ་བསྟན་བྱ་སྟོན་བྱེད་དང༌། །སྟོན་ཚུལ་ཞིབ་ཏུ་ངེས་པ་གཅེས། །
བསྟན་བྱ་དབྱངས་གསལ་སོ་བཞི་ལས། །གྲུབ་པའི་སྐད་ཀྱི་གདངས་ཡིན་ཞིང༌། །
སྟོན་བྱེད་སྔོན་འཇུག་ནུས་པ་ལས། །གྲུབ་པའི་ཚིག་ཕྲད་བྱ་བྱེད་ལས། །
སྟོན་ཚུལ་མིང་ཚིག་བརྗོད་པ་རུ། །གྲུབ་ནས་སྐབས་དོན་གསལ་ནུས་པའི། །
ངག་གི་རིག་བྱེད་ཅིག་ལ་གོ །དེ་སོགས་ཞིབ་ཏུ་སྦྱང་དགོས་སོ། །
དེས་ན་སྐབས་འདིའི་བརྡ་སྤྲོད་དམ། །ལུང་སྟོན་ཅེས་པའི་གོ་དོན་ལ། །
རགས་ཙམ་ངེས་ཤེས་དྲང་ནུས་ཀྱང༌། །མཁས་པའི་ལུགས་ལ་འཇོག་སྲོལ་མང༌། །
བརྡ་སྤྲོད་ཅེས་པའི་གོ་དོན་ཉིད། །ཡོངས་སུ་རྟོགས་པར་བྱ་བ་ལ། །
ཡི་གེ་འཇུག་པའི་གནས་བརྒྱད་རྣམས། །ངེས་པར་བྱ་བ་གལ་ཆེ་ཞིང༌། །
ཡུལ་ཅན་ཡུལ་ལ་འཕྲད་པ་ལས། །བྱུང་བའི་འཆར་སྣང་མི་འདྲ་བ། །
སྨྲ་འདོད་ཀུན་སློང་གཡོས་པ་ལས། །དོན་དབེན་རྗོད་བྱེད་ཡོངས་ལ་སྒྲ། །
དོན་ཉིད་མཚོན་པའི་གདངས་ལ་སྐད། །དེ་ཉིད་དུ་མ་འདུས་པ་ལས། །
དོན་གྱི་ངོ་བོ་སྟོན་ནུས་པའི། །སྤྱི་དང་བྱེ་བྲག་མིང་རྣམས་འབྱུང༌། །
སྒྲ་དོན་ལྷན་དུ་འདུས་པ་ལས། །གོ་བ་བསྐྱེད་པར་བརྡ་ཞེས་བྱ། །
དེ་ཉིད་ཡུལ་ལ་སྦྱར་བ་ལས། །མིང་ཙམ་འདྲེན་པ་སྒྲའི་ཐ་སྙད། །
མིང་དང་མིང་ཅན་འབྲེལ་བ་ཡི། །ངོས་འཛིན་ཐུབ་པ་བློའི་ཐ་སྙད། །
དེ་ལྟར་མིང་དོན་འབྲེལ་བ་ལས། །དོན་གྱི་རྣམ་པ་གསལ་བར་ནུས། །
ཐ་སྙད་བློ་ལ་ངེས་པ་ལས། །ཡུལ་གྱི་ཁྱད་པར་འབྱེད་པའི་ཉམས། །
སྣང་བའི་རང་བཞིན་མཚན་མ་སྟེ། །ཁྱད་གཞི་ཁྱད་ཆོས་འབྲེལ་བ་ཚིག །
ཕྲད་དང་རྣམ་དབྱེ་བྱིན་པ་ལས། །ངག་དོན་ཉིད་དུ་ཤར་བ་གང༌། །
བརྗོད་དོན་གོ་རིམ་ལྡན་པའི་དོན། །དེ་དག་རྣམས་ལས་བརྡ་སྤྲོད་གྲུབ། །
བརྡ་ཞེས་བྱ་བར་ཡངས་དོག་གི །གོ་བ་མང་དུ་མཆིས་ན་ཡང༌། །
སྐབས་འདིའི་བརྡ་ཞེས་བྱ་བ་ཉིད། །ངག་གི་རྣམ་འགྱུར་ཞིག་ལ་འཐད། །
བརྡ་དོན་ཡོངས་སུ་གསལ་བའི་ཕྱིར། །གནས་བརྒྱད་གཞུང་ལས་དོན་དམིགས་དང༌། །
སྒྲ་ལས་བྱུང་དང་ཐུན་མོང་གྲགས། །མཐུན་སྣང་མངོན་ཞེན་ཆོས་ལྔ་བསྟན། །
སྤྲོད་ནི་གོ་དོན་སྤྲད་པ་སྟེ། །སྒྲ་བློའི་ཐ་སྙད་གཉིས་འདུས་པའི། །
བརྗོད་བྱ་གང་ཡིན་རྗོད་བྱེད་དུ། །དྲངས་པ་བརྡ་སྤྲོད་ཅེས་པའི་དོན། །
བརྡ་དང་ཐ་སྙད་ཅེས་པ་ཡི། །བརྡ་ནི་གོ་བར་བྱེད་པ་དང༌། །
ཐ་སྙད་འཇུག་པར་བྱེད་པ་སྟེ། །བཏགས་འཇུག་བརྗོད་པ་ཚང་དགོས་སོ། །
གངས་ཅན་སྐད་ཀྱི་རང་བཞིན་དང༌། །རྣམ་འགྱུར་གསལ་བར་བྱས་པ་ལས། །
བརྡ་དོན་རྟོགས་ཤིང་གོ་ནུས་པར། །བྱེད་པའི་ཐབས་ཚུལ་བརྡ་སྤྲོད་གཞུང༌། །
དེང་སྐབས་བོད་ཀྱི་བརྡ་སྤྲོད་ལ། །སུམ་རྟགས་དག་གསུམ་ཞེས་པ་ཡང༌། །
བསྡུས་ན་སུམ་རྟགས་གཉིས་སུ་འདུས། །སྡུད་ཚུལ་གཞུང་བཞིན་ཤེས་པ་གཅེས། །
མིང་གི་ཆ་རྣམས་གང་ཡིན་པ། །རྣམ་དབྱེ་དང་པོའི་ཁོངས་སུ་སྡུད། །
རྣམ་དབྱེ་དང་པོར་མི་གཏོགས་པའི། །མིང་གཞན་སྲིད་ན་རྣམ་རྟོག་གཞི། །
མིང་དེར་རྣམ་གྲངས་མང་དུ་སྣང༌། །གཞུང་གི་ས་བཅད་མ་འཁྲུལ་ཕྱིར། །
སྐབས་བབ་ཉིད་དུ་བཤད་བྱ་སྟེ། །བསྟན་བཅོས་མཁས་པའི་ལུགས་སུ་བཞག །
སུམ་རྟགས་སོ་སོའི་བརྗོད་བྱ་ནི། །མཁས་བླུན་ཀུན་གྱིས་སོ་སོར་གཞག །
འོན་ཀྱང་ཐོན་མིའི་བཞེད་དགོངས་དངོས། །སི་ཏུས་ལོན་པ་འདི་ལྟ་སྟེ། །
སུམ་ཅུ་པ་ཡི་བརྗོད་བྱ་ནི། །རྗེས་འཇུག་ཡི་གེ་བཅུ་ཡིན་ཞིང༌། །
དེར་བརྟེན་ཕྲད་དང་རྣམ་དབྱེ་རྣམས། །སྟེས་གྲུབ་དབང་གིས་བྱུང་བ་སྟེ། །
མིང་ཚིག་བརྗོད་པ་གསུམ་གྱི་ཚུལ། །གསལ་བྱེད་རྗེས་འཇུག་བཅུ་ཡིན་ཞིང༌། །
དངོས་བསྟན་ཕྲད་དང་རྣམ་དབྱེ་རྣམས། །དེ་ལས་བྱུང་ཞིང་དེ་ལ་སྦྱོར། །
ཚུལ་དེ་ཕྲད་ཀྱི་དབྱུང་ཚུལ་དང༌། །སྦྱོར་ཚུལ་རྗེས་འཇུག་དགོས་པ་དང༌། །
རྗེས་འཇུག་ཅིའི་ཕྱིར་འཇུག་རྣམས་ལ། །དཔྱད་ན་ངེས་ཤེས་དྲང་བར་ནུས། །
རྟགས་ཀྱི་འཇུག་པའི་བརྗོད་བྱ་ལ། །སྔོན་འཇུག་ཡི་གེ་ལྔ་འཇོག་ཅིང༌། །
ལས་ཀྱི་རྣམ་འགྱུར་མི་འདྲ་བ། །སྔོན་འཇུག་ནུས་པ་ཁོ་ནས་བསྐྱེད། །
དེ་ལྟར་སྔོན་རྗེས་རྣམ་གཉིས་ལ། །བརྟེན་ནས་བརྡ་སྤྲོད་བྱུང་བ་འདི། །
ཐུན་མིན་བོད་ཀྱི་སྐད་ཡིག་གི །ཁྱད་ཆོས་ཉིད་དུ་གྲུབ་པ་ལགས། །
ཚུལ་འདིའི་འཇུག་སྒོ་ཐམས་ཅད་ཀྱི། །དོན་རྟོགས་ལག་རྩེར་བབས་པ་ལས། །
རྣམ་མང་ཤེས་བྱའི་གྲོང་ཁྱེར་དུ། །ཇི་དགར་འཇུག་པའི་རྒྱུར་གྱུར་ཅིག །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་མཁས་མཆོག་སི་ཏུའི་དགོངས་པ་རབ་གསལ་ཞེས་པ་ལས་བརྗོད་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།
དེ་ཡང་བོད་ཀྱི་བརྡ་སྤྲོད་ཀྱི། །རྣམ་བཤད་སྔ་མ་སུམ་ཅུ་པའི། །
མཚན་གྱི་དོན་ལ་བཞེད་སྲོལ་མང༌། །མཁས་པའི་ལུགས་ལ་འདི་ལྟ་སྟེ། །
སྒྲ་ལ་རྣམ་པ་བརྒྱད་དབྱེ་བའི། །ནང་གསེས་དོན་སྟོན་སྐྱེས་བུའི་ངག །
དབྱངས་གསལ་སོ་བཞིའི་རྣམ་འགྱུར་དུ། །འཕོས་པའི་སྐད་གདངས་ལེགས་སྦྱར་པས། །
མིང་ཚིག་བརྗོད་པའི་རྣམ་པ་རུ། །ཤར་ནས་དོན་རྣམས་གསལ་ནུས་ཤིང༌། །
དེ་ཡི་རང་བཞིན་ངོ་སྤྲོད་པའི། །གཞུང་ལ་ལུང་དུ་སྟོན་པར་གྲགས། །
རྩ་བ་ཞེས་པར་གོ་དོན་མང༌། །སྐབས་འདིར་རྨང་གཞི་དོན་ལ་འཇུག །
བོད་ཀྱི་བརྡ་སྤྲོད་གཞུང་ཀུན་གྱིས། །ཕྱི་མོ་ཡིན་པས་དེ་ལྟར་བརྗོད། །
དེ་ལྟའི་གཞུང་གི་རྣམ་བཤད་ཀྱི། །རྗོད་བྱེད་ཤླཽཀ་སུམ་ཅུར། །
གནས་ཤིང་དེ་ལྟར་ལྡན་པས་པ། །དེ་ཡང་རྗོད་བྱེད་དབང་གིས་བཏགས། །
སྐད་གཉིས་ཤན་སྦྱར་འགྱུར་ཕྱག་ལ། །ཚིག་རིས་མཐུན་མིན་ཡོད་མེད་ཐད། །
མཁས་པ་སྔ་ཕྱིས་བཞེད་སྲོལ་མང༌། །གཞུང་སྤྱི་བཞིན་དུ་བཟུང་ན་བདེ། །
མཆོད་པར་བརྗོད་པ་དབྱེ་ན་བཞི། །མཁས་པའི་ལུགས་སུ་བཞག་པ་སྟེ། །
བྱ་བ་དངོས་དང་གདུལ་བྱ་ལ། །དམིགས་ནས་དེ་ཉིད་སྔོན་དུ་བཏང༌། །
མཆོད་བརྗོད་གཉིས་པའི་སྒྲ་དབྱངས་ཀྱང༌། །དབྱངས་ཡིག་ཉིད་དུ་བཞག་པ་འཁྲུལ། །
དེར་བརྟེན་མཆོད་བརྗོད་གསུམ་པ་ཡི། །མིང་གཞིའི་དོན་ཉིད་ལོག་པར་བཀྲལ། །
མིང་གིས་བསྙད་བྱ་མིང་ཚིག་གཞི། །སྔོན་རྗེས་གཉིས་ཀྱི་འཇུག་གཞི་བཅས། །
རྣམ་གསུམ་རང་གི་ལུགས་ལ་འདོད། །སྐབས་འདིའི་མིང་གཞི་བར་བ་ཉིད། །
མཁས་པའི་ལུགས་སུ་གཞག་པ་དང༌། །ཐུན་མོང་ཐུན་མིན་དགོས་པ་ལ། །
བཞི་གསུམ་ཚང་བའི་ཁྱད་ཆོས་ཉིད། །གསལ་ཕྱིར་དམ་བཅའི་ཚིག་ཕྲེང་སྤེལ། །
དེ་ཡང་སྦྱར་བྱའི་ཡི་གེ་ནི། །མིང་ཚིག་གཉིས་ཀྱི་བསྒྲུབ་གཞི་ཉིད། །
སྐད་ཀྱི་གདངས་སུ་གྲུབ་པ་སྟེ། །དོན་གྱི་རྣམ་པ་མེད་པའི་ངག །
རང་གིས་རང་ཉིད་མཚོན་པ་ལས། །གཞན་གྱིས་མིན་པས་ཨཀྵར། །
མིང་ཚིག་གསལ་པས་བྱཛྙན། །རྗོད་བྱེད་ཡིན་པས་ཝརྞ་སྟེ། །
མཚན་ཉིད་གསུམ་གྱི་བདག་ཉིད་ལ། །ཡི་གེ་ཞེས་པར་ཡོངས་སུ་གྲགས། །
དབྱེ་ན་དབྱངས་གསལ་གཉིས་སུ་ངེས། །རྒྱས་པར་དབྱེ་ན་རྣམ་པ་བདུན། །
དབྱངས་ལ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །
འཕུལ་རྟེན་མིང་གཞི་མགོ་འདོགས་དང༌། །ཡང་འཇུག་དབྱངས་བཅས་གྲུབ་ཆ་བདུན། །
འཕུལ་རྟེན་བྱ་བ་འཇུག་མིན་གྱིས། །སྐབས་འདིའི་མིང་གཞི་གསུམ་དུ་དབྱེ། །
གཙོ་ཕལ་ཡན་ལག་བཅས་སུ་ངེས། །གྲུབ་ཆ་གསུམ་དུ་བཞེད་པའི་ལུགས། །
དེ་ལྟའི་གྲུབ་ཆ་རེ་རེ་ཉིད། །ཡི་གེ་ཡིན་ཞིང་གདངས་ཙམ་ལས། །
དོན་གྱི་རྣམ་པར་མ་ཤར་ཡང༌། །མིང་ཚིག་གཉིས་ཀྱི་བསྒྲུབ་གཞི་ཡིན། །
རང་ཉིད་རྐྱང་པར་གདངས་དབེན་ཞིང༌། །གནས་དང་བྱེད་རྩོལ་རྣམ་འགྱུར་བྲལ། །
གསལ་བྱེད་དང་སྦྱར་ང་རོ་ཡི། །ཁྱད་ཐོན་ཡི་གེར་དབྱངས་ཞེས་བརྗོད། །
བོད་ཀྱི་དབྱངས་ལ་བཞི་རུ་ངེས། །ཚེག་ཁྱིམ་གཅིག་ཏུ་གྲུབ་པ་དེར། །
གདངས་གཅིག་ཉིད་དུ་ཀློག་དགོས་པས། །ཨ་ལ་དབྱངས་ཀྱི་བྱ་བ་མེད། །
དེར་བརྟེན་སྲོག་ཅན་སྲོག་མེད་ཀྱི། །རྣམ་གཞག་རྣམས་ཀྱང་བོད་སྐད་ལ། །
འཚམ་མིན་ཁྱད་ཆོས་འདི་ཉིད་ཀྱིས། །ཨ་ཡིག་གསལ་བྱེད་གྲལ་དུ་བཀོད། །
ཨ་ནི་གནས་དང་བྱེད་རྩོལ་གྱི། །རྣམ་འགྱུར་གསལ་བས་གཞན་རྣམས་མིན། །
ཐོན་མིས་བོད་ཀྱི་གསལ་བྱེད་རྣམས། །རང་གདངས་རྫོགས་པའི་ལུགས་སུ་བཅོས། །
རང་ཉིད་རྐྱང་པའི་གདངས་རྫོགས་ཤིང༌། །གནས་དང་བྱེད་རྩོལ་རྣམ་འགྱུར་གསལ། །
མིང་གཞི་གཙོ་བོའི་བྱ་བ་ཅན། །གསལ་བྱེད་ཡི་གེ་ཞེས་སུ་གྲགས། །
དེ་ལྟའི་གསལ་བྱེད་སུམ་ཅུ་སྟེ། །ལེགས་པར་སྦྱར་བའི་གསལ་བྱེད་ལས། །
ཉེར་གསུམ་བླངས་ཤིང་ཨ་ཡིག་བསྣན། །ཙ་ཞ་དྲུག་པོ་གསར་དུ་བཟོས། །
སྔོན་གྱི་མཁས་པ་མང་པོ་ཡིས། །སྟོད་ཀྱི་ཅ་སོགས་བཟོས་ཞེས་གྲག །
འོན་ཀྱང་ཅ་སོགས་ལེགས་སྦྱར་ལ། །སྣང་བས་ཙ་སོགས་བཟོས་པར་ངེས། །
དེ་ལྟའི་དབྱངས་གསལ་སོ་བཞི་རྣམས། །སྐྱེ་གནས་རྣམ་པ་ལྔར་འདུས་ཤིང༌། །
ཀ་ཁ་ག་ང་འ་ཧ་ཨ། །སྐྱེ་བའི་གནས་ནི་མགྲིན་པ་ཡིན། །
ཅ་ཆ་ཇ་ཉ་ཙ་ཚ་ཛ། །ཞ་ཡ་ཤ་དང་ཨི་ཨེ་རྣམས། །
རྐན་ཡིན་ཏ་ཐ་ད་ན་དང༌། །ཟ་ལ་ས་རྣམས་སོ་ལས་བྱུང༌། །
པ་ཕ་བ་མ་ཝ་ཨུ་ཨོ། །མཆུ་ཡིན་ར་ཡིག་གཅིག་པུ་ནི། །
ལྕེ་རྩེ་ཉེ་བའི་སྤྱི་བོ་ཡིན། །དེ་སོགས་ཞིབ་ཏུ་ཤེས་པ་གལ། །
བྱེད་པར་དབྱེ་ན་རྣམ་ལྔ་སྟེ། །མཆུ་དང་མགྲིན་པ་རང་གནས་དང༌། །
རྐན་ནི་ལྕེ་དབུས་སོ་ལ་ནི། །ལྕེ་རྩེ་ར་ཡིག་དེ་ལ་ཉེ། །
རྩོལ་བར་ཕྱི་ནང་རྣམ་གཉིས་ལས། །ཕྱི་ལ་སྒྲ་ལྡན་སྒྲ་མེད་གཉིས། །
སྲོག་ཆེན་སྲོག་ཆུང་དྲོ་བ་བཅས། །དབྱེ་ན་ལྔ་རུ་འདུས་པ་འོ། །
ནང་གི་རྩོལ་བར་དབྱེ་ན་བཞི། །ཕྱེ་བའི་རྩོལ་བ་བཙུམ་པ་དང༌། །
ཕྲད་དང་ཅུང་ཟད་ཕྲད་པ་བཅས། །དང་པོ་ཉིད་ནས་སྦྱང་བ་གཅེས། །
གསལ་བྱེད་སྡེ་བ་རྣམ་བརྒྱད་ལས། །བཞི་པའི་བར་གྱི་གོ་རིམ་ནི། །
སྐྱེ་གནས་ཁོ་ནས་བསྒྲིགས་པ་དང༌། །ནང་གསེས་རྩོལ་བས་རྣམ་པར་ཕྱེས། །
ལྔ་ནས་བརྒྱད་པའི་བར་རྣམས་ཀྱང༌། །སྐྱེ་གནས་ཉེ་བ་གཙོ་བྱས་ཤིང༌། །
ནང་གསེས་འཐོར་བའི་ལུགས་སུ་བཞག །སྔ་ཕྱི་གཉིས་ལ་ཁྱད་པར་ཆེ། །
སྐྱེ་གནས་བྱེད་རྩོལ་རྣམ་པ་གསུམ། །ཞིབ་ཏུ་འཇོག་སྲོལ་མི་འདྲ་བ། །
མཁས་པའི་ལུགས་ལ་འབྱུང་མོད་ཀྱང༌། །བློ་ཡིས་སོ་སོར་དཔྱད་པ་གལ། །
སྐབས་འདིར་བཤད་པའི་བྱེད་རྩོལ་རྣམས། །ཡི་གེ་རེ་རེར་བཞག་པ་ཙམ། །
འཕུལ་རྟེན་མིང་གསུམ་འདུས་པ་ལས། །བྱུང་བའི་གནས་རྣམས་གཞན་ནས་སྦྱོངས། །
མིང་གི་སྒྲུབ་གཞིའི་ཕྱི་མོ་དང༌། །སྒྲ་ཡི་གཞི་རུ་གྱུར་པ་སྟེ། །
འཕུལ་རྟེན་དབྱངས་བཅས་སྦྱིན་པའི་གཞི། །མིང་གཞི་གཙོ་བོ་སུམ་ཅུ་ཉིད། །
མིང་གཞིའི་སྔོན་དུ་འཇུག་པ་ལྔ། །ལས་ཀྱི་ཁྱད་པར་འབྱེད་པ་དང༌། །
དེར་མཚུངས་སྒྲ་ཡི་ནུས་པ་བསྐྱེད། །འཇུག་ཚུལ་ལ་ཡང་ཁྱད་པར་ཆེ། །
མིང་གཞིའི་རྗེས་སུ་ཞུགས་པ་ལས། །མིང་དུ་སྒྲུབ་ཅིང་མཚམས་སྦྱོར་གྱི། །
ནུས་ལྡན་ཀུན་ལ་མཚུངས་པར་འཇུག །དེ་ལ་ཡི་གེ་བཅུ་ཡོད་དོ། །
མིང་གཞི་འཕུལ་རྟེན་བྱེད་པ་ལྔ། །མིང་གཞི་འཕུལ་བྱེད་རྣམ་པ་བཅུ། །
མིང་གཞི་ཙམ་བྱེད་ཉི་ཤུ་སྟེ། །གསལ་བྱེད་རྣམ་པ་གསུམ་དུ་འགྱུར། །
ད་ས་གཉིས་ནི་ཡང་འཇུག་ཡིན། །ལས་དང་རྒྱན་དང་མིང་སོགས་ཀྱི། །
རྣམ་པ་འབྱེད་པའི་ནུས་པ་ཅན། །དབྱེ་ན་རྗེས་འཇུག་ཁོངས་སུ་འདུས། །
སྒྲ་ཡི་སྒྲུབ་གཞི་མིང་དང་ནི། །ལས་ཀྱི་རྣམ་པ་ང་རོའི་ཉམས། །
མིང་དོན་གཅོད་དང་རྣམ་པ་འབྱེད། །འཕུལ་རྟེན་མིང་གཞི་དབྱངས་བཅས་གྲུབ། །
བརྗོད་བྱ་ཐུན་མོང་ཐུན་མིན་རྣམས། །རྗོད་བྱེད་གཟུགས་སུ་འདྲེན་པ་ལ། །
དབྱངས་གསལ་སོ་བཞིའི་འདུ་བྱེད་ལས། །མཐའ་དག་གྲུབ་འདི་ཨེ་མ་རྨད། །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་མཁས་མཆོག་སི་ཏུའི་དགོངས་པ་རབ་གསལ་ཞེས་པ་ལས་ཀླད་ཀྱི་དོན་དང་སྦྱར་བྱ་ཡི་གེ་རྣམ་གཞག་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།སྦྱོར་ཚུལ་
ཚིག་ཕྲད་བཤད་པ་ལ། །དབྱེ་ན་རྣམ་པ་གཉིས་སུ་འདུས། །
ཕྲད་དང་རྣམ་དབྱེ་བཅས་པ་བརྒྱད། །རང་དབང་ཅན་གྱི་ཕྲད་དྲུག་གོ །
ཕྲད་དང་རྣམ་པར་དབྱེ་བ་གཉིས། །མུ་བཞིའི་ཚུལ་དུ་གནས་པ་སྟེ། །
རྣམ་དབྱེ་ལ་ཡང་གཉིས་ཡོད་དེ། །ངོ་བོ་ཁྱད་པར་འབྱེད་པ་གཉིས། །
དེ་བཞིན་ཕྲད་ལའང་རྣམ་གཉིས་ཏེ། །འདིར་བཤད་གཞན་ནས་བཤད་པ་དང༌། །
མིང་དོན་གྲུབ་དང་མ་གྲུབ་ཀྱིས། །སོ་སོར་འབྱེད་པ་མཁས་པའི་ལུགས། །
ཚིག་ཕྲད་ཅེས་པ་མཚམས་སྦྱོར་དང༌། །བརྗོད་བདེ་དོན་གྱི་རྣམ་པ་ཞིག །
གསར་དུ་འདོན་པའི་ནུས་པ་ཅན། །རང་ངོས་དོན་སྟོན་མི་སྟོན་གཉིས། །
སྐབས་འདིར་བཤད་པའི་ཕྲད་ཅེས་པ། །ཁྱད་ཆོས་བཞི་དང་ལྡན་པ་སྟེ། །
སྐབས་དོན་བསྟུན་ནས་གསར་དུ་སྦྱར། །རང་ངོས་དོན་སྟོང་དོན་སྟོན་པའི། །
མིང་གི་གདངས་དང་མི་འདྲ་ཞིང༌། །དོན་གྱི་རྣམ་པ་གསར་པ་ཞིག །
འདྲེན་པ་གང་དེར་ཕྲད་ཅེས་བརྗོད། །དེ་ལ་དབྱེ་ན་བཅུ་བཞི་འོ། །
གྲུབ་ཆར་དབྱེ་ན་རྣམ་བཞི་སྟེ། །དངོས་བསྟན་རྗེས་འཇུག་ལས་གྲུབ་ཅིང༌། །
ཤུགས་བསྟན་རྗེས་འཇུག་ལྷན་ཅིག་སྐྱེས། །མིང་གཞི་རྐྱང་པའི་ཕྲད་བཅས་སོ། །
ཕྲད་ཀྱི་འབྱུང་ཁུངས་རྣམ་པ་གསུམ། །སླར་བསྡུ་ལ་དོན་ཨི་ལྡན་ཡིན། །
དེ་ལྟར་ཕྲད་ཙམ་རྣམ་དབྱེ་ཕྲད། །མ་འདྲེས་དབྱེ་བ་ཤིན་ཏུ་གལ། །
སྤྱིར་ན་རྣམ་དབྱེ་ཞེས་པའི་དོན། །ཤེས་པའི་ཡུལ་དུ་གྱུར་པ་ཡི། །
དོན་སོགས་རྣམ་པ་མ་འདྲེས་པར། །སོ་སོར་དབྱེ་བ་ཙམ་ལ་གོ །
འོན་ཀྱང་སྐབས་འདིའི་རྣམ་དབྱེ་དོན། །སྔ་ཕྱིས་མཁས་པ་རྣམས་ཀྱི་ལུགས། །
སོ་སོར་སྣང་བས་རྣམ་གཉིས་ཏེ། །འཇོག་བྱེད་ཚིག་ལ་རྒྱས་བསྡུས་མང༌། །
སྔ་རབས་བོད་ཀྱི་མཁས་ཀུན་ཀྱིས། །ལེགས་སྦྱར་བརྡ་སྤྲོད་ཇི་བཞིན་དུ། །
གཅིག་ལས་དུ་མར་འབྱེད་པའི་དཔེར། །དྲང་པ་མཁས་པའི་ལུགས་སུ་གོ །
ཕྱིས་སུ་བྱོན་པའི་མཁས་པ་ཡིས། །བཞག་པའི་རྣམ་དབྱེ་གོ་དོན་ལ། །
ཟུར་ལ་འདྲ་མིན་མང་སྣང་ཡང༌། །རྣམ་པ་མ་འདྲེས་འབྱེད་ཅེས་གྲགས། །
དེ་ལྟར་ལུགས་གཉིས་གྱེས་པ་ཡི། །དོན་ལ་ཞིབ་ཏུ་བསམ་པ་ན། །
སྐད་གཉིས་རང་བཞིན་ཐ་དད་པས། །ངོས་འཛིན་སོ་སོར་སྣང་བ་ཙམ། །
འོན་ཀྱང་ལེགས་པར་སྦྱར་བ་ལ། །རྣམ་དབྱེ་གཉིས་སུ་སྣང་བ་ནི། །
མིང་དང་བྱ་ཚིག་རྣམ་གཉིས་ལ། །རྣམ་དབྱེ་སོ་སོར་ཡོད་པས་སོ། །
བོད་སྐད་དེར་དང་མི་མཚུངས་པས། །བྱ་ཚིག་སྒྲུབ་པའི་རྣམ་དབྱེ་དོར། །
མིང་གི་རྣམ་དབྱེ་རང་སོར་བཞག །དེ་ལ་རྣམ་འགྱུར་བདུན་དུ་གནས། །
དེས་ན་བོད་ཀྱི་རྣམ་དབྱེ་འདི། །མིང་ལ་སྦྱར་བའི་རྣམ་དབྱེ་སྟེ། །
མིང་གང་དོན་གྱི་ཁྱད་པར་ནི། །རྣམ་པ་བདུན་དུ་བསྐྱེད་པ་འོ། །
ལེགས་སྦྱར་རྣམ་དབྱེ་དང་པོ་ནི། །མིང་ལ་རྐྱེན་དང་ཕྲད་པ་ལས། །
དོན་གྱི་ངོ་བོ་ཙམ་སྟོན་པའི། །ཚིག་གི་རྣམ་པར་ཤར་བ་ཉིད། །
རྣམ་དབྱེ་དང་པོ་མིང་རྐྱང་གཉིས། །ཁྱད་པར་འབྱེད་པ་སྟབས་བདེ་ཡང༌། །
བོད་ཀྱི་རྣམ་དབྱེ་དང་པོ་ལ། །ཕྲད་དབེན་དེ་གཉིས་གཅིག་ཏུ་སྣང༌། །
དོན་གྱི་ངོ་བོ་སྟོན་པ་མིང༌། །ཡི་གེ་དུ་མ་འདུས་པ་ལས། །
དོན་གྱི་ངོ་བོ་ཙམ་སྟོན་མིང༌། །དོན་སྟོན་རྣམ་དབྱེ་མེད་པ་མིང༌། །
དེ་རྣམས་མིང་གི་འཇོག་བྱེད་དུ། །གཞུང་ལུགས་ཀུན་ལ་རབ་གྲགས་ཀྱང༌། །
བོད་ཀྱི་སྐད་ལ་མིང་ཉིད་ནི། །རྣམ་དབྱེ་དང་པོར་ངེས་པ་ཙམ། །
དེ་ལ་བྱ་བྱེད་འབྲེལ་མིན་གྱི། །ལས་ཚིག་གང་ཡིན་མིང་དུ་སྣང༌། །
མིང་རྐྱང་མིང་འདུས་མིང་ཉིད་དང༌། །ཁྱད་ཆོས་འབྲེལ་བའི་མིང་བཅས་སྣང༌། །
དེར་བརྟེན་བོད་ཀྱི་ཚོགས་གསུམ་གྱི། །ཡ་གྱལ་མིང་དང་རྣམ་དབྱེ་མིང༌། །
ཁྱབ་ཚུལ་ཙམ་གྱིས་དབྱེ་བ་ལས། །གཞན་པའི་འབྱེད་སྒོ་རི་བོང་རྭ། །
ཕྲད་དང་རྣམ་དབྱེ་བཤད་པ་ལ། །རྣམ་པ་བརྒྱད་དུ་དབྱེ་བ་ཡི། །
དང་པོ་སླར་བསྡུའི་ཕྲད་ཡིན་ཅིང༌། །དངོས་བསྟན་བཅུ་དང་ཤུགས་བསྟན་གཅིག །
དངོས་ཤུགས་ཕྲད་ཀྱི་སྟོན་ཚུལ་ཡང༌། །གཞུང་འདིའི་བརྗོད་བྱའི་སྒོ་ནས་བཞག །
བརྗོད་བྱའི་ཕྲད་རྣམས་དངོས་སུ་བསྟན། །བརྗོད་བྱར་འབྲེལ་རྣམས་ཤུགས་ལ་བཞག །
སྐབས་འདིའི་བརྗོད་བྱ་ཞེས་པ་ནི། ། རྗེས་འཇུག་བཅུ་ཡི་སྦྱོར་བ་འོ། །
དེས་ན་མིང་གཞི་རྐྱང་པ་ལས། །བྱུང་བའི་ཕྲད་ནི་བདག་སྒྲ་ལས། །
མེད་པའི་ཚུལ་ཡང་འདིས་ཡིན་པས། །འདི་དོན་གཅེས་པ་ཤིན་ཏུ་གལ། །
སྐབས་འདིའི་བརྗོད་བྱ་རྗེས་འཇུག་ཏུ། །སྒྲུབ་བྱེད་གང་གི་ཡིན་ཞེ་ན། །
བདག་སྒྲ་ལས་གཞན་དངོས་བསྟན་གྱི། །ཕྲད་ཀུན་འཇུག་པ་རྣམས་དང་འབྲེལ། །
དེས་ན་ཀྱི་ཀྱིས་ཀྱང་སྟེ་བཞི། །ཇི་ལྟར་འཇུག་པའི་ཡི་གེ་དང༌། །
ལྷན་ཅིག་ཉིད་དུ་སྐྱེ་ཞེ་ན། །ཀྱི་ནི་འ་དང་ཀྱིས་ཀྱང་སྟེ། །
རིམ་བཞིན་ས་དང་ང་ས་ལ། །ལྷན་དུ་སྐྱེས་ཞིང་ཀྱི་འ་གཉིས། །
འ་ཡ་སྡེ་གཅིག་བྱེད་ལས་དང༌། །གནས་དང་བྱེད་པ་མཉམ་ཕྱིར་རོ། །
དེ་ལྟར་ཕྲད་རྣམས་རྗེས་འཇུག་ལས། །བྱུང་ཞིང་སྦྱར་གཞི་རྗེས་འཇུག་ཉིད། །
ཤུགས་བསྟན་ཉིད་ཀྱི་ཕྲད་རྣམས་ཀྱང༌། །དེ་བཞིན་རྗེས་འཇུག་ཉིད་དུ་སྦྱོར། །
དེས་ན་མིང་ཚིག་བརྗོད་པ་རུ། །སྒྲུབ་བྱེད་རྗེས་འཇུག་ཉིད་ཡིན་པས། །
སྐབས་དོན་འདི་ལས་གཞན་མེད་ཕྱིར། །འདི་ཡི་བརྗོད་བྱར་རྗེས་འཇུག་གྲུབ། །
སླར་བསྡུ་ཟླ་སྡུད་རྫོགས་ཚིག་གསུམ། །ངེས་ཚིག་ཐ་དད་སྣང་ན་ཡང༌། །
བསྟན་དོན་གཅིག་ཏུ་འབབ་པས་ན། །མིང་གི་རྣམ་གྲངས་ཙམ་དུ་ཟད། །
སླར་བསྡུ་དངོས་དང་ཙམ་པོ་ཞེས། །གཞན་ལས་རྣམ་པར་ཕྱེས་ན་ཡང༌། །
སྐབས་འདིར་དེ་འདྲའི་རྣམ་དབྱེ་དབེན། །ཕྲད་འདི་དང་པོའི་དོན་དུའང་མིན། །
རྣམ་དབྱེ་དང་པོ་གཞུང་འདི་རུ། །བསྟན་མིན་བཞེད་སྲོལ་མང་ན་ཡང༌། །
མིང་གང་ཞེས་པའི་ཚིག་དེ་ཡིས། །རྣམ་དབྱེ་དང་པོ་བསྟན་ཅེས་གྲགས། །
གལ་ཏེ་དང་པོ་མ་བསྟན་ན། །གཉིས་པ་བསྟན་པ་གོ་རིམ་ཉམས། །
ཡང་ན་ཆད་པའི་སྐྱོན་འབྱུང་ཞིང༌། །ཕྱི་མའི་བསྒྲུབ་གཞི་མེད་པར་འགྱུར། །
དངོས་ཤུགས་གཉིས་ལས་ལ་སྒྲ་ཡི། །ཕྲད་ནི་བདུན་དུ་ངེས་པ་དང༌། །
དེ་དག་སྦྱོར་ཚུལ་སྒྲ་མཐུན་གྱིས། །བཞག་པ་མཁས་པའི་ལུགས་སུ་གོ །
ལ་སྒྲ་ཞེས་པའི་ངེས་ཚིག་ལ། །འཇོག་སྲོལ་ཐ་དད་སྣང་ན་ཡང༌། །
དངོས་བསྟན་ཕྲད་ཀྱི་མཐའ་མ་དང༌། །འཇུག་པ་མཉམ་པ་གཉིས་ཀྱིས་བཤད། །
སྐབས་འདིའི་རྩ་ཚིག་འགྲེལ་ཚུལ་ལ། །རྣམ་པ་མང་ཡང་ཀུན་མཁྱེན་གྱིས། །
སྒྲ་སྦྱོར་དངོས་སུ་མ་བསྟན་ཅེས། །སེང་གེ་ང་རོ་ཡང་ཡང་བསྒྲགས། །
ལ་སྒྲའི་ཕྲད་ཀྱི་འཇུག་ཡུལ་ལ། །གཞུང་ནས་བཤད་པ་ལས་དང་ནི། །
ཆེད་དང་རྟེན་གནས་དེ་ཉིད་དང༌། །ཚེ་སྐབས་བཅས་ནི་རྣམ་ལྔར་བཞེད། །
ལས་ཞེས་བྱ་བའི་རྣམ་དབྱེ་ཉིད། །ངོས་འཛིན་རྣམ་པ་མང་ན་ཡང༌། །
བྱ་བ་གང་ཞིག་བྱེད་པ་ཡི། །ཡུལ་ལ་འཇུག་པ་མཁས་པས་བཞེད། །
ཡུལ་དེར་འཕགས་བོད་རྣམ་གཉིས་ལ། །འཇོག་སྲོལ་མཚུངས་མིན་སྐད་ཀྱི་གཤིས། །
གཞི་དང་ཡུལ་གཉིས་ལས་ཞེས་པར། །ངོས་འཛིན་རང་སྐད་གཤིས་སུ་གྲུབ། །
སྤྱིར་ན་ལས་ཞེས་བྱ་བ་ཉིད། །བྱ་བའི་རྣམ་པ་གསལ་བའི་དངོས། །
གང་ཡིན་དེ་ལ་ལས་ཞེས་འབོད། །དཔེར་ན་གཅད་བྱའི་ཤིང་ལྟ་བུ། །
ལས་ཉིད་སྣང་བའི་དངོས་གང་དེར། །གཞི་ཞེས་མིང་གིས་བསྙད་པ་སྟེ། །
དཔེར་ན་ནགས་སུ་ཤིང་གཅོད་ཅེས། །ནགས་ནི་ཤིང་ཉིད་གནས་སའི་གཞི། །
འོན་ཀྱང་བོད་ཀྱི་ཚིག་རྣམས་ལ། །ཡུལ་ལ་འཇུག་པའི་བྱ་བ་ལས། །
གཞི་ལ་འཇུག་པ་མང་བ་དང༌། །རྣམ་པ་གསལ་བས་གཉིས་པར་བཞག །
ནགས་སུ་ཤིང་བཅད་ལྟ་བུ་དང༌། །ཁྱི་ལ་བརྡུང་ཞེས་བྱ་བ་གཉིས། །
གཞི་ཡུལ་སོ་སོར་འཇུག་ན་ཡང༌། །ལས་སུ་གྲུབ་པར་མཉམ་པ་ཉིད། །
དེས་ན་མཐའ་སྦྱོར་མིང་དོན་ལ། །བྱ་བ་གང་ཞིག་གསལ་བ་དེས། །
འཇུག་ཡུལ་ལས་སུ་བསྐྱེད་པ་ཡི། །ལ་སྒྲ་གང་ཡིན་གཉིས་པར་འཇོག །
རྣམ་དབྱེ་རྣམ་དབྱེ་སྦྱར་ས་ཞེས། །མིང་དང་ཕྲད་གཉིས་སོ་སོར་སྣང༌། །
འོན་ཀྱང་ཕྲད་དེས་མིང་དེ་ཉིད། །རྣམ་དབྱེ་གང་ཡིན་དེ་རུ་བསྐྱེད། །
དེས་ན་བསྐྱེད་བྱ་མིང་ཡིན་ཞིང༌། །སྐྱེད་བྱེད་ཕྲད་ཡིན་མཐའ་སྦྱོར་གྱི། །
མིང་དོན་འོག་མ་གསལ་བྱེད་ཚིག །ཡིན་པས་རྣམ་དབྱེ་ཕྲད་ལ་འཇོག །
བཞི་པ་དགོས་ཆེད་ཅེས་པའི་དོན། །དགོས་པའི་ཆེད་དུ་གསལ་བ་ཡི། །
གཞི་འམ་ཡུལ་གྱི་རྣམ་པ་རུ། །སྐྱེད་པར་བྱེད་པའི་རྣམ་དབྱེ་ཞིག །
འདི་ལའང་སྔ་ཕྱི་མཁས་པ་ཡིས། །འཇོག་སྲོལ་མི་འདྲ་སྣང་ན་ཡང༌། །
དོན་ལ་ཞིབ་ཏུ་དཔྱད་པ་ན། །སྐད་ཀྱི་གཤིས་ཀ་ཐ་དད་ཙམ། །
ལེགས་སྦྱར་མིང་དོན་གང་ཡིན་ཡང༌། །རྣམ་དབྱེ་རྐྱེན་དང་འཕྲད་པ་ལས། །
དེ་དེའི་རྣམ་འགྱུར་གསལ་ནུས་ཀྱང༌། །བོད་སྐད་དེ་དང་མི་མཚུངས་པས། །
ཡུལ་ལམ་ལས་ལ་ཕན་མིན་ཚུལ། །མཐའ་སྦྱོར་འོག་མའི་མིང་དོན་ལ། །
བརྟག་ནས་དེར་ཕན་བཞི་པ་རུ། །ངོས་འཛིན་མཁས་པའི་ལས་སུ་སྣང༌། །
ཆེད་དུ་བསད་དང་གཏུབ་པ་སོགས། །རྩོད་མེད་བཞི་པར་ངེས་མོད་ཀྱང༌། །
རྟ་ལ་དུག་བྱིན་ལྟ་བུ་ནི། །རྩོད་གཞི་ཅན་དུ་གསུངས་ན་ཡང༌། །
རྟ་ལ་རྩྭ་བྱིན་ཕན་དོན་དུ། །སྦྱར་བས་བཞི་པ་མཚན་ཉིད་ཅན། །
རྟ་ལ་དུག་བྱིན་གཉིས་པ་རུ། །འཇོག་པ་མཁས་པའི་ལེགས་བཤད་དངོས། །
ཡུལ་ལ་ཕན་མིན་དོན་ཅན་གྱིས། །གཉིས་བཞིའི་ཁྱད་པར་འབྱེད་པ་སྟེ། །
ལས་དང་སྦྱིན་པའི་གཞི་དག་གིས། །འབྱེད་པ་ལེགས་སྦྱར་ལུགས་སུ་སྣང༌། །
བཞི་པར་དགོས་པ་ཚིག་ཟིན་དང༌། །ཆེད་དུ་སྣང་དང་ཡུལ་ལ་ཕན། །
དེར་འབྲེལ་ལས་ལ་ཕན་པ་བཅས། །རགས་པར་དབྱེ་ན་བཞི་རུ་གྲུབ། །
རྟེན་གཞི་གང་ལ་བརྟེན་པ་ཞིག །གནས་པ་གསལ་བྱེད་ལ་སྒྲ་དེ། །
བོད་ཀྱི་རྣམ་དབྱེ་བདུན་པར་གྲུབ། །དེ་ཉིད་གཞི་གང་སྟོན་པའི་ཚིག །
རྣམ་དབྱེ་སྦྱར་སའི་མིང་གང་ཉིད། །གཞི་ཡི་རྣམ་པར་གསལ་ནུས་པའི། །
ལ་སྒྲ་གང་དེར་བདུན་པ་ཞེས། །བཞག་ན་འཕགས་བོད་གཉིས་ཀར་མཐུན། །
གཞི་དང་ལས་ཞེས་སོ་སོ་རུ། །རྣམ་དབྱེ་དོན་དུ་གསལ་བ་ཉིད། །
ལེགས་སྦྱར་ལུགས་ལ་གཉིས་བདུན་ཏེ། །བོད་ལ་དེ་འདྲའི་དབྱེ་བ་དབེན། །
བྱ་བ་སྦྱར་མིན་མ་ལྟོས་པར། །མིང་གང་གཞི་ཡི་རྣམ་པ་རུ། །
གསལ་བ་གང་དེར་བདུན་པ་ཞེས། །དྲང་སྲོང་དག་གིས་ལེགས་པར་གསུངས། །
བོད་ལ་གཞི་དང་ལས་ཞེས་པའི། །དབྱེ་བ་སོ་སོར་མ་དམིགས་ཕྱིར། །
བྱ་བའི་རྣམ་པ་གསལ་མིན་གྱིས། །གཉིས་བདུན་ཁྱད་པར་འབྱེད་པ་ཙམ། །
འོན་ཀྱང་གཡུལ་དུ་བསད་པ་སོགས། །གཞི་ལ་འཇུག་པའི་བྱ་བ་ཡིས། །
བདུན་པར་དོན་དུ་གསུངས་མོད་ཀྱང༌། །དོན་ལ་ཞིབ་ཏུ་བསམ་པ་གཅེས། །
སྡིག་པར་འཇིགས་དང་སེང་གེར་སྐྲག །གཞི་ལ་གནས་པས་བདུན་པ་དང༌། །
མཚུངས་ཀྱང་ཕྲད་གཞན་འཇུག་དཀའ་བས། །ལ་སྒྲའི་འཇུག་པར་བཞག་ན་བདེ། །
རྡོ་བར་གཟུགས་བརྙན་བྱེད་པ་དང༌། །ལྕགས་ལ་གསེར་འབྱུག་ལྟ་བུ་ནི། །
བྱ་བྱའི་གཟུགས་དང་བྱུག་བྱའི་གསེར། །གཞི་ཉིད་རྡོ་དང་ལྕགས་ཡིན་པས། །
གཞི་ལ་བྱུང་བའི་བྱ་བ་དངོས། །ཡིན་ཡང་བོད་ལ་གཉིས་པར་སྣང༌། །
མཁས་པས་ལེགས་བོད་སོ་སོ་རུ། །དགོངས་པས་ཐ་དད་སོང་བ་ཙམ། །
གཉིས་པའི་ཁོངས་གཏོགས་དེ་ཉིད་ནི། །ལས་དང་དེར་སྣང་བྱ་བ་གཉིས། །
སོ་སོར་རྣམ་འགྱུར་མི་གསལ་བར། །གཅིག་ཏུ་སྣང་བའི་ལ་སྒྲར་གོ །
དཔེར་ན་ལས་ཚིག་རྣམ་གཉིས་ལས། །བྱེད་མེད་གང་དེའི་བྱ་བ་ལ། །
བྱེད་པོ་གཞན་དངོས་མི་སྣང་བས། །བྱ་བྱེད་ཐ་དད་མེད་པ་ཉིད། །
དེ་བཞིན་ལས་སམ་གཞི་ཉིད་ལ། །བྱ་བའི་རྣམ་འགྱུར་གསལ་སྟངས་གཉིས། །
ལས་སམ་གཞི་དང་བྱ་བ་གཉིས། །ཐ་དད་ཐ་དད་མིན་པས་སོ། །
ཐ་དད་སྣང་བ་གཉིས་པ་དངོས། །ཐ་དད་མེད་པ་དེ་ཉིད་འདོད། །
དེ་ཡིས་དེ་ཉིད་གཉིས་པ་ཡི། །ཁོངས་སུ་བཞག་པའང་དེ་ལ་ཐུག །
མེ་འབར་ས་ཟད་ཤིང་སྐེམ་སོགས། །དེ་ཉིད་བསྒྲུབས་པ་ངལ་བའི་རྒྱུ། །
རྟ་རྒྱུག་སྟག་མཆོངས་མི་འགྲོ་སོགས། །གསུམ་པར་བྱེད་པའང་དེ་དང་འདྲ། །
འོད་སྣང་འོད་དུ་སྣང་བ་གཉིས། །དོན་དངོས་ཐ་དད་གྲུབ་པ་དང༌། །
དེ་བཞིན་ས་གསལ་ས་རུ་གསལ། །ལ་སོགས་མ་འདྲེས་འབྱེད་པ་གལ། །
མདོར་ན་འོད་དུ་སྣང་བ་དང༌། །འོད་ལ་སྣང་དང་ས་ལ་གསལ། །
ས་རུ་གསལ་སོགས་དེ་བཞིན་དུ། །ཞིབ་ཏུ་འབྱེད་པའང་དགོས་མཁོ་ཉིད། །
སྐབས་དང་དུས་དང་ཚེ་ཉིད་ལ། །འཇུག་པའི་ལ་སྒྲ་གང་ཡིན་པ། །
དེ་ལ་ཚེ་སྐབས་ཞེས་བརྗོད་ཅིང༌། །བདུན་པའི་ཁོངས་གཏོགས་ཉིད་དུ་འཇོག །
དེ་ལྟའི་ལ་སྒྲ་གང་ཡིན་ཡང༌། །གཞི་ལ་འཇུག་པའི་རྣམ་པ་རུ། །
གྲུབ་པས་བདུན་པར་འཇོག་པ་སྟེ། །ལེགས་སྦྱར་ལ་ཡང་དེ་ལྟར་བཞེད། །
སྐབས་དང་དུས་ལ་འཇུག་པ་ཡི། །ལ་སྒྲའི་ཚབ་ལ་ཚེ་དང་སྐབས། །
འཇུག་ཅིང་དོན་མཚུངས་བྱེད་ལས་མཉམ། །དེས་ན་ཚེ་སྐབས་ཞེས་སུ་གྲགས། །
དངོས་ཤུགས་གཉིས་ལས་གྲུབ་པ་ཡི། །ལ་སྒྲའི་ཕྲད་ལ་རྣམ་པ་བདུན། །
ལ་ཡིག་དེ་ཉིད་འཇུག་པར་དཀོན། །གཞན་རྣམས་ཀུན་ལ་འཇུག་པ་ཙམ། །
ལ་ན་གཉིས་ནི་གཞུང་གཞན་དུ། །འཇུག་ཚུལ་ཞིབ་ཏུ་གསུངས་པ་ནི། །
ལ་ཡིག་འཇུག་ཡུལ་རྣམ་པ་དགུ། །ན་ནི་བཅུ་བཞིར་འཇུག་པར་བཤད། །
ལ་ནི་གཉིས་བཞི་བདུན་པ་དང༌། །སྡུད་སྦྱོར་སྨོན་དང་ཚད་འཛིན་དང༌། །
གཞི་དང་ཚེ་སྐབས་བཅས་ལ་གསུངས། །འོན་ཀྱང་ཞིབ་ཏུ་དཔྱད་པ་གལ། །
དེ་བཞིན་ན་ཡིག་དམིགས་འབྱེད་དང༌། །རྒྱུ་མཚན་རྒྱུ་མཚན་དོན་གྱིས་བསྟན། །
ལས་ཆེད་རྟེན་གནས་ཕྱི་ཚིག་གཞན། །འོས་པར་དཀའ་བ་མཆོག་ཏུ་འཛིན། །
ཕྱི་ཚིག་ངེས་པར་འབྱེད་པ་དང༌། །དེ་ལྡོག་འགལ་དང་མི་འགལ་སྟོན། །
སྨོན་དང་འདྲི་དང་ཐེ་ཚོམ་གཞི། །ཚེ་སྐབས་བཅས་ལ་འཇུག་པར་གསུངས། །
དེ་དག་འཇུག་ཚུལ་གཞུང་བཞིན་དུ། །ཞིབ་ཏུ་སྦྱངས་ན་རིག་པའི་སྒོ། །
དབྱེ་བར་ཕན་མོད་འཇུག་ཚུལ་ལ། །ལུང་རིགས་གཉིས་ཀྱིས་དཔྱད་པའང་གལ། །
བརྡ་སྤྲོད་འགྲེལ་པ་ཁ་ཅིག་ལས། །ས་མཐར་སུ་འཐོབ་དངོས་བསྟན་དུ། །
འདོད་པས་ར་མཐར་རུ་ཡང་བཞེད། །ར་མཐར་འཕུལ་ཡིག་གཉིས་པ་དང༌། །
འཇུག་ཀྱང་ད་མཐར་དུ་འདོད་དང༌། །དེ་ཉིད་དངོས་པོའི་དེ་ཉིད་འདོད། །
དེ་ཉིད་ངོས་བཟུང་དུ་འདོད་དང༌། །ལ་སྒྲའི་འཇུག་པ་མཉམ་པ་ཡིས། །
ན་ལ་དེ་ཉིད་འཇུག་པ་བཅས། །རགས་བསྡུས་ཁ་ཅིག་དྲུག་བཀག་པ། །
ཞ་རྣམ་པྲ་གསུམ་གཙོ་བྱས་པའི། །སྔོན་གྱི་བརྡ་སྤྲོད་རྣམས་སུ་ངེས། །
ཨི་ལྡན་ཕྲད་ལ་གྲུབ་ཆ་གསུམ། །འཛོམས་པས་སྒྲ་སྦྱོར་དངོས་སུ་གསུངས། །
འདི་ལ་ཞིབ་ཏུ་དཔྱད་པ་ན། །ཕྲད་གཞན་སྦྱོར་ཚུལ་ངེས་པར་བྱེད། །
ཀྱི་ཀྱིས་ཀྱང་སྟེ་རྣམ་པ་བཞི། །ཅིའི་ཕྱིར་མིང་གཞི་རྐྱང་པ་རུ། །
མི་འཇོག་ཕྱིར་ན་འདི་ལྟ་སྟེ། །སྐབས་འདིའི་མིང་གཞི་ཞེས་པའི་དོན། །
མིང་གཞི་རྐྱང་པ་ཉི་ཤུ་ལས། །གྲུབ་པ་ཁོ་ནས་མི་འཇོག་སྟེ། །
འགོ་འདོགས་མེད་པས་རྐྱང་པ་དང༌། །མིང་གཞི་རྐྱང་པ་གཉིས་ཀྱིས་དབྱེ། །
ཀྱི་ཀྱིས་ཀྱང་སྟེ་རྣམ་བཞི་ནི། །འཇུག་པའི་ཡི་གེ་ལྷན་ཅིག་ཏུ། །
སྐྱེས་པ་བཅས་ཀྱིས་མིང་རྐྱང་ཕྲད། །མིན་པ་ཞིབ་ཏུ་ཤེས་པ་གཅེས། །
མིང་གཞི་ལས་བྱུང་བརྩེགས་འདོགས་ཅན། །དངོས་བསྟན་རྗེས་འཇུག་ལྷན་ཅིག་ཏུ། །
སྐྱེས་པ་བཅས་ཀྱི་ཁྱད་ཆོས་བཞི། །ལྡན་པ་གང་ཡིན་དེ་ལྟའི་ཕྲད། །
མིང་གང་འབྲེལ་གཞིར་བསྒྲུབ་པ་ལ། །སྒྲུབ་བྱེད་དྲུག་སྒྲའི་ཕྲད་ཡིན་ཞིང༌། །
མཐའ་སྦྱོར་འོག་མའི་མིང་དོན་ནི། །འབྲེལ་ཆོས་ཡིན་ན་དྲུག་པ་ཉིད། །
དེ་ཡང་བྱེད་པ་རྣམ་བརྒྱད་ལས། །བྱ་བའི་རྣམ་འགྱུར་གསལ་བ་དྲུག །
དྲུག་བརྒྱད་དོར་བའི་ལྷག་མ་རྣམས། །དེར་བཞག་དགོས་པའང་དེས་ཡིན་ནོ། །
སྤྱིར་ན་མིང་ལ་རྣམ་དབྱེ་རྐྱེན། །སྦྱིན་པས་ལས་སོགས་རྣམ་པར་གསལ། །
དེ་ཡི་འཇུག་གཞི་བྱེད་པ་ཅན། །དེ་ལྟའི་རྣམ་པར་བསྐྱེད་པ་དགོས། །
བྱེད་པ་ཅན་ཞེས་བྱ་བ་ནི། །ལས་གང་མཚོན་བྱེད་ཚིག་གང་ཡིན། །
རྣམ་དབྱེ་མི་འདྲ་འཕྲད་པ་ལས། །རྣམ་འགྱུར་སྣ་ཚོགས་བསྐྱེད་པ་ཉིད། །
དེ་ལྟའི་གཉིས་ཚོགས་མཚམས་སྦྱོར་བའི། །བྱ་བ་བྱེད་པ་གང་ཡིན་པ། །
དེ་ལ་རྣམ་དབྱེ་ཞེས་པ་རུ། །བོད་ཀྱི་སྐད་ལ་ཡོངས་སུ་གྲགས། །
དྲུག་པར་ནང་གསེས་དབྱེ་བ་ལ། །འཇོག་སྲོལ་མང་དུ་མཆིས་ན་ཡང༌། །
འབྲེལ་གཞི་འབྲེལ་ཆོས་རྣམ་ཅན་དུ། །གྲུབ་ནས་འབྲེལ་བར་སྒྲུབ་པ་ཉིད། །
དྲུག་སྒྲའི་ཕྲད་ནི་སྒྲུབ་པ་ལས། །ཚིག་རྒྱན་ལ་ཡང་འཇུག་པར་བཞེད། །
ད་དུང་སྔོན་བྱོན་མཁས་པ་ཡིས། །འཇུག་ཚུལ་གང་གསུངས་ཞིབ་ཏུ་སོམས། །
དེ་ལྟའི་ཚིག་ཕྲད་རྣམ་ལྔ་ལ། །ས་ཡིག་སྦྱར་བས་བྱེད་པ་དང༌། །
ཡང་ན་བྱེད་པ་པོ་སྟོན་པའི། །རྣམ་པར་དབྱེ་བའི་གནས་སུ་གྲུབ། །
སྐབས་འདིའི་བྱེད་པ་ཞེས་པ་ནི། །ཕྲད་ཀྱིས་གསལ་བ་དེ་ལ་བརྗོད། །
དེ་ལྟའི་ཕྲད་ཀྱིས་མིང་རྣམས་ནི། །བྱེད་པའི་གནས་སུ་འགོད་པར་བྱེད། །
ཡོངས་གྲགས་བྱེད་པོ་རྣམ་གཉིས་ཏེ། །འདུ་བྱེད་སྒྲ་ལ་ཟིན་པ་ལས། །
གསུམ་པ་བྱེད་པོ་ཞེས་པ་ནི། །སྒྲ་ཟིན་བྱེད་པོར་མཁས་པས་བཞག །
སྟག་མཆོང་རྟ་རྒྱུག་ལ་སོགས་པའི། །བྱེད་པོར་ལས་ཀྱི་རྣམ་འགྱུར་དག །
གསལ་བ་རྣམས་ལ་བྱེད་པའི་ཕྲད། །སྤོང་བ་མཁས་པའི་ལུགས་སུ་མཆིས། །
བྱ་བ་གཅིག་ཉིད་གསལ་བའི་ཕྱིར། །བྱེད་སྒྲའི་ཕྲད་གཉིས་སྦྱོར་བ་ཡང༌། །
འགལ་བ་མིན་ཡང་བརྗོད་པ་ལ། །གཟབ་པ་མཁས་པའི་ལུགས་སུ་སྣང༌། །
ལྷུན་གྱིས་གྲུབ་དང་ངང་གིས་ཆད། །བྱེད་ལས་གཅིག་ཏུ་སྣང་ན་ཡང༌། །
དོན་གྱི་རྣམ་པ་མཚོན་པའི་ཕྱིར། །བྱེད་སྒྲ་སྦྱོར་བ་བརྡ་སྤྲོད་ལུགས། །
རྒྱུ་མཚན་ལ་ཡང་བྱེད་སྒྲ་འཇུག །དེ་ལྟར་ཕྲད་ཀྱི་སྦྱོར་ཚུལ་ནི། །
ཞིབ་ཏུ་ངེས་པར་བྱས་པ་ན། །དོན་གྱི་གནད་རྣམ་རྟོགས་པར་འགྱུར། །
ཀྱང་འང་ཡང་གསུམ་རྒྱན་སྡུད་ཕྲད། །ཡིན་ཞིང་ཨི་ལྡན་ཕྲད་ལས་བྱུང༌། །
ཚིག་རྒྱན་གཉིས་དང་སྡུད་པ་ལ། །འཇུག་པ་རྩ་བའི་གཞུང་ལ་གསལ། །
ཚིག་དོན་སྔ་ཕྱི་གཉིས་ཀ་ལ། །དོན་གཞན་སྡུད་པ་མ་ཡིན་པར། །
ཚིག་དོན་མཛེས་པར་བྱེད་པ་ལ། །ཚིག་གི་རྒྱན་ཞེས་གོ་བར་རིག །
དེ་ལ་མཐུན་དང་མི་མཐུན་པའི། །དབྱེ་བ་གཉིས་ཡོད་སྔ་མ་ནི། །
སྒྲ་མཐུན་སྒྲ་མཐུན་མ་ཡིན་པར། །མཁས་པས་དབྱེ་བ་སོ་སོར་མཛད། །
གཞི་གསལ་མི་གསལ་གཉིས་ཀ་ལ། །ཆོས་གཞན་བསྡུས་དང་གོང་འོག་གི །
དོན་བསྡུས་གང་ཡིན་དེ་རྣམས་ནི། །སྐབས་འདིའི་སྡུད་པ་ཉིད་དུ་འཇོག །
རྒྱན་སྡུད་གཉིས་ཀ་ཐ་དད་དང༌། །སྡུད་པ་གཞི་དང་ཁྱད་པར་རྒྱན། །
འདོད་པས་བཞེད་པ་མི་མཐུན་པ། །མཁས་པའི་གཞུང་ལ་གཟིགས་ན་རྟོགས། །
ཡང་སྒྲ་བསྣན་དང་བསྐྱར་བ་ལ། །འཇུག་པ་གཞན་ལས་གསུངས་པ་ལྟར། །
ཕྲད་ཀྱི་སྦྱོར་ཚུལ་མཐའ་དག་ལ། །ཞིབ་ཏུ་དཔྱད་པ་གལ་ཆེ་འོ། །
ལྷག་མ་འདྲེན་པར་བྱེད་པའི་ཕྲད། །ལ་དོན་ལས་བྱུང་དངོས་ཤུགས་ལས། །
གྲུབ་པ་གསུམ་ཡིན་འཇུག་ཚུལ་ལ། །དབྱེ་བ་གསུམ་དུ་གནས་པས་སོ། །
ལྷག་བཅས་ཞེས་པ་སླར་བསྡུ་ལས། །ལྡོག་པ་གང་ཡིན་ཚིག་དོན་གྱི། །
ལྷག་མ་མ་རྫོགས་ཕྱིར་ན་ནི། །དེ་ཉིད་འདྲེན་པར་བྱེད་པའི་ཕྲད། །
དེ་ལ་མཚམས་སྦྱོར་དམ་བཅའ་དང༌། །གཞན་འདྲེན་ལྷག་བཅས་རྣམ་གསུམ་ལས། །
དང་པོ་མཚམས་སྦྱོར་ལྷག་བཅས་ལ། །དབྱེ་ན་རྣམ་པ་གསུམ་དུ་ངེས། །
དྲང་བྱ་འདྲེན་བྱེད་བྱ་བྱེད་དུ། །གྲུབ་ནས་མཚམས་སྦྱོར་གང་ཡིན་པ། །
རིམ་པ་ཅན་དུ་གནས་པ་སྟེ། །བྱ་བ་རྒྱུན་གཅིག་ཡིན་པས་སོ། །
སྔ་ཕྱི་བྱ་བར་སྦྱར་བ་ལ། །རིམ་ཅན་པ་དང་ཅིག་ཅར་པ། །
གཉིས་ནི་བྱ་བའི་རྒྱུན་ཐ་དད། །རིམ་པར་གསལ་དང་དུས་མཉམ་གསལ། །
སྨྲ་བའི་སྒོ་ལས་རྣམ་གཉིས་བཞེད། །གཞུང་དོན་འདི་དང་འགལ་བ་མེད། །
འོན་ཀྱང་གསུམ་དུ་འདོད་པ་ནི། །རིག་པ་གྲོལ་བའི་རྒྱུ་རུ་ངེས། །
དམ་བཅའ་ལྷག་བཅས་ཞེས་པ་ནི། །སྔ་མའི་དོན་གང་ཕྱི་མ་ཡིས། །
གསལ་བར་བྱེད་པའི་རྣམ་པ་ལ། །ལྷག་མ་འདྲེན་པའི་ཕྲད་འཇུག་པ། །
དེ་ལ་དེ་ལྟར་འདོད་པ་སྟེ། །གཏན་ཚིགས་ངེས་ཚིག་དབྱེ་བ་དང༌། །
རྒྱས་བཤད་དང་བཅས་གཞུང་འདི་རུ། །དབྱེ་བ་རྣམ་པ་བཞི་འདོད་མོད། །
བཞེད་པ་མཉམ་མིན་ཅི་རིགས་སོ། །དེ་ལྟར་གཏན་ཚིགས་ལ་སོགས་པ། །
སྔ་མར་ཡོད་པར་དམ་བཅས་ཏེ། །ཕྱི་མ་དེ་དོན་གསལ་བའི་ཆེད། །
ཚིག་གི་ལྷག་མ་འདྲེན་པ་ཉིད། །སྔ་མའི་དོན་དང་འབྲེལ་མེད་ཀྱི། །
ཚིག་གི་ལྷག་མ་འདྲེན་པ་ལ། །གཞན་འདྲེན་ལྷག་བཅས་ཞེས་བརྗོད་ཅིང༌། །
དེ་ལ་ནང་གསེས་དབྱེ་བ་དབེན། །དབྱེ་གཞི་ཞིག་ལས་དབྱེ་བ་རྣམས། །
སོ་སོར་འབྱེད་དང་དབྱེ་བ་རྣམས། །དབྱེ་གཞིར་སྡུད་པར་ནུས་པའི་ཕྲད། །
དེ་ལ་འབྱེད་སྡུད་ཅེས་སུ་བརྗོད། །སྔོན་གྱི་གསུང་རབ་འགྱུར་བ་ལས། །
འབྱེད་སྡུད་ཕྲད་ཀྱིས་དེ་ལྟའི་ལས། །གསལ་བ་མང་ཞིང་ཕྱི་དུས་ཀྱི། །
བསྟན་བཅོས་རྣམས་སུ་དང་སྒྲ་སྣང༌། །ཐེ་ཚོམ་དང་ནི་དྲི་བའི་དོན། །
འབྱེད་སྡུད་ཕྲད་ཀྱིས་སྟོན་པ་ཡང༌། །དཔྱད་ན་འབྱེད་པའི་ཁོངས་སུ་འདུས། །
དེ་རྣམས་ཞིབ་ཏུ་ངེས་པ་གཅེས། །རྣམ་དབྱེ་ལྔ་བ་འབྱུང་ཁུངས་ནི། །
ནས་ལས་གཉིས་ཀྱིས་སྟོན་པ་སྟེ། །དེ་ལ་དངོས་དང་ཙམ་པོ་གཉིས། །
མཁས་པས་དབྱེ་བ་སོ་སོར་མཛད། །ཁུངས་དངོས་མིན་དང་འབྱུང་སའི་ཁུངས། །
འབྱུང་ཆོས་དུས་མཉམ་མེད་པ་དང༌། །ཁུངས་ནི་འབྱུང་ཆོས་འཕོས་པ་བཅས། །
ཙམ་པོ་པ་ལ་རིགས་གསུམ་བཞེད། །དེ་ལས་ལྡོག་པ་གང་ཡིན་པ། །
འབྱུང་ཁུངས་དངོས་ལ་འདོད་པ་དང༌། །དེ་ལྟའི་དོན་གསུམ་ཚང་བ་ལ། །
མཁས་པའི་གཞུང་དུ་ངོས་འཛིན་གསལ། །སྤྱིར་ན་མིང་གང་འབྱུང་ཁུངས་ཀྱི། །
རྣམ་པར་གསལ་བ་གང་ཡིན་པ། །དེ་ལ་རྣམ་དབྱེ་ལྔ་པ་ཞེས། །
འཕགས་བོད་གཉིས་ཀས་འདོད་པ་མཐུན། །ནས་ལས་གཉིས་ནི་དགར་སྡུད་ལ། །
འཇུག་པ་གཞུང་ལ་གསལ་བ་བཞིན། །ནས་ནི་དགར་སྡུད་གཉིས་ཀ་དང༌། །
ལས་ནི་དགར་བ་ཁོ་ནར་འཇུག །དགར་སྡུད་གཉིས་ཀྱང་འབྱུང་ཁུངས་ཀྱི། །
ཆ་འདྲའི་ཆ་འདྲར་འདོད་པ་དང༌། །དགར་ལ་རིགས་སོགས་རྣམས་ལས་ནི། །
རྫས་རྐྱང་དགར་བ་འདིར་མི་བཞེད། །རིགས་མཐུན་དགར་བར་ནས་སྒྲ་ལེགས། །
མི་མཐུན་དགར་བར་ལས་སྒྲ་བདེ། །སྡུད་པར་ཡུལ་དུས་ཆོས་སོགས་སྡུད། །
དེ་དག་ཞིབ་ཏུ་ངེས་པ་གཅེས། །ཀྱེ་དང་ཀ་ཡེ་ཝ་ཡེ་སོགས། །
མིང་གི་ཐོག་མར་འཇུག་པ་རྣམས། །བོད་པ་གསལ་བར་བྱེད་པ་སྟེ། །
རྣམ་དབྱེ་བརྒྱད་པ་ཞེས་སུ་གྲགས། །འོན་ཀྱང་རྣམ་དབྱེ་བརྒྱད་པ་ནི། །
བོད་པ་གསལ་བར་བྱ་བ་ལས། །དང་པོའི་དོན་ལས་ཐ་དད་དུ། །
མེད་པ་འཕགས་བོད་གཉིས་ཀ་མཐུན། །སྐབས་འདིའི་བོད་པར་བྱ་བའི་གནས། །
གང་ཟག་ཉིད་ལ་ངེས་ན་ཡང༌། །ལེགས་པར་སྦྱར་བའི་བརྡ་སྤྲོད་ལས། །
ཐུན་མོང་ཉིད་དུ་བསྟན་པར་སྣང༌། །དེ་ཡི་དོན་ནི་རྣམ་དབྱེ་དུ། །
སྤྲད་པའི་ཕྱིར་ན་མིང་རྣམས་ནི། །དེ་ཡི་རྣམ་པར་བསྐྱེད་དགོས་པས། །
དེ་ལས་དེ་ལྟར་སྟོན་པར་མཛད། །རྣམ་དབྱེ་དངོས་སུ་མ་བཞེད་ན། །
དེ་ལྟའི་ཞིབ་ཆ་མི་དགོས་ཤིང༌། །གང་ཟག་ཁོ་ནར་སྦྱར་བ་ལས། །
འབོད་པ་གསལ་བ་ཙམ་གྱིས་ཆོག །དེ་ལྟར་རྣམ་དབྱེ་ཚིག་ཕྲད་ཀྱི། །
དགོངས་དོན་ཅུང་ཟད་བཀྲལ་བ་དེས། །མཐའ་ཀླས་ཤེས་བྱའི་གྲོང་ཁྱེར་དུ། །
འཇུག་པའི་རྒྱུ་རུ་འགྱུར་བར་སྨོན། །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་མཁས་མཆོག་སི་ཏུའི་དགོངས་པ་རབ་གསལ་ཞེས་པ་ལས་ཕྲད་རྣམ་དབྱེ་བཅས་པ་བརྒྱད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།
སྔ་མའི་རྟེན་ལ་མ་ལྟོས་པར། །རང་དབང་ཉིད་དུ་འཇུག་པའི་ཕྲད། །
ནི་དང་དེ་གང་བདག་དགག་དྲུག །ལ་ལས་ཕྲད་རྐྱང་ཞེས་ཀྱང་བརྗོད། །
ནི་སྒྲ་མཆོག་དམན་ཐ་དད་དུ། །དགར་བ་ཉིད་ལ་འཇུག་པ་དང༌། །
ངེས་བཟུང་བརྣན་པར་འཇུག་པ་བཅས། །དབྱེ་ན་དགར་བརྣན་གཉིས་སུ་ངེས། །
དང་སྒྲ་འབྱེད་སྡུད་རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །
འབྱེད་སྡུད་འབྱེད་སྡུད་སྐབས་དང་མཚུངས། །ཚེ་སྐབས་ཀྱང་ནི་ལ་སྒྲ་བཞིན། །
སྒྲུབ་བྱེད་སྔར་བཀོད་དང་སྒྲ་སྦྱར། །དེ་ཡིས་རྒྱུ་མཚན་སྟོན་པ་དང༌། །
གདམས་པར་བྱ་བའི་ཕྱིར་ན་ནི། །དང་སྒྲ་བཀོལ་པ་གདམས་ངག་ཉིད། །
དེ་ནི་དོན་དགུ་ལ་འཇུག་ཅིང༌། །ཐ་སྙད་དབང་གི་གསུམ་ཡིན་ཞིང༌། །
དངོས་པོའི་དབང་གི་བཞི་ལ་འཇུག །དུས་ཀྱི་དབང་གི་གཉིས་ཡིན་ནོ། །
ཐ་སྙད་གསུམ་ཞེས་གྲགས་པ་ནི། །འདས་མ་ཐག་པ་རྣམ་གྲངས་གཞན། །
ལྷག་བཅས་གསུམ་དུ་གོ་དགོས་མོད། །ལ་ལར་བཞེད་པ་ཐ་དད་སྣང༌། །
སྔར་བཀོད་མིང་དང་མིང་གཞན་གྱིས། །འདས་དང་རྣམ་གྲངས་སོ་སོར་དབྱེ། །
ལྷག་བཅས་ལྷག་བཅས་སྐབས་དོན་ལས། །མ་འདས་ཕྱིར་ན་དེ་ལ་འཇུག །
བདེན་པ་གསང་བ་བདག་གི་བ། །ཕ་རོལ་པོ་བཅས་དངོས་པོ་སྟེ། །
དེ་རྣམས་མཚོན་པའི་དེ་སྒྲ་ལ། །དེ་ལྟའི་མིང་གིས་བསྙད་པ་ལགས། །
དུས་ཀྱི་དབང་དུ་བྱས་པ་ཡི། །དེ་སྒྲའི་འཇུག་ཡུལ་གཉིས་ཡིན་ཏེ། །
འདས་དང་མ་འོངས་གཉིས་ཀ་སྟོན། །ད་ལྟ་བ་ལ་ཡོངས་མི་འཇུག །
དངོས་པོའི་དབང་དུ་བྱས་པ་ན། །དེ་སྒྲ་དུས་གསུམ་མཉམ་པར་འཇུག །
དེ་དག་ཞིབ་ཆ་ཇི་བཞིན་དུ། །གོ་བར་བྱ་བ་གནད་དུ་ཆེ། །
ཐ་སྙད་དབང་དུ་བྱས་པ་ཡི། །དེ་སྒྲས་འཇུག་ཡུལ་ཀུན་ལ་ཁྱབ། །
ལྷག་བཅས་མ་ཡིན་དེ་སྒྲ་ཡི། །འཇུག་ཡུལ་ཀུན་ལ་རྣམ་གྲངས་ཀྱིས། །
ཁྱབ་པ་དེ་བཞིན་དངོས་པོས་ཀྱང༌། །དེ་ལྟའི་གནས་ལ་ཁྱབ་པ་ཡིན། །
དེ་དག་ཇི་བཞིན་རྟོགས་པ་ན། །དཀའ་གནད་མདུད་རྒྱ་གྲོལ་བར་ངེས། །
ལྷག་བཅས་ལས་གཞན་དེ་སྒྲ་ནི། །འཇུག་ཡུལ་ཀུན་ལ་སྦྱར་བ་ན། །
མིང་གི་ཡ་མཐར་འཇུག་པ་དེས། །གཞན་དབང་རང་དབང་རྣམ་པར་དབྱེ། །
གང་ཞེས་བྱ་བ་སྤྱི་ལ་འཇུག །ཅི་ཇི་སུ་རྣམས་གང་དང་མཚུངས། །
ཅི་ནི་དྲི་བ་ཇི་ནི་དཔེར། །སུ་ནི་གང་ཟག་སྟོན་པ་འོ། །
བདག་པོ་མཚོན་པར་བྱ་བའི་ཕྱིར། །པ་པོ་གཉིས་ནི་དངོས་སུ་བསྟན། །
མིང་གཞི་རྐྱང་པའི་ཕྲད་ཉིད་དུ། །མཁས་པས་གཞུང་འདིར་ཡོངས་སུ་བཞག །
མིང་གཞི་ཉི་ཤུ་ལས་བྱུང་ཞིང༌། །མགོ་འདོགས་མེད་པར་རྐྱང་པར་གནས། །
དངོས་བསྟན་སྐབས་དོན་གསལ་ནུས་པའི། །ཁྱད་ཆོས་བཞི་ལྡན་ཞེས་སུ་གྲགས། །
དེ་བཞིན་མ་མོ་གཉིས་ཀ་ནི། །པུ་ལིངྒ་ཡི་སྒྲ་མིན་ཡང༌། །
སྐབས་འདིའི་དོན་མཚོན་ཕྱིར་ན་ནི། །འདི་ལ་འཇུག་པ་མཁས་པས་བཞེད། །
བ་བོ་གཉིས་ནི་ཡོངས་མི་འཇུག །དེ་བཞིན་ཅན་ལྡན་མཁན་རྣམས་ནི། །
ལྡན་སྒྲ་ཉིད་ལས་བདག་སྒྲ་ལ། །མཁས་པས་བཞེད་པ་མ་ཡིན་ནོ། །
སྐབས་འདིར་བཤད་པའི་ཕྲད་རྣམས་ནི། །ཁྱད་ཆོས་བཞི་དང་ལྡན་པ་སྟེ། །
ཅན་ལྡན་མཁན་རྣམས་དེ་དག་ལས། །ཕྱི་རོལ་གྱུར་ན་འདིར་མི་འཐད། །
དགག་པར་བྱ་བའི་ཕྲད་ལ་ནི། །གཞུང་ནས་བསྟན་པ་མ་མོ་གཉིས། །
མོ་ནི་དགག་པར་མི་འཇུག་ཅིང༌། །མི་ཡིག་ཞར་ལ་ཐོན་པ་སྟེ། །
མ་མི་གཉིས་ནི་སྐབས་འདི་ཡི། །ཕྲད་ཡིན་མིང་གི་ཐོག་མར་འཇུག །
མིང་གི་མ་མཐར་འཇུག་པའི་ཕྲད། །བསྟན་བྱ་མིན་པ་གོང་ནས་བཤད། །
དེ་ལྟར་བསྟན་ནས་ཐོན་མི་ཡིས། །གདམས་ངག་བརྗོད་ནས་མཇུག་སྡུད་པར། །
ཚིགས་བཅད་འགྲོལ་ཚུལ་སྤྲོ་བསྲིང་བ། །བསླབ་ཚུལ་གོ་རིམ་སྣོད་རུང་བཞི། །
ཚིགས་བཅད་འགྲོལ་ཚུལ་གཞུང་བཞིན་དུ། །ངེས་པ་གལ་ཆེ་སྡུད་ཚུལ་ཡང༌། །
གཞུང་ལུགས་ཇི་བཞིན་བསྡུས་པ་ན། །ཚིག་དོན་བདེ་བླག་ཉིད་དུ་རྟོགས། །
ཉན་པ་པོ་ཡི་སྤྲོ་བསྲིང་བར། །རྗེས་འཇུག་མེད་དུ་མིང་རུང་དང༌། །
རྗེས་འཇུག་ཤེས་པའི་དགོས་པ་དང༌། །དོན་གྱི་ཐོག་ཏུ་འབབ་ཚུལ་གསུམ། །
བསླབ་ཚུལ་གོ་རིམ་འདོན་པ་ལ། །རྐྱང་པ་དང་ནི་འདུས་པ་ཡི། །
གདངས་ཀྱི་ཁྱད་པར་གཞུང་བཞིན་དུ། །ཐོག་མར་ངག་ལ་བྱང་བ་དགོས། །
དེ་ཡང་གནས་དང་བྱེད་པ་དང༌། །རྩོལ་བ་གསུམ་ལས་གྲུབ་པས་ན། །
དེ་དག་ཞིབ་ཏུ་སྦྱང་ནས་ནི། །ང་རོའི་ཁྱད་པར་ཤེས་པ་གཅེས། །
ལྷག་པར་འདུས་པའི་གདངས་ལ་ཡང༌། །མིང་གཞི་རྐྱང་བརྩེགས་འདོགས་གསུམ་ལ། །
གདངས་ཀྱི་རྣམ་འགྱུར་ཐ་དད་གནས། །རྗེས་འཇུག་ཀྱང་ནི་དེ་བཞིན་ཏེ། །
སྔོན་འཇུག་ཡི་གེ་ཞུགས་པ་ན། །མིང་གཞི་ཡི་གེ་གང་ཡིན་ཡང༌། །
གདངས་ཀྱི་རྣམ་འགྱུར་ཐ་དད་དུ། །བསྐྱེད་པ་ང་རོ་མཁས་པའི་ལུགས། །
དེང་སང་ཕོ་ཡིག་ཕོ་ཡིག་ལ། །ཞུགས་ན་གདངས་ཉིད་མི་འགྱུར་སོགས། །
དེ་བཞིན་འབྲི་བར་དག་ཆ་རྣམས། །ཇི་བཞིན་དགོས་ཀྱང་ཀློག་པ་ལ། །
མེད་པར་རུང་བ་ལ་སོགས་ཀྱི། །ལོག་བཤད་གཏམ་གྱིས་ས་སྟེང་འགེབས། །
གལ་ཏེ་གདངས་ན་ཁྱད་མེད་ན། །དག་ཆ་ཐ་དད་གྱུར་དོན་ཅི། །
འདི་དག་ཞིབ་ཏུ་ངེས་པ་ལ། །བྱིས་པ་བདེ་འཇུག་ལ་སོགས་སྦྱོངས། །
དེ་ནས་མིང་ཚིག་བརྗོད་པ་ཡི། །རྣམ་གཞག་ཞིབ་ཏུ་བསླབ་པ་གལ། །
རྟགས་འཇུག་ཀྱང་ནི་འདིའི་དོན་གྱི། །ཆ་ཤས་ཤིག་ཏུ་ཤེས་པ་གཅེས། །
དེ་ནས་ལེགས་པར་སྦྱར་བ་ཡི། །བརྡ་སྤྲོད་ཀྱང་ནི་བསླབ་ན་ལེགས། །
སྐབས་འདིར་ཇི་བཞིན་མ་ངེས་པ། །ཡང་ན་སྐད་ཀྱི་གཤིས་ཀ་ཡིས། །
བཅིངས་པའི་མན་ངག་རྟོགས་པ་དང༌། །ཐོན་མིས་བོད་ཀྱི་ཡི་གེ་འདིའི། །
ཇི་ལྟར་བཟོས་པའི་ཚུལ་ལ་སོགས། །ཤེས་པར་འགྱུར་བས་དེ་དོན་གལ། །
དེ་ནས་རང་ཉིད་དད་པ་ཡི། །རིག་པའི་གཞུང་ལུགས་གང་ཡིན་ཡང༌། །
བླ་མར་བསྟེན་ནས་བསླབ་པ་ན། །མཁས་པའི་གྲལ་མགོར་འདུག་ལ་དབང༌། །
སློབ་མར་བསླབ་འདོད་ཡོད་མེད་ཀྱིས། །འདོམས་ལྡོག་གཉིས་སུ་གསུངས་པ་དེའི། །
དགོངས་པ་ཇི་བཞིན་སློབ་མ་ཡིས། །ཐོག་མར་དགོས་པ་ཞིབ་ཏུ་བཙལ། །
དེ་ནས་སློབ་དཔོན་བསྟེན་པ་དང༌། །གཞུང་འདི་ཚུལ་བཞིན་ཉན་ནས་ནི། །
འཆད་རྩོད་རྩོམ་གསུམ་ལག་མཐིལ་དུ། །འཕོས་པའི་ཐབས་ལ་འབད་པ་གཅེས། །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་མཁས་མཆོག་སི་ཏུའི་དགོངས་པ་རབ་གསལ་ཞེས་པ་ལས་ཕྲད་རང་དབང་ཅན་དང་གདམས་ངག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།
གང་ཞིག་ཡིད་ལ་དྲན་ཙམ་གྱིས། །རྨོངས་མུན་དྲུངས་ནས་འབྱིན་མཛད་པ། །
བླ་མ་རྡོ་རྗེ་རྣོན་པོ་དང༌། །དབྱེར་མེད་གང་དེས་དུས་ཀུན་སྐྱོངས། །
ད་ནི་རྟགས་ཀྱི་འཇུག་པ་ཡི། །གཞུང་དོན་ཅུང་ཟད་བཤད་པར་བྱ། །
རྟགས་ཞེས་བྱ་བ་ཡི་གེ་ཡི། །མཚན་མར་གོ་བར་བྱ་བ་སྟེ། །
ཡི་གེ་སྒྲ་ཡིན་ཕྱིར་ན་ནི། །དེ་ཡི་མཚན་མའང་སྒྲ་ཡིན་ནོ། །
དཔེར་ན་གཟུགས་སུ་རུང་བ་ཀུན། ། དབྱིབས་དང་ཁ་དོག་གཉིས་ཀྱིས་འབྱེད། །
དེ་བཞིན་ཡི་གེ་ལ་ཡང་ནི། །སྒྲ་གདངས་དྲག་ཞན་བར་མ་ཡི། །
རྣམ་འགྱུར་སྣ་ཚོགས་ལྡན་པས་ན། །རྣ་བས་སོ་སོར་འབྱེད་པ་ཉིད། །
དེ་ལྟའི་རྣམ་འགྱུར་ཐ་དད་པ། །སྐྱེ་གནས་བྱེད་རྩོལ་མི་འདྲ་བ། །
ལྷན་དུ་འདུས་པས་བསྐྱེད་པ་ནི། །གདངས་ཀྱི་ཁྱད་པར་སྣ་ཚོགས་པ། །
དེས་ན་རྟགས་འཇུག་ཅེས་པའི་དོན། །དབྱངས་གསལ་སྔོན་རྗེས་རྣམས་ལ་ནི། །
རང་བཞིན་རྐྱང་སྦྱར་ནང་འཕྲད་ཀྱིས། །སྐྱེ་གནས་བྱེད་རྩོལ་མི་འདྲ་བ། །
འདུས་པས་སྒྲ་གདངས་དྲག་ཞན་དང༌། །བར་མའི་རྣམ་འགྱུར་སྣ་ཚོགས་སུ། །
བསྐྱེད་ཅིང་སྔོན་རྗེས་སྒྲ་དོན་གྱི། །འཇུག་ཚུལ་བཤད་པས་དེ་སྐད་བརྗོད། །
དེ་ལྟའི་རྟགས་ཀྱི་འཇུག་པ་ལ། །ཡི་གེ་སྤྱི་དང་བྱེ་བྲག་གི །
རྟགས་ཀྱི་དབྱེ་བ་སྔོན་རྗེས་ཀྱི། །རྟགས་ཀྱི་དབྱེ་བ་འཇུག་ཚུལ་བཞི། །
རྟགས་ཀྱི་འཇུག་པའི་བརྗོད་བྱ་ནི། །སྔོན་འཇུག་ཡི་གེ་ལྔ་རུ་འཇོག །
སྐབས་འདིའི་གསལ་བྱ་ལས་ཚིག་ཉིད། །དེ་ནི་སྔོན་འཇུག་ནུས་པས་དབྱེ། །
རྟགས་ཀྱི་དབྱེ་བྱ་དབྱངས་གསལ་དང༌། །སྔོན་འཇུག་རྗེས་འཇུག་རྣམས་ཡིན་ཞིང༌། །
འབྱེད་བྱེད་སྐྱེ་གནས་བྱེད་རྩོལ་ཡིན། །འབྱེད་ཚུལ་རང་བཞིན་རྐྱང་པ་དང༌། །
སྦྱར་བ་ཕན་ཚུན་ནང་འཕྲད་ཀྱིས། །སྐབས་བབ་ཡི་གེ་རྣམས་ཀྱི་ནི། །
སྒྲ་གདངས་དྲན་ཞན་བར་མའི་ཚུལ། །ཇི་བཞིན་སྟོན་པ་དེ་ལ་གོ །
དེ་ལྟའི་རྟགས་ཀྱི་དབྱེ་བ་ལ། །རྣམ་པ་བཞི་རུ་གྲུབ་པ་སྟེ། །
ཡི་གེའི་སྤྱི་དང་བྱེ་བྲག་དང༌། །སྔོན་རྗེས་གཉིས་དང་བཅས་པ་འོ། །
དང་པོར་དབྱངས་མོ་གསལ་བྱེད་ཕོ། །རང་བཞིན་གཤིས་ལུགས་སྒོ་ནས་དབྱེ། །
ཕོ་མོ་གཉིས་ནི་དབང་པོ་ཡིས། །དབྱེ་བ་འདི་དང་རྣམ་པར་མཐུན། །
རང་སྟོབས་ཀྱིས་ནི་སྐྱེ་གནས་དང༌། །བྱེད་པ་རྩོལ་བའི་རྣམ་འགྱུར་ནི། །
གསལ་བ་ཕོར་བཞག་རང་སྟོབས་ཀྱིས། །མི་གསལ་བ་ནི་མོར་བཞག་གོ །
ཕོ་ཡི་ཡི་གེ་འབའ་ཞིག་ལ། །ཞེས་པས་གསལ་བྱེད་ཕོ་རུ་བསྟན། །
ཤུགས་ལ་དབྱངས་ཉིད་མོ་ཡིག་ཏུ། །བསྟན་པ་གཞུང་གི་དགོངས་པ་ཉིད། །
བྱེ་བྲག་གསལ་བྱེད་སུམ་ཅུ་ནི། །རང་ཉིད་རྐྱང་པ་ཀློག་པའི་གདངས། །
གནས་དང་བྱེད་པ་རྩོལ་བ་ཡིས། །སྡེ་ཚན་ལྔ་རུ་རྣམ་པར་དབྱེ། །
དེ་ལ་གནས་དང་བྱེད་པ་ཡིས། །དབྱེ་ཞེས་ངག་གི་རྒྱུན་ལ་གྲགས། །
ཞིབ་ཏུ་དཔྱད་ཚེ་རྩོལ་བ་ཡིས། །སོ་སོར་ཕྱེས་པ་གཞུང་ལ་གསལ། །
དཔེར་ན་ཀ་ཁ་ག་ང་ནི། །གནས་དང་བྱེད་པ་མཚུངས་ན་ཡང༌། །
དྲག་ཞན་རྣམ་འགྱུར་སོ་སོར་གསལ། །དེ་ནི་རྩོལ་བས་ཕྱེས་པར་ངེས། །
དེ་ལྟར་དྲག་ཞན་བར་མ་དང༌། །ཤིན་ཏུ་ཞན་དང་ཞན་ཅིང་ལྷོད། །
རྣམ་པ་ལྔ་རུ་གནས་པ་དེ། །རྩོལ་བ་གྲིམས་ལྷོད་སོགས་ཀྱིས་བསྐྱེད། །
སྒྲ་གདངས་དྲག་ཞན་བར་མ་ནི། །མཐོ་དམན་ཆེ་ཆུང་དབང་གིས་མིན། །
ནང་གི་རྩོལ་བ་དམ་ལྷོད་ཀྱིས། །དབྱུང་བའི་གདངས་ཀྱི་རྣམ་འགྱུར་ཉིད། །
དཔེར་ན་པི་ཝང་རྒྱུད་སྐུད་རྣམས། །དམ་ལྷོད་ཁྱད་པར་སྣ་ཚོགས་པ། །
དམ་པ་གང་དེའི་གདངས་ཉིད་ནི། །རྣར་ཟུག་རྒྱང་ཁྱབ་དྲག་པ་ཉིད། །
ཡི་གེ་གདངས་ཀྱང་དེ་དང་མཚུངས། །ཡོངས་གྲགས་ཕོ་མོའི་ངག་གི་གདངས། །
ཕྲ་སྦོམ་དབང་གིས་རྣམ་པར་དབྱེ། །འདིར་བཤད་དེ་ལས་ལྡོག་པ་སྟེ། །
དྲག་ཞན་རྣམ་འགྱུར་ལོག་པས་སོ། །ཀ་ཅ་ཏ་པ་ཙ་ལྔ་ཕོ། །
ཁ་ཆ་ཐ་ཕ་ཚ་མ་ནིང༌། །ག་ཇ་ད་བ་ཛ་ཝ་ཞ། །
ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །
ར་ལ་ཧ་ཨ་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བརྗོད། །
འདི་དག་ཞིབ་ཏུ་ངེས་པ་གཅེས། །སྐབས་འདིར་སྔོན་གྱི་མཁས་པ་འགས། །
ཨ་ཡིག་ཕོར་འདོད་རྟགས་མེད་དང༌། །དེ་བཞིན་མ་ནིང་མཚན་མེད་དུ། །
འདོད་པ་ཐ་དད་སོང་བ་རྣམས། །རིགས་པས་དཔྱད་ན་རྟོགས་པར་སླ། །
ཕོར་འདོད་རྣམས་ཀྱིས་སྡེ་ཚན་ལྔའི། །ཁོངས་སུ་ཨ་ཡིག་མ་བཞག་པར། །
གསལ་བྱེད་ཡིན་པ་ཙམ་གྱིས་ནི། །ཕོ་ཡིག་ཙམ་དུ་བཞག་པར་ཟད། །
དེས་ན་སྤྱི་དང་བྱེ་བྲག་གི །དབྱེ་སྒོ་གཅིག་ཏུ་གསེས་པ་དང༌། །
ཤིན་ཏུ་ཞན་ཞིང་ལྷོད་པའི་གདངས། །དྲག་པར་བཞག་པའི་སྐྱོན་སོགས་འབྱུང༌། །
ཨ་ཡིག་རྟགས་མེད་འདོད་པ་ཡང༌། །གཞུང་གི་ཡི་གེ་ཉམས་པ་ནི། །
ཇི་བཞིན་གོ་བས་དབང་གིས་བྱུང༌། །འབའ་ཞིག་ཅེས་པའང་དོན་མེད་ཐལ། །
མ་ནིང་མཚན་མེད་འདོད་པ་ནི། །ཐོན་མིའི་གཞུང་ལ་ཅོ་འདྲིའི་ཕྱིར། །
དབྱེ་སྒོ་དྲུག་ཏུ་ཕྱེ་བ་དང༌། །ཤིན་ཏུ་ཞན་པའི་གདངས་ཉིད་གང༌། །
བར་མར་འཕོས་པའི་སྐྱོན་སོགས་སྣང༌། །དེས་ན་དེ་ལྟའི་རྣམ་གཞག་ལ། །
རིགས་པས་ལན་བརྒྱར་བརྟག་པ་ལས། །གཞུང་ལུགས་དགོངས་དོན་རེག་པ་ན། །
དོན་གྱི་གནད་ཀུན་རྟོགས་པར་འགྱུར། །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་མཁས་མཆོག་སི་ཏུའི་དགོངས་པ་རབ་གསལ་ཞེས་པ་ལས་སྤྱི་དང་བྱེ་བྲག་གི་རྟགས་ཀྱི་དབྱེ་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།
སྔོན་འཇུག་རྟགས་ཀྱི་དབྱེ་བ་དང༌། །འཇུག་ཚུལ་རྣམ་པ་གཉིས་ཡོད་པའི། །
དང་པོ་རྟགས་ཀྱི་དབྱེ་བ་ནི། །གཞུང་ནས་བྱུང་བ་འདི་ལྟ་སྟེ། །
རང་ཉིད་འཇུག་པའི་མིང་གཞི་དང༌། །སྦྱར་ནས་ཀློག་པའི་གདངས་དེ་ཉིད། །
སྔ་མ་རང་གི་ནུས་པ་ལ། །ཕྱི་མ་མིང་གཞི་གང་ཡིན་པས། །
ཤུགས་རྐྱེན་ཐེབས་པ་ལས་བྱུང་བའི། །དྲག་ཞན་རྣམ་འགྱུར་སོ་སོར་གསལ། །
དཔེར་ན་མེ་ཆུ་འཕྲད་པ་ན། །མེ་ལ་ཆུ་དང་ཆུ་ལ་མེས། །
བྱེད་ལས་ཅུང་ཟད་བསྐྱེད་པ་བཞིན། །སྐབས་འདིའི་རྟགས་ཀྱང་དེ་དང་མཚུངས། །
དེ་ལྟའི་ཕྱོགས་གཉིས་ལ་ལྟོས་ནས། །དབྱེ་བ་འབྱེད་ཚུལ་ངེས་པ་གལ། །
དེ་ཡང་བྱིས་པ་བདེ་འཇུག་སོགས། །ཀློག་ལ་འཇུག་པའི་གཞུང་རྣམས་ནས། །
སྔོན་འཇུག་གང་ཡིན་མིང་གཞི་ལ། །ཞུགས་པའི་གདངས་དེར་ཁྱད་ཆོས་འགས། །
རང་ཉིད་རྐྱང་པའི་གདངས་ཉིད་ལས། །རྣམ་པ་འགྱུར་བའི་ཚུལ་སོགས་གསལ། །
དེ་དག་ཞིབ་ཏུ་སྦྱང་ནས་ནི། །སྔོན་འཇུག་སྒྲ་གདངས་ཤེས་པ་གཅེས། །
དེས་ན་རྟགས་ཀྱི་དབྱེ་བྱ་ནི། །སྔོན་འཇུག་ཡི་གེ་ལྔ་ཡིན་ཞིང༌། །
འབྱེད་བྱེད་རང་ཉིད་མིང་གཞི་དང༌། །སྦྱར་ནས་ཀློག་པའི་གདངས་ཡིན་ལ། །
དབྱེ་ཚུལ་སྐྱེ་གནས་བྱེད་རྩོལ་རྣམས། །འདུས་ནས་སྒྲ་གདངས་དྲག་ཞན་གྱི། །
རྣམ་པར་བསྐྱེད་པ་དེ་ལ་འཇོག །དབྱེ་སྒོ་སྦྱར་ནས་ཀློག་པ་ཉིད། །
རང་ཉིད་རྐྱང་པའི་སྒྲ་གདངས་ནི། །བྱེ་བྲག་རྟགས་ཀྱི་དབྱེ་བ་ལས། །
གཞན་དུ་མ་དམིགས་སྐབས་འདི་ལ། །དབྱེ་སྒོ་ཐ་དད་ཉིད་དུ་གྲུབ། །
དང་པོ་དབྱེ་སྒོ་ངོས་བཟུང་སྟེ། །དེ་ནས་དབྱེ་བ་འབྱེད་དགོས་མོད། །
སྔོན་གྱི་འགྲེལ་པ་ཁ་ཅིག་ལས། །དབྱེ་སྒོ་ངོས་འཛིན་མ་གསལ་བས། །
དབྱེ་བ་འབྱེད་ཚུལ་འཁྲུལ་བ་དང༌། །དེ་ལས་གཞུང་གི་བསྟན་བྱ་ཡང༌། །
མ་རྟོགས་ལོག་པར་རྟོག་པ་མང༌། །དེ་ལ་དང་པོ་ཉིད་ནས་གཟབ། །
སྔོན་འཇུག་རྟགས་ཀྱི་དབྱེ་བ་ནི། །རྩ་བའི་གཞུང་ལ་གསལ་བས་ན། །
དབྱེ་བ་རང་ལ་སྔ་ཕྱི་ཡི། །མཁས་པ་ཐམས་ཅད་ཞལ་མཐུན་ནོ། །
དེས་ན་བ་ཕོ་ག་ད་གཉིས། །མ་ནིང་འ་མོ་མ་ཡིག་ནི། །
ཤིན་ཏུ་མོ་ཡིན་འཇུག་པའི་ཚུལ། །བྱེད་པ་བཞི་ལ་སྦྱར་བར་བྱ། །
གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅིའི་ཕྱིར་བྱེད། །
ཅེས་པའི་དང་གཉིས་མཉམ་སྦྲགས་ནས། །ས་བཅད་གསུམ་གྱིས་བཤད་པར་བྱ། །
དང་པོ་གང་ལ་འཇུག་པ་དང༌། །གང་གིས་འཇུག་པར་བྱེད་པ་གཉིས། །
སོ་སོར་བཤད་ན་ཟློས་སྐྱོན་དུ། །འགྱུར་བས་མཁས་པས་གཅིག་ཏུ་འཆད། །
དེས་ན་སྔོན་འཇུག་བ་ཡིག་ཕོ། །རང་དང་མོ་ལ་འཇུག་པ་སྟེ། །
མོ་ནི་གསུམ་དུ་དབྱེ་བ་རྣམས། །གཅིག་ཏུ་བསྡུས་པ་དེ་ལ་བྱ། །
དེ་བཞིན་བ་ནི་རྐྱང་པ་དང༌། །མགོ་འདོགས་གསུམ་ལ་འཇུག་པ་ལས། །
མགོ་ཅན་རྣམས་ཀྱི་སྔོན་འཇུག་ནི། །བ་ཡིག་ཁོ་ནར་ངེས་པ་ཡིན། །
དེ་ཡང་རྐྱང་མགོ་འདོགས་གསུམ་གྱིས། །གཉིས་དང་རྐྱང་མགོ་གཉིས་ཀས་གསུམ། །
མགོ་ཅན་ཁོ་ནར་འཕུལ་བྱེད་ལྔ༌། །རྐྱང་པ་ཁོ་ནས་འཇུག་པ་གསུམ། །
རྐྱང་མགོ་ལ་གཉིས་འདོགས་ཁོ་ནར། །གཅིག་བཅས་མིང་གཞི་བཅུ་དྲུག་ལ། །
འཇུག་པས་སྔོན་འཇུག་ཡི་གེ་ལས། །འཇུག་པ་ཆེ་བ་ཉིད་དུ་བརྩི། །
དེ་བཞིན་མ་ནིང་སྔོན་འཇུག་གཉིས། །ཕོ་དང་མོ་ལ་འཇུག་པ་ལས། །
ག་ནི་རྐྱང་པ་ཁོ་ན་ཡི། །འཕུལ་ཡིག་ཉིད་དུ་ངེས་པ་དང༌། །
དེ་བཞིན་མིང་གཞི་ཡི་གེ་ནི། །བཅུ་གཅིག་ལ་འཇུག་འཕུལ་ཡིག་ལས། །
འཇུག་པ་ཆུང་བ་ཞེས་པའི་དོན། །རྐྱང་པ་ཁོ་ནར་འཇུག་པས་བཞག །
ད་ནི་རྐྱང་པའི་འཕུལ་ལ་གཉིས། །རྐྱང་འདོགས་བཞི་བཅས་དྲུག་ལ་འཇུག །
རྐྱང་འདོགས་གཉིས་ལ་འཇུག་པ་ཡིས། །ག་ལས་འཇུག་པ་ཆེ་བར་བཞེད། །
མོ་ནི་མོ་དང་མ་ནིང་ལ། །འཇུག་པས་སྔོན་འཇུག་འ་ཡིག་ནི། །
རྐྱང་འཕུལ་དྲུག་དང་རྐྱང་འདོགས་གཉིས། །བཞི་འཕུལ་བཅས་ནི་བཅུ་ལ་འོ། །
ཤིན་ཏུ་མོ་ཡིག་མ་འཕུལ་ནི། །མ་ནིང་མོ་དང་རང་ལ་འཇུག །
རྐྱང་འཕུལ་དགུ་དང་རྐྱང་འདོགས་ཀྱིས། །གཉིས་བཅས་བཅུ་གཅིག་དག་ལ་འཇུག །
དེ་ལྟར་གང་ལ་འཇུག་པ་དང༌། །གང་གིས་འཇུག་པ་སྦྲགས་ནས་ནི། །
འཕུལ་ཡིག་དེ་དག་མིང་གཞི་ལ། །འཇུག་ཚུལ་ཤེས་པ་གནད་དུ་ཆེ། །
དེ་བཞིན་མི་འཇུག་པ་ཡི་ཚུལ། །གཞུང་བཞིན་ཞིབ་ཏུ་སྦྱངས་པ་ན། །
བློ་གྲོས་སྒོ་མོ་ཆེར་དབྱེ་སྟེ། །དོན་གྱི་གནད་རྣམས་ལག་རྩེར་ལོན། །
གཉིས་པ་ཇི་ལྟར་འཇུག་པ་ནི། །ཕོ་སོགས་བཞི་ནི་རིམ་པ་བཞིན། །
རང་ཉིད་འཇུག་པའི་མིང་གཞི་དང༌། །སྦྱར་ནས་ཀློག་པའི་གདངས་ཉིད་ནི། །
དྲག་ཞན་སོ་སོར་གསལ་བས་ན། །ཕོ་ནི་དྲག་པར་འཇུག་པ་དང༌། །
མ་ནིང་རན་དང་མོ་ནི་ཞན། །ཤིན་ཏུ་མོ་ནི་མཉམ་ཞེས་གསུངས། །
དེ་ཡང་དེ་དག་རྐྱང་པ་ཡི། །གདངས་ནི་མོ་ཡིག་ཉིད་དུ་འཁུམས། །
འོན་ཀྱང་འཇུག་ཡུལ་མིང་གཞི་དང༌། །སྦྱར་ནས་ཀློག་པའི་གདངས་ཉིད་ལ། །
གནས་དང་བྱེད་པ་རྩོལ་བ་ཡི། །ཅུང་ཟད་རྣམ་འགྱུར་མི་འདྲ་བར། །
གསལ་བས་དབང་གིས་དམ་ལྷོད་ཀྱི། །རྣམ་པ་དག་ཀྱང་ཐ་དད་སྣང༌། །
སྤྱིར་ན་མ་ཡིག་མ་ཡིན་པའི། །འཕུལ་ཡིག་བཞི་པོ་བྱེད་རྩོལ་མཉམ། །
འོན་ཀྱང་མིང་གཞིར་སྦྱར་སྟོབས་ཀྱིས། །ཕོ་མོ་མ་ནིང་གསུམ་དུ་ཕྱེ། །
དེ་དག་བྱེད་རྩོལ་རྣམ་གཉིས་ཀྱིས། །སོ་སོར་དབྱེ་བ་ལས་ནི་གཞན། །
སྐྱེ་གནས་རང་སོར་གནས་པས་ན། །སྐབས་འདིར་འབྲེལ་མེད་ཙམ་དུ་ཟད། །
དེ་ལྟར་རང་གི་ངག་ཉིད་ལ། །བསླེབ་པར་བྱ་བ་གནད་དུ་ཆེ། །
ད་དུང་ཡི་གེ་གདངས་རྣམས་ཀྱི། །གཞུང་ལ་ཞིབ་ཏུ་སྦྱང་བ་གཅེས། །
གསུམ་པ་ཅིའི་ཕྱིར་འཇུག་པ་ནི། །བདག་གཞན་དུས་གསུམ་བྱ་བྱེད་ཀྱི། །
ལས་ཚིག་བཤད་པའི་གཞུང་ཡིན་པས། །དཀའ་གནད་ཅིག་ཏུ་མཁས་པས་བཞེད། །
རྟགས་ཀྱི་འཇུག་པར་བཤད་པའི་དོན། །གཙོ་བོ་ལས་ཀྱི་ཚིག་ཡིན་ཞིང༌། །
དེ་ཉིད་སྔོན་འཇུག་ལྔ་ཡིས་ནི། །གསལ་བའི་ཚུལ་ནི་ངེས་པ་གཅེས། །
དེས་ན་རྟགས་ཀྱི་འཇུག་པ་ཡི། །གཞུང་གི་བརྗོད་བྱ་ཉིད་ལ་ཡང༌། །
སྔོན་འཇུག་ཡི་གེ་ལྔ་བཞག་པ། །ཚུལ་འདིའི་སྒོ་ནས་རྟོགས་པར་ནུས། །
དེ་ལ་དང་པོར་བདག་གཞན་དང༌། །བྱ་བྱེད་དབྱེ་བ་ཤེས་དགོས་པས། །
ཅིའི་ཕྱིར་བདག་གཞན་བྱ་བྱེད་སོགས། །བཞག་པའང་ཤེས་པར་གནད་དུ་ཆེ། །
ལས་ལ་རྣམ་པ་གཉིས་ཡོད་པས། །དེར་མཚོན་ཚིག་ཀྱང་རྣམ་གཉིས་སྣང༌། །
བྱེད་པོ་གཞན་དང་འབྲེལ་མིན་གྱིས། །དབྱེ་བ་མི་འདྲ་གཉིས་སུ་གྲུབ། །
སྤྱིར་ན་ལས་ནི་སྒོ་གསུམ་གྱིས། །བསྐྲུན་པའི་རྣམ་པ་དེ་ལ་འཐད། །
དེ་ནི་ལས་བསགས་ལ་སོགས་པས། །མཚོན་པར་བྱ་བ་དེ་གར་ངེས། །
སེམས་ལྡན་སེམས་མེད་གཉིས་ཀ་ལ། །གཡོ་བའི་རྣམ་འགྱུར་གསལ་བ་དང༌། །
བྱེད་པོ་གཞན་དང་འབྲེལ་མིན་གྱིས། །ལས་ཀྱི་རྣམ་པ་སྣ་ཚོགས་སྣང༌། །
དེས་ན་ལས་གང་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །
ལས་ལ་བདག་གཞན་གཉིས་སུ་དབྱེ། །བདག་གཞན་དབྱེ་བའང་དེ་ཡི་དོན། །
དེ་ལྟའི་ལས་ལ་བྱེད་པ་པོ། །བྱེད་པ་བྱེད་ལས་གསལ་བྱེད་སོགས། །
བདག་གི་དངོས་པོ་ཉིད་ཡིན་ཞིང༌། །དེ་མཚོན་ཚིག་ལ་བདག་ཅེས་བརྗོད། །
བྱ་བའི་ཡུལ་དང་བྱ་བ་དང༌། །བྱ་ལས་གསལ་བར་བྱེད་པའི་ཚིག །
སོགས་ལ་གཞན་གྱི་དངོས་པོ་དང༌། །དེ་མཚོན་ཚིག་ལ་གཞན་ཞེས་བརྗོད། །
བདག་དོན་མཚོན་པར་བྱེད་པའི་ཚིག །བྱེད་ཚིག་ཉིད་ལས་བྱུང་བ་དང༌། །
དེ་བཞིན་གཞན་དངོས་མཚོན་བྱེད་ཚིག །བྱ་ཚིག་ཉིད་ལས་བྱུང་བ་འོ། །
བྱེད་ལས་གསལ་བར་བྱེད་པའི་ཚིག །ལས་ཚིག་ད་ལྟ་བ་ཡིན་ལ། །
དེ་བཞིན་བྱ་ལས་གསལ་བྱེད་ཚིག །ལས་ཚིག་མ་འོངས་པ་ཡིན་ནོ། །
སྐབས་འདིར་བཤད་པའི་བྱེད་ལས་ནི། །ལས་གང་བྱེད་པོའི་རྩོལ་བ་ཡི། །
རྣམ་འགྱུར་མཚོན་བྱེད་ཉིད་ཡིན་པས། །དེ་ཉིད་ད་ལྟ་བ་ལ་བཞག །
ལས་གང་བྱེད་པོ་གཞན་འབྲེལ་བའི། །ལས་ཀྱི་རྣམ་པ་སྣང་བའི་སྐབས། །
བྱེད་པོའི་རྩོལ་བ་དང་འབྲེལ་བའི། །ལས་ཉིད་ད་ལྟར་གསལ་བས་ན། །
དེ་ལ་ད་ལྟར་བཞག་པ་དང༌། །བྱ་བའི་ཡུལ་ལ་སྣང་བ་ཡི། །
ལས་ཀྱི་རྣམ་པ་དེའི་རྗེས་འབྱུུང༌། །དེར་ལྟོས་མ་འོངས་པ་ལ་བཞག །
དེ་ལྟར་ལས་ཀྱི་རྣམ་པ་ཞིག །གསལ་བར་དེ་ལྟའི་ཕྱོགས་གཉིས་ལ། །
རག་ལས་པ་ཡི་ལས་ཀུན་ལ། །བྱེད་པོ་གཞན་འབྲེལ་ཞེས་སུ་བརྗོད། །
དེ་ལ་བདག་གཞན་དབྱེ་བ་ཕྱེ། །བདག་གཞན་ཁོངས་སུ་འདུས་པ་རྣམས། །
ཡིག་སྡེབ་དག་གིས་སོ་སོར་འབྱེད། །དེ་ཡང་ཐུན་མོང་ཐུན་མིན་གྱི། །
ཤེད་མཚུངས་ཡོད་མེད་ཞིབ་ཏུ་བརྟག །དེ་ཡང་ཀུན་མཁྱེན་སི་ཏུ་ཡིས། །
བྱེད་པོ་གཞན་འབྲེལ་ལས་ཚིག་ལ། །ཤེད་མཚུངས་ཡོད་མེད་སྒོ་ནས་ནི། །
བདག་གཞན་ཁོངས་སུ་སྡུད་མིན་དོན། །ཚིག་གྲོགས་ཀྱིས་བསྒྱུར་ད་ལྟའི་ཚིག །
གཞན་ལ་དེ་ལྟའི་ཚིག་གྲོགས་ཤིག །རྙེད་པར་དཀའ་འམ་འབྱོར་མིན་གྱིས། །
བདག་གི་ཁོངས་སུ་མ་གཞག་གོ །དོན་ལ་བཞིན་དང་སྣང་སོགས་ཀྱི། །
ཁ་གཏད་མ་འོངས་གསལ་ནུས་པ། །བྱ་ཚིག་ལ་འཇུག་མིང་དོན་ཞིག །
མ་རེག་པ་ལས་གཞན་མིན་ནོ། །དཔེར་ན་གསོད་བཞིན་པ་ལ་ནི། །
གསད་པར་བགྱི་ཞེས་ཤེད་མཚུངས་སུ། །བཞག་ནས་ཤེད་མཚུངས་རྙེད་ཅེས་ན། །
དེ་གཉིས་མིང་དོན་ཐ་དད་དོ། །སྣང་དང་བཞིན་ནི་བྱ་བ་ཡི། །
རྣམ་པ་ཉིད་ལས་གཞན་མིན་ལ། །བགྱི་ཉིད་ལས་ཀྱི་ཚིག་ཡིན་ཞིང༌། །
དེ་ཡི་ཁ་གཏད་བགྱིད་ཡིན་ནོ། །དེ་ལ་གསད་པར་བགྱི་ཞེས་པར། །
གསོད་པར་བགྱིད་ནི་ཤེད་མཚུངས་སུ། །གྲུབ་པའི་རིགས་པ་འདི་ཡིས་ནི། །
སྐབས་འདིའི་དགོངས་དོན་རྟོགས་པ་གཅེས། །དེ་ལྟར་ཤེད་མཚུངས་སྟོབས་མཚུངས་ཀྱིས། །
བདག་གཞན་དབྱེ་བའི་རིགས་པ་འདི། །ཀུན་མཁྱེན་སི་ཏུའི་ཐུགས་མཚོ་ལས། །
བྱུང་བའི་ཡིད་བཞིན་ལྗོན་པའི་དབང༌། །བདག་གཞན་དབྱེ་བས་མ་བསྡུས་པའི། །
ལས་ཚིག་རྣམས་ནི་དུས་གསུམ་གྱི། །དབྱེ་བར་འདུས་པའི་ཕྱིར་ན་ནི། །
དུས་གསུམ་དབྱེ་བ་ཁྱབ་ཆེ་འོ། །མིང་རྐྱང་དུས་ཀྱི་དབྱེ་བ་ལ། །
བརྟེན་ནས་ཡིག་སྡེབ་མི་འདྲ་བའི། །རྣམ་པ་མེད་པའི་ཕྱིར་ན་ནི། །
དེ་ཡི་དབྱེ་བ་མ་མཛད་དོ། །ཁ་སང་མཐོང་བའི་བུམ་པ་དང༌། །
དེ་རིང་མིག་ངོར་སྣང་བ་ཡི། །བུམ་པའི་གཟུགས་ལ་ཁྱད་མེད་ཅིང༌། །
ལས་ཀྱི་རྣམ་པས་ཁྱད་པར་སྣང༌། །དེ་ན་ལས་ལ་དུས་གསུམ་གྱི། །
རྣམ་འགྱུར་ཐ་དད་གནས་པས་ན། །དེ་ཡི་རྣམ་པ་གསལ་བའི་ཕྱིར། །
ཚིག་ཀྱང་ཐ་དད་གནས་པས་སོ། །དེ་ཕྱིར་དེ་ལྟའི་ཚིག་གི་ཚུལ། །
གསལ་ཕྱིར་རྟགས་ཀྱི་འཇུག་པ་ལས། །དུས་གསུམ་དབྱེ་བ་ཞིབ་ཏུ་གསུངས། །
དེ་ཉིད་རྟོགས་པར་བྱ་བ་གཅེས། །བོད་ཀྱི་བརྡ་སྤྲོད་རིག་པ་ལས། །
བྱུང་བའི་དུས་གསུམ་གང་ཡིན་ཡང༌། །ཚིག་གཅིག་ཁོ་ནས་གསལ་པ་ལས། །
ཚིག་གྲོགས་སྦྱོར་བས་མ་ཡིན་ནོ། །དཔེར་ན་ཁོས་བསད་ཁོས་གསོད་དང༌། །
ཁོས་གསད་སོད་ཅིག་རྣམས་ཀྱིས་ནི། །དུས་གསུམ་གང་ཡིན་དེའི་རྣམ་པར། །
བསྐྱེད་ཕྱིར་གྲོགས་ལ་མ་ལྟོས་སོ། །དེར་བརྟེན་གཞན་གྱི་བརྡ་སྤྲོད་ལས། །
བརྗོད་པར་དུས་གསུམ་མཚོན་པའི་ཕྱིར། །ཚིག་གྲོགས་ཕྲད་སོགས་གསུངས་ན་ཡང༌། །
བོད་ལ་དགོས་མཁོ་མེད་པ་ཉིད། །དེ་བཞིན་དུས་ཀྱི་དབྱེ་བ་ལ། །
བཅུ་སོགས་མང་དུ་སྣང་བ་ནི། །གྲོགས་ཀྱིས་བསྒྱུར་ཐབས་ཡིན་པས་ན། །
དེ་ཡང་བོད་ལ་མཁོ་མེད་ཉིད། །ལས་ཚིག་གང་ཡིན་དེ་ཉིད་ཀྱིས། །
བྱ་འདས་དེ་བཞིན་བྱེད་བཞིན་པ། །བྱ་བར་འགྱུར་སོགས་དོན་གང་གི །
རྣམ་པར་ཤར་བ་དེ་ཉིད་དོ། །ཕྱིས་སུ་བྱུང་བའི་མཁས་པ་འགས། །
དུས་གསུམ་སྤྱི་བྱེ་ཐོར་བུ་སོགས། །རིགས་གསུམ་དྲུག་དང་དགུ་སོགས་སུ། །
དབྱེ་བ་ལེགས་བཤད་དཔལ་དུ་ཆེ། །བྱེད་འབྲེལ་བྱེད་མེད་ཡང་ན་ནི། །
བྱ་བྱེད་ཐ་དད་ཐ་མི་དད། །ཅེས་སུ་གྲགས་པ་རྣམ་གཉིས་ཀྱི། །
ཁྱད་པར་འབྱེད་པ་འདི་ལྟ་སྟེ། །ལས་གང་བྱེད་པོ་གཞན་དངོས་དང༌། །
འབྲེལ་མིན་དབང་གིས་སོ་སོར་ཕྱེས། །བྱེད་པོ་གཞན་དང་མ་འབྲེལ་བའི། །
ལས་ལ་བྱེད་མེད་ཅེས་སུ་གྲགས། །བྱེད་པོ་གཞན་མེད་མི་སྣང་བ། །
བྱེད་པའི་རྣམ་འགྱུར་མི་གསལ་པས། །དབྱེ་ན་བྱེད་མེད་རིགས་གསུམ་དུ། །
བསྡུས་པ་མཁས་པའི་གསུང་དུ་གོ །འཁོར་སྐྱེས་འགྲོ་བཅས་དཔེར་མཚོན་དུ། །
བཀོད་ནས་རིགས་པས་དཔྱད་པ་ན། །བྱེད་པོ་གཞན་དང་མ་འབྲེལ་བའི། །
ལས་ཚིག་རྣམས་ཀྱི་རང་ཚུལ་རྟོགས། །བྱ་བྱེད་ལས་ཀྱི་རྣམ་འགྱུར་རྣམས། །
ཚུལ་བཞིན་ལག་རྩེར་བབ་པ་ན། །དོན་གྱི་གནས་ལུགས་མཚོན་པའི་ངག །
ཇི་བཞིན་སྨྲ་བའི་དཔལ་ལ་དབང༌། །དེ་ལྟར་ངེས་ཤེས་དྲངས་པ་ན། །
སྔོན་འཇུག་ཕོ་ཡིག་བ་ཉིད་ནི། །དུས་ཀྱི་དབང་གི་འདས་པ་དང༌། །
དངོས་པོ་གཞན་ལ་འཇུག་པར་བཞེད། །མ་ནིང་ག་ད་གཉིས་ཀ་ནི། །
དངོས་པོ་བདག་གཞན་གཉིས་ཀ་དང༌། །བྱེད་འབྲེལ་གྲོགས་ཀྱིས་བསྒྱུར་པ་ཡི། །
ད་ལྟ་བ་ལ་འཇུག་པར་བཞེད། །མོ་ཡིག་འ་ནི་དངོས་པོ་བདག །
གྲོགས་ཀྱིས་བསྒྱུར་བའི་ད་ལྟ་དང༌། །བྱེད་པོ་གཞན་དངོས་མ་འབྲེལ་བའི། །
མ་འོངས་ད་ལྟ་གཉིས་བཅས་འཇུག །ཤིན་ཏུ་མོ་ཡིག་མ་ཉིད་ནི། །
དངོས་པོ་བདག་གཞན་གཉིས་ཀ་དང༌། །དགོས་པ་དུས་གསུམ་བྱེད་པོ་གཞན། །
འབྲེལ་མིན་ཀུན་ལ་ཆ་མཉམ་དུ། །འཇུག་པའི་ཡི་གེར་ཡོངས་སུ་བཞེད། །
འདི་ལ་དངོས་ཤུགས་དགོངས་པའི་དོན། །འགྲེལ་ཚུལ་མང་དུ་མཆིས་ན་ཡང༌། །
བློ་གསར་འཇུག་པ་བདེ་བའི་ཕྱིར། །ཚིག་ཉུང་དོན་འདུས་ཚུལ་གྱིས་བྲིས། །
སྐུལ་ཚིག་དངོས་བསྟན་ཡིན་མིན་གྱི། །མཁས་པའི་བཞེད་སྲོལ་མི་མཐུན་མོད། །
གཞུང་འདིའི་ཤུགས་བསྟན་ལ་བཞག་ན། །དགོས་ལས་གནོད་པ་མེད་པར་མངོན། །
བྱེད་པོ་གཞན་དང་འབྲེལ་བ་ཡི། །ལས་ཉིད་སྐུལ་བར་བྱ་བའི་ཚིག །
རྣམ་འགྱུར་ཐ་དད་སྣང་ན་ཡང༌། །ཡང་འཇུག་ཅན་གྱིས་སྟོན་པ་མང༌། །
མིང་གཞི་འགྱུར་དང་ད་ལྟ་བའི། །ཡིག་སྡེབ་གཅིག་གམ་འདས་དང་མཚུངས། །
སྐུལ་ཚིག་ཐོབ་དང་མི་ཐོབ་པའི། །ས་མཚམས་དག་ཀྱང་ཤེས་པ་གཅེས། །
སྔོན་འཇུག་རྟགས་ཀྱི་འཇུག་པའི་དོན། །རྟོགས་ནས་མཐའ་ཀླས་ལས་ཚིག་གི །
རྣམ་འགྱུར་ཕྲ་མོ་རེ་རེ་ཡི། །འཇུག་ཚུལ་ཇི་བཞིན་སྨྲ་ནུས་ཤོག །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་མཁས་མཆོག་སི་ཏུའི་དགོངས་པ་རབ་གསལ་ཞེས་པ་ལས་སྔོན་འཇུག་རྟགས་ཀྱི་འཇུག་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།
རྗེས་འཇུག་རྟགས་ཀྱི་འཇུག་པ་ལ། །རྟགས་ཀྱི་དབྱེ་བ་འཇུག་ཚུལ་ལས། །
དང་པོ་རྟགས་ཀྱི་དབྱེ་བ་ལ། །དབྱེ་སྒོ་དང་ནི་དབྱེ་བ་གཉིས། །
རྗེས་འཇུག་ཡི་གེ་མིང་གཞི་དང༌། །རྗེས་འཇུག་ནང་འཕྲད་རྣམ་གཉིས་ཀྱིས། །
རྟགས་ཀྱི་དབྱེ་བ་འབྱེད་དགོས་པས། །དབྱེ་བའི་སྒོ་ཡང་དེ་ཉིད་ཟད། །
རྗེས་འཇུག་རྟགས་ཀྱི་དབྱེ་བ་ལ། །སྤྱི་དང་བྱེ་བྲག་རྣམ་གཉིས་ལས། །
དང་པོ་སྤྱི་ལ་གསུམ་དུ་དབྱེ། །ཕོ་དང་མོ་དང་མ་ནིང་ངོ༌། །
གང་གི་དབྱེ་སྒོ་དེ་ཉིད་ཀྱིས། །ག་ད་བ་ས་ཕོ་རུ་བཞག །
ང་མ་འ་གསུམ་མོར་བཞེད་ལ། །ན་ར་ལ་གསུམ་མ་ནིང་ངོ༌། །
བྱེ་བྲག་རྟགས་ཀྱི་དབྱེ་བ་བརྒྱད། །ཕོ་ལ་སྐྱེས་བུ་རབ་འབྲིང་ཐ། །
མ་ནིང་འགྱུར་བ་མཚན་གཉིས་དང༌། །མཚན་མེད་མོ་ལ་མོ་མོ་ཙམ། །
ག་ས་ནང་འཕྲད་སྐྱེས་བུ་རབ། །བ་ས་ནང་འཕྲད་སྐྱེས་བུ་འབྲིང༌། །
ག་བ་ཡང་འཇུག་མེད་པ་དང༌། །ད་ས་མཐའ་ཅན་སྐྱེས་བུ་ཐ། །
ང་མ་ཡང་འཇུག་ལྡན་པ་ནི། །མོ་ཙམ་ང་དང་མ་ཡིག་ལ། །
ཡང་འཇུག་མེད་དང་འ་མཐའ་ཅན། །བཅས་ནི་ཤིན་ཏུ་མོར་བཞེད་དོ། །
ན་ར་ལ་གསུམ་འཇུག་ཡུལ་གྱི། །མིང་གཞི་ཕོ་ལ་གཉིས་ཀ་དང༌། །
མོ་ལ་ཡང་འཇུག་མེད་པ་བཅས། །འགྱུར་བ་མ་ནིང་ཡིན་པར་འདོད། །
དེ་བཞིན་མོ་ལ་ཡང་འཇུག་ཅན། །མཚན་གཉིས་མ་ནིང་མིང་གཞི་ནི། །
མ་ནིང་ཡང་འཇུག་ཡོད་མེད་གཉིས། །མཚན་མེད་མ་ནིང་ཞེས་སུ་གྲགས། །
འོན་ཀྱང་མིང་གཞི་མ་ནིང་ལ། །ཡང་འཇུག་ཡོད་པར་གྱུར་ན་ནི། །
འགྱུར་བ་མ་ནིང་ཡིན་ཞེས་པ། །མཁས་པའི་གསུང་དུ་བདག་གིས་འདོད། །
སྐབས་འདིའི་རྟགས་ཀྱི་དབྱེ་བ་ནི། །རྩ་བའི་གཞུང་ལ་མ་གསལ་པས། །
དགོངས་འགྲེལ་བྱེད་པོ་རྣམས་ཀྱིས་ནི། །བཞེད་ཚུལ་མི་འདྲ་སོ་སོར་གནས། །
འོན་ཀྱང་མཁས་པའི་དགོངས་པ་ལ། །རྒྱབ་རྟེན་རིགས་པ་མེད་པ་དཀོན། །
ལུང་རིགས་གཉིས་ཀྱིས་རབ་དཔྱད་དེ། །གྲུབ་དོན་ཐང་ལ་བརྡལ་བ་ཉིད། །
ཡིན་ཡང་སྔ་མ་སྔ་མ་ཡི། །སྐྱོན་དག་ཕྱི་མ་ཕྱི་མས་སྤངས། །
དེས་ན་དགོངས་འགྲེལ་གཞུང་འདི་ལས། །བྱུང་བ་ཡང་དག་གཏམ་དུ་ངེས། །
དེས་ཕྱིར་སྔོན་གྱི་གཞུང་དག་ལས། །སྐབས་འདིའི་རྟགས་ཀྱི་དབྱེ་བ་ནི། །
སྔོན་རྗེས་མིང་གསུམ་བཞག་པ་དང༌། །དེ་བཞིན་འཇོག་ཚུལ་མི་འདྲ་བ། །
དེ་དག་དོར་ན་བདེ་བར་སྣང༌། །གཉིས་པ་རྟགས་ཀྱི་འཇུག་པ་ནི། །
བྱེད་པ་བཞི་དང་ལེགས་པར་སྦྱར། །ས་བཅད་གསུམ་གྱིས་བཤད་པ་ལྟར། །
ཇི་བཞིན་འདི་ནས་དེ་ལྟར་འཆད། །གང་ལ་གང་གི་འཇུག་པ་ནི། །
གང་ལ་མིང་གཞི་ཐམས་ཅད་ལ། །གང་གི་རྗེས་འཇུག་བཅུ་པོ་ནི། །
ཁྱབ་མཉམ་འཇུག་པ་ཉིད་ཡིན་ནོ། །ཇི་ལྟར་འཇུག་པར་རྣམ་པ་གཉིས། །
སྒྲ་དང་དོན་གྱི་འཇུག་ཚུལ་ལོ། །དང་པོ་སྒྲ་ཡི་འཇུག་ཚུལ་ལ། །
སྤྱི་དང་བྱེ་བྲག་གཉིས་སུ་དབྱེ། །དང་པོ་སྐྱེས་བུ་རབ་འབྲིང་གསུམ། །
དྲག་པའི་ཚུུལ་དང་མོ་གཉིས་ནི། །ཞན་དང་མ་ནིང་རིགས་གསུམ་རྣམས། །
བར་མའི་ཚུལ་གྱིས་འཇུག་པ་འོ། །ནང་གསེས་རྣམ་པ་བརྒྱད་དུ་འགྱུར། །
ཕོ་ཡིག་ནང་འཕྲད་ཡང་ན་ནི། །མེད་པས་རྣམ་པ་གསུམ་དུ་འགྱུར། །
དེ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ཡིག་ཕོ་དང་འཕྲད་མིན་གྱིས། །
ནང་གསེས་དབྱེ་བ་གཉིས་སུ་འགྱུར། །དེ་ལ་མོ་དང་ཤིན་ཏུ་མོ། །
དྲག་ཞན་རྣམ་འགྱུར་སོ་སོར་གསལ། །མ་ནིང་ལ་ནི་རིགས་གསུམ་སྟེ། །
དྲག་དང་འཕྲད་པས་དྲག་འགྱུར་དང༌། །ཞན་དང་འཕྲད་པས་ཞན་འགྱུར་ལ། །
འགྱུར་བ་མ་ནིང་ཞེས་སུ་འབོད། །དྲག་ཞན་གཉིས་ཀར་འཕྲད་པ་ན། །
དྲག་ཞན་གཉིས་ཀའི་སྒྲའི་ཆ་ཤས། །ལྡན་པས་དེ་ལ་མཚན་གཉིས་ཞེས། །
གཞུང་འདི་ལ་ནི་ཡོངས་སུ་གྲགས། །དྲག་ཞན་གང་དང་མ་འཕྲད་པར། །
རང་ཉིད་བར་མའི་སྒྲ་གདངས་སུ། །གསལ་བ་གང་དེར་མཚན་མེད་ཅེས། །
མིང་གིས་བརྒྱན་པར་བྱས་པ་འོ། །དོན་གྱི་ཚུལ་ལ་འདི་ལྟ་སྟེ། །
སྔ་མ་གང་ལྟར་གྱུར་པ་དང༌། །ཕྱི་མ་གང་ལྟར་འགྱུར་བ་གཉིས། །
གཞུང་བཞིན་རབ་ཏུ་བཤད་པར་བྱ། །སྔ་མ་འཇུག་པ་དང་བཅས་པའི། །
ལས་ཀྱི་སྒྲ་དོན་གང་ཡིན་པ། །བདག་གཞན་དུས་གསུམ་ལ་སོགས་པར། །
འཇུག་ཚུལ་སྔོན་འཇུག་སྐབས་དང་བསྟུན། །ཚུལ་འདི་སྔོན་འཇུག་དབང་གིས་ནི། །
བདག་གཞན་དུས་གསུམ་རྣམ་པར་གསལ། །འཕུལ་ལ་རྟེན་གྱིས་གཞོགས་འདེགས་ཀྱིས། །
གསལ་བ་རེ་ཟུང་སྣང་ན་ཡང༌། །དེ་ཡང་ཞིབ་ཏུ་བརྟག་པ་ན། །
སྔོན་འཇུག་ནུས་པ་ཁོ་ནས་བསྐྱེད། །འཇུག་པ་མིང་དོན་གསལ་ཕྱིར་དང༌། །
འཕུལ་ཡིག་ལས་ཀྱི་ཁྱད་འབྱེད་ཕྱིར། །ཕྱི་མ་གང་ལྟར་འགྱུར་བར་གཉིས། །
མིང་མཐའ་དང་ནི་རྣམ་དབྱེ་ཕྲད། །འདྲེན་ཚུལ་ཞིབ་ཏུ་བཤད་པ་ལས། །
ཐོག་མར་མིང་མཐའ་འདྲེན་ཚུལ་ལ། །མིང་གང་ལ་གནས་རྗེས་འཇུག་གིས། །
དྲང་བྱའི་མིང་མཐའ་འདྲེན་དགོས་མོད། །གཞུང་འདིར་དངོས་བསྟན་རྟགས་མཚུངས་ཉིད། །
ཤུགས་ནས་སྒྲ་མཐུན་བསྟན་པར་ངེས། །དེ་ཡང་སྔོན་དུས་མིང་མཐའ་ནི། །
ཕལ་ཆེར་རྟགས་མཚུངས་དབང་གིས་དྲངས། །དེ་ཡིས་ཕྱིར་ན་རྟགས་མཚུངས་ཀྱིས། །
འདྲེན་ཚུལ་གཞུང་འདིར་དངོས་སུ་བསྟན། །འོན་ཀྱང་ཡུལ་དུས་འགྱུར་བའི་རླབས། །
ཆེས་ཆེར་གཡོ་བའི་གཞན་དབང་གིས། །སྐད་ཀྱི་ཆ་ཤས་འགྱུར་བ་ཡིས། །
བརྗོད་བདེ་དེང་འདིར་འཇུག་པ་ཆེ། །དེ་ཕྱིར་མིང་མཐའ་འདྲེན་པ་ལ། །
རྟགས་མཚུངས་ཁོ་ནས་མ་ངེས་ཤིང༌། །དེ་བཞིན་བརྗོད་བདེ་ཁོ་ནས་མིན། །
གཉིས་ཀའི་མཐུ་ལས་གྲུབ་པ་འོ། །རྟགས་མཚུངས་ཡིན་པའི་མིང་མཐའ་རྣམས། །
བརྗོད་པ་བདེ་མིན་ཞིབ་ཏུ་བརྟག །བདེ་ན་རྟགས་མཚུངས་སྦྱོར་པ་ལེགས། །
བརྗོད་བདེ་རྟགས་མཚུངས་ཉིད་ལས་གཙོ། །རྣམ་དབྱེ་ཕྲད་དག་འདྲེན་ཚུལ་ལ། །
སྤྱི་དང་ནང་གསེས་གཉིས་ཀྱིས་བཤད། །སྤྱི་ལ་སྔ་མའི་མིང་མཐའ་ཡིས། །
རྣམ་དབྱེ་ཕྲད་རྣམས་འདྲེན་པ་སྟེ། །དེ་ཡང་རྟགས་མཚུངས་བརྗོད་བདེ་ཡིས། །
འདྲེན་པར་བྱེད་པ་ལས་གཞན་མིན། །རྣམ་དབྱེ་དང་ནི་ཚིག་ཕྲད་རྣམས། །
དྲང་བར་བྱ་བ་ཁོ་ན་འོ། །འདྲེན་བྱེད་སྔ་མའི་རྗེས་འཇུག་སྟེ། །
འདྲེན་ཚུལ་སྒྲ་མཐུན་འཇོག་དགོས་ཤིང༌། །དྲངས་པ་ཚིག་གི་རྣམ་ཅན་དུ། །
གསལ་བའི་ཐབས་ཚུལ་རྨད་དུ་བྱུང༌། །ནང་གསེས་འཇུག་ཚུལ་འདི་ལྟ་སྟེ། །
མཐའ་སྦྱོར་འོག་མའི་མིང་དོན་ལས། །རྣམ་དབྱེ་ནང་གསེས་གང་ཡིན་པ། །
དེ་དག་ཞིབ་ཏུ་དབྱེ་བར་བྱེད། །བོད་ཀྱི་རྣམ་དབྱེ་གང་ཡིན་པ། །
མིང་གང་ཕྲད་དང་འདུས་པ་དེས། །གསལ་མིན་ཕྱིར་ན་མཐར་སྦྱོར་བའི། །
མིང་དོན་བཅས་ཀྱིས་རྣམ་དབྱེ་གྲུབ། །དེས་ན་རྣམ་དབྱེ་གང་ཡིན་པ། །
མཐའ་སྦྱོར་འོག་མའི་མིང་དོན་ལས། །རྟོགས་པར་འགྱུར་གྱིས་གཞན་དུ་མིན། །
དེ་ཕྱིར་མིང་དོན་འོག་མ་གཙོ། །རྣམ་དབྱེ་བསྐྱེད་པར་བྱ་བ་ནི། །
རྣམ་དབྱེ་སྦྱར་སའི་མིང་ཡིན་ཞིང༌། །མཐའ་སྦྱོར་འོག་མའི་མིང་དོན་གྱིས། །
དེ་ཉིད་དེ་རུ་སྐྱེད་པར་བྱེད། །རྣམ་དབྱེ་ནང་གསེས་ཕྲད་རྣམས་ནི། །
གོང་མའི་མིང་མཐའ་དེ་ལ་དབང༌། །རྣམ་དབྱེ་འོག་མའི་མིང་དོན་གྱིས། །
འབྱེད་པའི་ཚུལ་འདི་ཤེས་པ་གལ། །དེས་ན་མཐའ་སྦྱོར་འོག་མ་ཡིས། །
མིང་ཉིད་མིང་གི་རྣམ་པ་ལས། །གཞན་གྱི་རྣམ་པར་མ་གསལ་པ། །
རྣམ་དབྱེ་དང་པོར་མཁས་པས་བཞག །དེ་བཞིན་རྣམ་དབྱེ་སྦྱར་ས་གང༌། །
ལས་སུ་སྣང་བ་གཉིས་པ་དང༌། །བྱེད་པ་གསུམ་པ་དགོས་པ་བཞི། །
རྒྱུ་ལ་ལྔ་པ་འབྲེལ་བ་དྲུག །གཞི་ལ་བདུན་པ་འབོད་པར་བརྒྱད། །
བརྒྱད་པ་དོར་བས་ལྷག་མ་རྣམས། །མཐའ་སྦྱོར་འོག་མའི་མིང་དོན་གྱིས། །
གསལ་བར་བྱེད་པ་ཁོ་ན་འོ། །དེ་བཞིན་ཕྲད་ཀྱི་འཇུག་ཚུལ་ལ། །
མཐའ་སྦྱོར་འོག་མའི་མིང་དོན་ལས། །ཚིག་དོན་རྫོགས་དང་མ་རྫོགས་པས། །
སླར་བསྡུའི་ཕྲད་ཀྱི་སྤྱོར་ཚུལ་ཤེས། །ཚིག་དོན་ལྷག་མ་ཡོད་མེད་དང༌། །
རྒྱན་དང་སྡུད་པ་འབྱེད་པ་དང༌། །དགར་བརྣན་དགག་སྒྲུབ་བདག་པོ་སོགས། །
མིང་མཐའ་འོག་མས་སོ་སོར་དབྱེ། །དོན་གང་གསལ་ཕྱིར་ཕྲད་གང་ཞིག །
སྦྱོར་དགོས་བྱུང་ཚེ་མཐའ་སྦྱོར་དོན། །ཞིབ་ཏུ་བསམ་ན་ཕྲད་དེ་ཉིད། །
སྦྱོར་ཚུལ་ཤེས་ཕྱིར་འདི་ལ་གཅེས། །འདི་དོན་སུམ་ཅུ་པ་ཡི་སྐབས། །
ཞིབ་ཏུ་གསུངས་ཀྱང་སྐབས་འདི་རུ། །བསྐྱར་བརྗོད་བྱས་པའི་དགོས་པ་ནི། །
མཐའ་སྦྱོར་འོག་མ་གསལ་བའི་ཕྱིར། །དེ་བཞིན་ཕྲད་ཀྱི་སྒྲ་འཇུག་ཀྱང༌། །
སྒྲ་མཐུན་ཉིད་ཀྱིས་འདྲེན་ཚུལ་ནི། །གསལ་ཕྱིར་རྟགས་ཀྱི་འཇུག་པ་ལས། །
བརྗོད་པ་ཟློས་པར་མི་འགྱུར་རོ། །སྐབས་འདིར་སུམ་ཅུ་པ་ཡི་གཞུང༌། །
བསྡུས་ནས་བརྗོད་ཀྱང་འགལ་བ་མེད། །འཇུག་པ་བཅུ་ཡི་རྣམ་གཞག་ལས། །
མ་འདས་ཕྱིར་ན་སྐྱོན་ཅི་ཞིག །ལེགས་པར་སྦྱར་བའི་བརྡ་སྤྲོད་དུ། །
རྟགས་མཐའ་རྣམ་དབྱེ་སྦྱོར་ཚུལ་དང༌། །བྱེད་པ་ཅན་གྱི་འཇུག་ཡུལ་གཉིས། །
སོ་སོར་ཕྱེ་ནས་བསྟན་པ་བཞིན། །ཐོན་མིས་སུམ་ཅུ་པ་ཡི་སྐབས། །
ཕྲད་དང་རྣམ་དབྱེ་སྦྱོར་ཚུལ་བསྟན། །དེ་ཡི་དོན་གྱི་འཇུག་ཚུལ་ནི། །
སྐབས་འདིར་གསལ་བར་བྱས་པ་ཉིད། །དེ་ལྟར་བསྟན་པའི་དགོས་པ་ནི། །
ཅི་ཕྱིར་འཇུག་གི་གཞུང་དུ་གསལ། །དེས་ན་ཅི་ཕྱིར་འཇུག་གི་དོན། །
ཅུང་ཟད་ཁོ་བོས་གསལ་བར་བྱ། །ཡི་གེ་དུ་མ་འདུས་ན་ཡང༌། །
རྗེས་འཇུག་གང་རུང་མ་ཞུགས་ན། །དོན་གྱི་ངོ་བོ་སྟོན་ནུས་པའི། །
མིང་གི་རྣམ་པར་གྲུབ་པ་མེད། །བོད་ཀྱི་མིང་ལ་ཁྱད་ཆོས་གཉིས། །
ཡི་གེ་དུ་མ་འདུས་པ་དང༌། །རྗེས་འཇུག་གང་རུང་ལྡན་པ་ན། །
དོན་གྱི་ངོ་བོ་སྟོན་པར་ནུས། །དེ་ལྟའི་མིང་གི་རྣམ་པ་རུ། །
ཤར་བར་རྗེས་འཇུག་མེད་པ་ན། །གྲུབ་པའི་ཐབས་ཚུལ་གཞན་མེད་པས། །
དེ་ཡང་རྗེས་འཇུག་ནུས་པར་བཤད། །དེ་ལྟར་མིང་དུ་གྲུབ་པ་རྣམས། །
ཚིག་ཏུ་བསྒྲུབ་པར་བྱ་བ་ལ། །རྣམ་དབྱེ་དང་ནི་ཚིག་ཕྲད་ཀྱིས། །
མཚམས་སྦྱོར་མེད་ན་མི་འགྲུབ་བོ། །སྐབས་འདིའི་རྣམ་དབྱེ་ཚིག་ཕྲད་ནི། །
འཇུག་པའི་ཡི་གེ་ལས་བྱུང་ཞིང༌། །དེ་ཡང་འཇུག་པར་སྦྱོར་དགོས་པས། །
འཇུག་པ་ཉིད་ལས་གཞན་མ་དམིགས། །དེས་ན་མིང་ལས་ཚིག་སྒྲུབ་པ། །
རྗེས་འཇུག་བཅུ་ཡི་ནུས་པས་བསྐྱེད། །རྗེས་འཇུག་སྦྱོར་བ་མཁས་པ་ན། །
ཚིག་གི་སྦྱོར་བ་ཡོངས་སུ་ཤེས། །ཚིག་ལས་བརྗོད་པར་གྲུབ་པ་ལ། །
དེ་བཞིན་མཚམས་སྦྱོར་དབང་གིས་འགྲུབ། །དེས་ན་ངག་དོན་འགྲུབ་པ་ཡང༌། །
རྗེས་འཇུག་ནུས་པ་ཁོ་ནས་བསྐྱེད། །དེ་ལྟར་མིང་ཚིག་བརྗོད་པ་གསུམ། །
རྗེས་འཇུག་ནུས་པས་གསལ་བས་ན། །རྗེས་འཇུག་སྦྱོར་བའི་ཚུལ་ལ་ཡང༌། །
ཞིབ་ཏུ་སྦྱང་བ་གནད་དུ་ཆེ། །འཇུག་པའི་བྱེད་པ་རྣམ་བཞིའི་དོན། །
སེམས་ཀྱི་ཀློང་དུ་གྱུར་པ་ན། །བསྟན་བཅོས་འབྲི་ཀློག་འཆད་རྩོད་ཀྱི། །
གྲལ་ལ་ཚུད་པར་ཐེ་ཚོམ་མེད། །བོད་ཀྱི་བརྡ་སྤྲོད་གཞུང་གི་གཞི། །
འཇུག་པ་བཅུ་ཡི་དོན་ཡིན་ཞིང༌། །འདི་ཡི་རྣམ་གཞག་ཇི་ལྟ་བུར། །
ཤེས་པའི་ཐབས་ཚུལ་རྒྱུན་དུ་འབངས། །གང་ཞིག་རྟོགས་ན་རྒྱལ་བ་ཡིས། །
བསྟན་པའི་ལམ་བཟང་ལག་རྩེ་ལ། །འབེབ་པའི་གཞི་མ་ཡི་གེ་ཡི། །
སྦྱོར་བའི་རྣམ་གཞག་ལས་གཞན་གང༌། །དེ་བཞིན་དེང་གི་རིག་པའི་ཚོགས༌། །
གང་འདོད་ལག་ཏུ་ལེན་པ་ལ། །ཡི་གེ་སྦྱོར་བ་མ་ཡིན་པའི། །
གཞན་ཞིག་རི་བོང་རྭ་ཡི་སྤུན། །རང་སེམས་མེ་ལོང་ངོས་གཡོ་བའི། །
འཆར་སྣང་བྱེ་བའི་ཚོགས་རྣམས་ཀྱང༌། །རི་མོར་བྱེད་པའི་ཐབས་ཚུལ་ཡང༌། །
ཡི་གེ་སྦྱོར་བ་ཉག་གཅིག་ཉིད། །དེ་ཡང་བོད་ཀྱི་ཡི་གེ་ཡི། །
སྦྱོར་བའི་གཞི་མ་རྗེས་འཇུག་གི །འཇུག་པའི་རྣམ་གཞག་ཚུལ་བཞིན་དུ། །
ཤེས་པ་ལས་གཞན་ཐབས་ཚུལ་མེད། །དེ་ལྟར་རྗེས་འཇུག་སྦྱོར་བ་ཡི། །
རྣམ་གཞག་སེམས་ཀྱི་ངོར་བབས་ཏེ། །ཇི་སྙེད་རིག་པའི་འདབ་མ་སྟོང༌། །
གྲོལ་བའི་རྒྱུ་རུ་འགྱུར་བར་སྨོན། །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་མཁས་མཆོག་སི་ཏུའི་དགོངས་པ་རབ་གསལ་ཞེས་པ་ལས་རྗེས་འཇུག་རྟགས་ཀྱི་འཇུག་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།
བཀུག་སྨད་སྒྲེང་སྟོད་རྣམ་བཞི་ནི། །གསལ་བྱེད་རྣམས་ཀྱི་བརྗོད་པའི་ཚུལ། །
ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། །གདངས་ཀྱི་རྣམ་པར་གྲུབ་པ་སྟེ། །
དབྱངས་ཡིག་མེད་པར་གྱུར་པ་ན། །གསལ་བྱེད་རྐྱང་པ་ཁོ་ན་ཡིས། །
ཇི་སྙེད་ཤེས་བྱའི་རྣམ་འགྱུར་རྣམས། །མཚོན་པར་ནུས་པ་མ་ཡིན་ཡང༌། །
གསལ་བྱེད་རྐྱང་པ་འདུས་སྟོབས་ཀྱིས། །རང་ཚུལ་བརྗོད་པའི་རྣམ་གཞག་རྣམས། །
གསལ་བར་ནུས་པ་བརྡ་སྤྲོད་དང༌། །ལག་ལེན་གཉིས་ཀར་མཐུན་པར་གྲུབ། །
དེས་ན་དབྱངས་ཡིག་ཁོ་ན་ཡིས། །དོན་གྱི་རྣམ་གཞག་ལྟ་ཅི་ཞིག །
རང་གི་རྣམ་པ་གསལ་པ་ལ། །རང་འགྲོགས་གསལ་བྱེད་ལྷན་ཅིག་དགོས། །
ཚུལ་དེས་དབྱངས་ཡིག་གསལ་བྱེད་ཀྱི། །སྒྲ་དོན་རྫོགས་པར་ཡན་ལག་གི །
རྣམ་པར་གྲུབ་པའི་ཚུལ་འདི་ཡང༌། །རང་གི་ཁོང་དུ་ཆུད་པ་གཅེས། །
གསལ་བྱེད་ཡི་གེ་རྣམས་ལས་ནི། །འཇུག་པའི་ཡི་གེ་མེད་པ་ན། །
མིང་དང་ཚིག་གི་རྣམ་པ་རུ། །འགྲུབ་པར་ནུས་པ་མ་ཡིན་ནོ། །
མིང་ཚིག་རྣམ་གཉིས་གང་ཡིན་ཡང༌། །འཇུག་པའི་ཡི་གེར་གཅིག་ཏུ་འབྲེལ། །
ཡི་གེ་འདུས་དང་འཇུག་པ་བཅས། །གདངས་ཀྱི་རྣམ་པར་གྲུབ་པ་ན། །
མིང་གྲུབ་མིང་འདུས་མཚམས་སྦྱོར་གྱིས། །ཚིག་ཏུ་གྲུབ་ཅིང་མཚམས་སྦྱོར་ནི། །
འཇུག་པའི་ཡི་གེ་ནུས་པ་ལས། །གྲུབ་ཚུལ་གཞུང་ལ་གསལ་བས་སོ། །
མིང་ཚིག་རྣམ་པར་མ་གྲུབ་ན། །དོན་ཚོན་བརྗོད་པ་སྟོངས་པར་འགྱུར། །
སྒྲ་ཚོགས་ཙམ་གྱིས་འཇིག་རྟེན་འདིའི། །དོན་རྣམས་གསལ་བར་ག་ལ་ནུས། །
དེ་ལྟར་གྱུར་ན་གནའ་དེང་གི །རིག་པའི་གནས་རྣམས་མེད་པར་འགྱུར། །
བཟོ་གསོ་སྒྲ་དང་ཚད་མ་སོགས། །མིང་ཚིག་གཉིས་ལ་བརྟེན་པས་སོ། །
ཐུན་མོང་ཐུན་མིན་ལམ་གྱི་དོན། །འཆད་ཉན་རྩོམ་དང་རྩོད་པ་སོགས། །
མཁས་པའི་བྱ་བའང་མེད་པར་འགྱུར། །དེ་རྣམས་རྗོད་བྱེད་རག་ལས་སོ། །
འདི་ལྟར་ཡི་གེ་སྤྱི་བྱེ་ཡི། །ཁྱད་ཆོས་ཁོང་དུ་ཆུད་པ་ན། །
བརྡ་སྤྲོད་རིག་པའི་བྱིན་རླབས་ཀྱི། །ས་བོན་རྒྱུད་ལ་ཐེབས་པར་ངེས། །
བརྡ་སྤྲོད་ཅེས་པ་འདི་ཉིད་ནི། །སྐད་ཀྱི་གོ་རིམ་ཡོངས་བསྒྲིགས་ཏེ། །
རང་གི་རྟོག་པར་ཤར་པའི་གར། །གཞན་ངོར་འཕོས་པའི་རྒྱུ་ཐག་ཉིད། །
སྔོན་བྱོན་མཁས་པའི་གསང་གསུམ་གྱི། །རི་མོར་བཞུགས་པའི་རྣམ་གཞག་རྣམས། །
ཇི་བཞིན་རང་གི་ཤེས་རྒྱུད་ལ། །འཇགས་པའི་ཐབས་ཚུལ་འདི་ལས་གང༌། །
སེམས་དང་སེམས་ཀྱི་འཆར་སྣང་གི །རྟོག་ཚོགས་བརྗེས་པ་ལས་བྱུང་བའི། །
ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱང༌། །ཚུལ་འདི་ལས་ནི་འཁྲུངས་པར་ངེས། །
བོད་ཀྱི་བརྡ་སྤྲོད་ལུགས་ལ་ནི། །རྣམ་དབྱེ་ཚིག་ཕྲད་བྱ་བྱེད་ལས། །
ལག་པའི་རྩེ་མོར་བབས་པ་ན། །དོན་གྱི་གནད་ཀུན་རྟོགས་པར་ཟད། །
གཞན་གྱི་བརྡ་སྤྲོད་ལུགས་ལ་ནི། །མིང་ལ་འཇུག་པའི་ཁྱད་ཆོས་དང༌། །
བྱ་བར་འཇུག་པའི་ཁྱད་ཆོས་སོགས། །ཞིབ་ཏུ་གསུངས་ཀྱང་ཚུལ་འདི་ལ། །
མིང་དང་རྣམ་དབྱེ་དྲུག་པ་ཡིས། །གསལ་བར་བྱས་པས་འདིར་མི་མཁོ། །
དེ་བཞིན་ལས་ཀྱི་རྣམ་གཞག་ལ། །འབྱེད་ཚུལ་རྣམ་གྲངས་མང་ན་ཡང༌། །
སྒྲ་གཅིག་གིས་ནི་བྱ་བྱེད་ལས། །གསལ་བར་བྱེད་པའི་གཞུང་འདི་ལ། །
རྣམ་གྲངས་དག་ཀྱང་ཐལ་བར་འགྱུར། །བརྗོད་པའི་དབང་གིས་མ་ཡིན་ནོ། །
སྤྱིར་ན་རྣམ་དབྱེ་བདུན་པོ་ནི། །མིང་གི་ཁྱད་ཆོས་འདོན་པའི་ཐབས། །
བྱ་བྱེད་བདག་གཞན་དུས་གསུམ་སོགས། །ལས་ཀྱི་ཁྱད་ཆོས་འདོན་པས་ན། །
དེ་གཉིས་གང་ཡང་མ་ཡིན་པའི། །སྒྲ་དོན་མཚོན་པའི་ངག་མཆིས་ན། །
དེ་ཚེ་ཐོན་མིའི་དགོངས་པ་འཁྲུགས། །མིང་དང་ལས་གཉིས་སྦྱོར་བ་ལ། །
རྣམ་དབྱེ་ཕྲད་དང་ཚིག་ཕྲད་སོགས། །མང་དུ་བཞུགས་པ་མཚམས་སྦྱོར་ཆེད། །
དེ་འདུས་ཚིག་དང་བརྗོད་པར་ཤར། །དེ་གསུམ་གང་ལ་མི་གཏོགས་པའི། །
བརྗོད་པའི་ཆ་ཤས་མཆིས་ན་ནི། །ད་གཟོད་སྔོན་གྱི་བརྡ་སྤྲོད་ཀྱི། །
ནུས་པ་ཉམས་པར་བསྒྲུབ་ཀྱང་འཐུས། །ཤིན་ཏུ་ཕྲ་བའི་གནས་ལུགས་ཉིད། །
ཇི་བཞིན་རྒྱལ་བའི་གསུང་གིས་ཀྱང༌། །བཞེད་པ་མིན་ན་བདག་ཅག་གི །
ངག་གིས་ཆ་ཙམ་ལྟ་ཅི་ཞིག །ཇི་སྙེད་ཤེས་བྱའི་རི་མོའི་ཚོགས། །
ངག་གི་དབྱངས་སུ་འདྲེན་པ་ལ། །དེ་གསུམ་འདུས་པས་མི་བསྐྱེད་པ། །
མཆིས་ན་སྐད་འདི་བམ་པོར་འགྱུར། །བརྗོད་པའི་རྣམ་པར་བསྒྲུབ་པ། །
གྲུབ་ཆ་དག་གི་སྒྲིག་ལུགས་ཀྱི། །གོ་རིམ་མཚམས་སྦྱོར་ཉིད་ཀྱིས་བསྟན། །
དེ་གཞན་ཚངས་པས་རྙེད་པར་དཀའ། །དེས་ན་གོ་ལོ་ཐོས་ལོ་ལ། །
བརྟེན་ནས་གཞུང་དོན་མ་ལོན་པའི། །སྐྱེ་བོ་དག་ལ་ཅི་ཆ་སྟེ། །
ལོག་པར་འཕྱན་པ་རྣམས་ཀྱིས་སོམས། །ཐོག་མར་སྐད་ཀྱི་གནས་ལུགས་ལ། །
བརྟེན་ནས་བརྡ་སྤྲོད་སྲོལ་བཟང་ཕྱེ། །དེ་ནས་བརྡ་སྤྲོད་རིག་པ་ཡི། །
ལུགས་བཞིན་སྐད་ཀྱི་འགོ་རྐང་སྒྲིག །དེ་ལས་འཕྱན་ན་ཉེས་པའི་ཚོགས། །
འབབ་པ་ཉིད་ལས་གཞན་མ་དམིགས། །ལུགས་དང་མ་མཐུན་ཕྱིར་ན་ནི། །
ཚར་གཅོད་ཉིད་ལས་གཞན་གང་ཞིག །ཁ་ཅིག་བསམ་བཞིན་ཉེས་པའི་ཚོགས། །
འདྲེན་ཕྱིར་ཐོན་མིར་ཅོ་འདྲི་བརྩམས། །ཡང་ན་རྒྱབ་རྟེན་གཞན་མེད་པ། །
སྐྱེ་བོ་ངན་པའི་གཤིས་སུ་གྲུབ། །དེས་ན་སྔོན་གྱི་སྲོལ་བཟང་པོར། །
གཅིག་ཏུ་མཐུན་པའི་ལམ་ལུགས་ལ། །འཇུག་པར་བགྱི་ན་ལེགས་ཚོགས་འཕེལ། །
ཡོན་པོར་ཕྱོགས་པ་རྒུད་པའི་སྒོ། །རིགས་པར་དྲངས་པའི་གཏམ་ཡིན་ན། །
རིགས་པས་སོ་སོར་ཕྱེ་དགོས་མོད། །ལུགས་སུ་དྲངས་པའི་སྲོལ་ཡིན་ན། །
ལུགས་ཀྱིས་བཅོས་ལས་གཞན་གང་ཞིག །སྐད་ཀྱི་གཤིས་ཀ་ཐ་དད་ལ། །
ལུགས་ཀྱི་གཞུང་ལུགས་ཐ་དད་རེ། །སོ་སོའི་ལུགས་སུ་སྣང་བ་ཉིད། །
སོ་སོས་བཅོས་ཀྱིས་གཞན་གྱིས་མིན། །མིང་གི་སྒྲ་ཡི་གྲུབ་ཆ་རྣམས། །
རེ་རེ་ངག་ནས་འབྱིན་པ་འམ། །ཡང་ན་མིང་གང་གདངས་གཅིག་གིས། །
འབྱིན་པས་ལུགས་གཉིས་ས་མཚམས་གསལ། །མིང་གི་གྲུབ་ཆའི་གདངས་རྣམས་ནི། །
ལྷན་དུ་འདུས་ནས་གདངས་གཅིག་གི །རྣམ་པར་འཕོས་ནས་མིང་དོན་གསལ། །
རང་རེ་སྐད་ཀྱི་གཤིས་སུ་གྲུབ། །གཟུགས་ལའང་དེ་ལྟར་ཁྱད་པར་ཆེ། །
དངོས་པོའི་གཟུགས་དང་སྒྲ་ཡི་གཟུགས། །རྣམ་གཉིས་འདྲེས་དང་ཐ་དད་ཀྱིས། །
རྣམ་པ་མང་དུ་སྣང་བའི་ཕྱིར། །སྦྱར་བྱ་སྦྱོར་བྱེད་དབྱེར་མེད་དུ། །
གྲུབ་དང་སོ་སོར་སྣང་བ་ཡིས། །ཕྲད་ཀྱི་སྦྱོར་ཚུལ་མི་འདྲ་བས། །
མཚམས་སྦྱོར་ལ་ཡང་ཁྱད་པར་ཆེ། །གོ་ལའི་སྐད་ཀྱི་ལུགས་མཐའ་དག །
སུ་ཡིས་གཅིག་ཏུ་འཆད་པར་ནུས། །དེས་ན་གཅིག་ལ་མི་རུང་བ། །
དེ་ཡིས་གཞན་ལ་གནོད་མི་འགྱུར། །ཟུར་དང་མདུན་དང་རྒྱབ་སོགས་ནས། །
དངོས་པོར་བལྟས་པའི་མཐོང་སྣང་བཞིན། །སྒྲ་མདོར་རྣམ་གཞག་མི་འདྲ་བ། །
སྣང་བ་དེ་ཡང་དེ་ལྟར་གྲུབ། །གཅིག་གི་གཤིས་སུ་བདེ་བ་ན། །
གཅིག་ལ་དཔེ་འགེབ་མི་རུང་སྟེ། །སྐད་ཀྱི་གཤིས་ལུགས་ཐ་དད་ཕྱིར། །
ལྷ་མིའི་ལམ་ལུགས་ཇི་བཞིན་ནོ། །གཅིག་གི་རང་བཞིན་གཅིག་ཤོས་ཀྱི། །
ལུགས་ལ་བཙལ་བའི་རིགས་པ་འདི། །ཞྭ་ཚབ་ལྷམ་གྱོན་གཏམ་རྒྱུད་ལས། །
མ་འདས་དེང་སང་དེ་རིགས་མང༌། །སྒྲ་གཞུང་དགོངས་པའི་གནད་ཀུན་ལ། །
རིགས་པས་ཞིབ་ཏུ་དཔྱད་པ་ན། །དེ་ཡིས་རང་བཞིན་སེམས་ཀྱི་ངོར། །
འཆར་བར་ཐེ་ཚོམ་ཅི་ཞིག་དགོས། །གསེར་ལ་གསེར་གྱི་བརྟག་ཐབས་དང༌། །
ལྕགས་ལ་ལྕགས་ཀྱི་བརྟག་ཐབས་སྣང༌། །དེ་བཞིན་གསེར་གྱི་གཤིས་ལུགས་དང༌། །
ལྕགས་ཀྱི་གཤིས་ལུགས་ཐ་དད་པ། །དེ་ལྟར་གཤིས་ལུགས་དཔྱོད་བྱེད་ཀྱི། །
ཚད་མ་དེ་ཡང་དེ་ལྟར་གྲུབ། །དེ་བཞིན་ཚད་མའི་ངོར་སྣང་བའི། །
ཆོས་ཉིད་དེ་ཡང་དེ་བཞིན་ནོ། །རྟོག་པའི་རྣམ་གྲངས་མཐའ་ཡས་པ། །
རི་མོར་འབེབ་པའི་གཞུང་ལུགས་ཀྱི། །རྣམ་པ་ཇི་བཞིན་ངེས་པ་ན། །
མཁས་པའི་གྲལ་དུ་སྡོད་ལ་དབང༌། །དེའི་ཚུལ་རིགས་པའི་འོད་ཞགས་སྟོང༌། །
སེམས་ཀྱི་ཀློང་དུ་འཁྱིལ་བ་ན། །དཀའ་གནད་མདུད་བརྒྱས་བཅིངས་པ་ཀུན། །
རང་བཞིན་གྲོལ་བ་གཤིས་སུ་གྲུབ། །བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང༌། །
སྔ་ཕྱི་མཁས་པའི་དགོངས་པ་ཀུན། །འབབ་ས་གཅིག་ཏུ་བབས་པ་སྟེ། །
འཆད་རྩོམ་ལས་ལ་ཁྱད་མེད་ཕྱིར། །དཔེར་ན་སི་ཏུའི་ལུགས་བཟུང་ནས། །
འཆད་རྩོམ་བྱས་པ་གང་ཡིན་དང༌། །དེ་བཞིན་པྲ་ཏིའི་ལུགས་བཟུང་ནས། །
འཆད་རྩོམ་བྱས་ལ་ཁྱད་པར་ཅི། །མཁས་པའི་རིགས་པ་རྩེར་བཏོན་ནས། །
གཞུང་གི་འཆད་སྲོལ་མི་འདྲ་བ། །སློབ་མའི་བློ་སྒོ་འབྱེད་པའི་ཕྱིར། །
རྣམ་དཔྱོད་ཉི་འོད་ཕྱོགས་སུ་འབྱམས། །དེ་བཞིན་ཕྱོགས་སུ་ལྷུང་བ་ན། །
མིག་གཅིག་སྒྲིབ་པའི་གདམས་པ་ལས། །དགོས་པ་གང་ཡང་མ་མཆིས་པ། །
སྔོན་བྱོན་དམ་པའི་ལུགས་ལས་ཤེས། །ཐུན་མོང་རིག་པའི་གཞུང་ལུགས་ལ། །
སྔ་མ་སྔ་མ་དག་ལས་ནི། །ཕྱི་མ་ཕྱི་མ་ཇེ་གསལ་དུ། །
སོང་བ་རིགས་པའི་དཔལ་དུ་གྲུབ། །སྒྲ་ཡི་བསྟན་བཅོས་གང་ཡིན་པ། །
ཐུན་མོང་ཐུན་མིན་རིག་པ་ཡི། །རྨང་གཞིར་གྲུབ་པས་དང་པོ་རུ། །
སྦྱངས་ནས་རིག་པ་གཞན་རྣམས་བསླབ། །དེས་ན་སློབ་དཔོན་ཐོན་མི་ཡིས། །
སྒྲ་ཡི་བསྟན་བཅོས་འདི་ཉིད་ཀྱི། །དོན་རྣམས་སྐད་ཀྱི་རང་བཞིན་ལ། །
དང་པོ་ཉིད་ནས་ཡོད་པར་བཞེད། །དེ་ཡང་ཕུང་ཁམས་སྐྱེ་མཆེད་དང༌། །
གྲུབ་མཐར་གཞག་པའི་རྣམ་གཞག་ཀུན། །གྲུབ་མཐས་བཞེད་སྲོལ་མ་བྱུང་ཡང༌། །
དངོས་པོའི་དཔལ་དུ་ཡོངས་སུ་གྲུབ། །གྲུབ་མཐས་དེ་དོན་རེ་རེ་བཞིན། །
ངོས་བཟུང་གསལ་བར་ངོ་སྤྲད་པས། །དེ་དོན་ཇི་བཞིན་ཤེས་པ་དང༌། །
དེ་ཚུལ་དེ་ནས་བྱུང་བར་བཞེད། །དེ་བཞིན་ཡི་གེ་འཇུག་ཚུལ་རྣམས། །
གཞུང་འདི་མ་བྱུང་སྔོན་ནས་ནི། །ངག་ཏུ་གྲུབ་ཀྱང་དེ་ཡི་ཚུལ། །
ངོས་འཛིན་མ་གསལ་ཁོ་ནས་སོ། །དེས་ན་ཐོན་མིའི་རིགས་པ་ཡིས། །
སྐད་ཀྱི་གཤིས་སུ་དཔྱད་པ་ན། །དེ་ཚུལ་ཇི་བཞིན་ངོས་བཟུང་སྟེ། །
གཞུང་འདིའི་རྒྱལ་མཚན་དང་པོར་བསྒྲེངས། །འདི་ཡང་འཕགས་ཡུལ་མཁས་རྣམས་དང༌། །
དེ་ཡིས་མཛད་པའི་གཞུང་ལུགས་ཀྱི། །རྗེས་སུ་འབྲངས་ནས་ཚུལ་འདི་ཡི། །
སྲོལ་བཟང་ཕྱེ་བ་ཇི་བཞིན་དུ། །གངས་ཅན་བློ་གསལ་ཚོགས་རྣམས་ཀྱིས། །
རང་སྐད་གཤིས་ལུགས་ཇི་ལྟ་བུའི། །རྣམ་གཞག་འདི་དོན་རྟོགས་པ་ལ། །
ཐུགས་ཀྱིས་སྨོན་པའང་ཆེས་ཆེར་མཛད། །དེ་བཞིན་རང་རེ་རྣམས་ཀྱིས་ནི། །
ཐོན་མི་དགོངས་དོན་ཇི་བཞིན་དུ། །རྟོགས་ནས་མཐའ་ཀླས་གསུང་རབ་དོན། །
འབྱེད་པའི་དཔལ་དུ་འགྱུར་པར་ཤོག །དེར་མཚུངས་འདིར་སྣང་རིག་པའི་ཚོགས། །
སེམས་ཀྱི་དཔལ་དུ་འཁྱིལ་པ་ལས། །དགོས་འདོད་གྲུབ་པའི་རྒྱལ་མཚན་སྟོང༌། །
བསྒྲེངས་ནས་དོན་ཀུན་འགྲུབ་པར་སྨོན། །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་གཉིས་ཀྱི་བཞེད་སྲོལ་ཐུན་མིན་མཁས་མཆོག་སི་ཏུའི་དགོངས་པ་རབ་གསལ་ཞེས་པ་ལས་ཡི་གེ་འཇུག་པ་སྤྱིའི་དགོས་པ་སོགས་དང་འཐད་མིན་བཞེད་སྲོལ་གྱི་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།
བདག་ཡིད་དྭངས་པའི་མཁའ་ལ་ཤར་བའི་འོད། །ཕྱོགས་སུ་འདྲེན་པའི་སྟ་གོན་སྟོང་ཕྲག་གི །
ཟློས་པའི་སྟངས་སྟབས་རྩེན་པའི་རྣམ་འགྱུར་གྱིས། །བློ་གསར་འདབ་བརྒྱ་གྲོལ་བའི་དཔལ་དུ་ཆས། །
ལེགས་པར་བཤད་པའི་ཆུ་གཏེར་དགའ་བའི་ཚལ། །ལན་བརྒྱར་བསྲུབས་པ་ལས་བྱུང་བརྡ་སྤྲོད་པའི། །
ཉིང་ཁུ་གཅིག་ཏུ་འདུས་པའི་ཚ་ཟེར་ཅན། །ཀུན་གསལ་རྒྱན་དུ་འདེགས་པའི་སྐལ་པ་བཟུང༌། །
འོན་ཀྱང་མ་རྟོགས་ལོག་བཤད་དྲི་མའི་སྤྲིན། །དྭངས་པའི་དབྱིངས་སུ་དྲངས་པའི་ཉེས་པ་ཀུན། །
དཔྱད་གསུམ་འཐོར་རླུང་དྲག་པོའི་རྒྱུན་སྟོང་གིས། །ཕྱོགས་སུ་གཏོར་བའི་སྡོང་གྲོགས་མ་གཡེལ་ཞིག །
འདིར་འབད་དགེ་བའི་ཆུ་ཕྲན་དལ་འབབ་མ། །རྒྱས་སྲས་སྤྱོད་པའི་རྒྱ་མཚོར་རབ་འདྲེས་ཏེ། །
མཁྱེན་གཉིས་གཏེར་གྱིས་སྲིད་པའི་རྒུད་པ་ཀུན། །དྲུངས་ནས་འབྱིན་པའི་དཔལ་དུ་འགྱུར་བར་སྨོན། །
ཞེས་པ་འདི་ནི་དུས་འདིའི་རིག་བྱེད་སྨྲ་བ་ཡོངས་ཀྱི་གྲལ་མཐའ་བ༑ བསོད་ནམས་རྒྱལ་མཚན་ནམ་མིང་གཞན་དབྱངས་ཅན་ངག་དབང་དཔལ་འབྱོར་གྱིས་ཀུན་མཁྱེན་སི་ཏུའི་བརྡ་སྤྲོད་པའི་ཁྲིད་རྒྱུན་ལས་བྱུང་བའི་མན་ངག་ཁག་ཅིག་བཤད་རྒྱུན་དུ་འབྱམས་པ་རྣམས། དུས་ཀྱི་དབང་གིས་ཉམས་ཉེས་སུ་གྱུར་པའི་ཚུལ་ལ་མ་བཟོད་པར་ཕྱི་ལོ་༢༠༠༥ ལོའི་ཟླ་༥ པའི་ཚེས་པ་༨ ཉིན་ཡི་གེར་འགོད་པའི་ལས་ཡོངས་སུ་གྲུབ་པར་བྱས་པ་ལགས་སོ།། །།