གལ་ཏེ་ང་བྱིའུ་ཞིག་ཡིན་ན།(ཨང་དང་པོ།)
ཚེ་རིང་རྣམ་རྒྱལ། སུ་ཇ་སློབ་ཆུང༌།
༄༅།། ལུས་སྟོབས་ཅི་ཡང་དམན་པའི་ཡུལ་གྱར་བ་བདག །གཤོག་སྒྲོ་གཉིས་ལྡན་གྱི་བྱེའུ་ཕྲུག་ཡིན་ན།
ངས་རང་ཉིད་ཀྱི་ཉམ་ཆུང་གཤོག་རྩལ་ལ་བརྟེན་ནས། མུ་མེད་ཨ་སྔོན་གྱི་གཟི་རླབས་འཕྲོ་བའི་ཉི་ཟླ་གཉིས་ལེན་མི་ནུས་ཀྱང་སྤྲང་ཕྲུག་ངས་གཤོག་འཇམ་དེར་བརྟེན་ནས།
རང་སྐྱེས་སའི་ཞིང་ཁམས་སུ་ཕྱིར་ལོག་སྟེ་རང་ཡུལ་གྱི་དཀའ་སྡུག་རྣམས་ཕྱི་གླིང་ཡུལ་དུ་ཁྱབ་ཕྱིར་རང་ཡུལ་དང་ཡུལ་གཞན་གྱི་བར་བརྡ་སྐྱེལ་གྱི་གསང་བྱ་ཞིག་བྱེད་ན་འདོད།
རེད་ཡ། གལ་སྲིད་བདག་དེ་ལྟར་གྱི་གཤོག་ལྡན་བྱ་ཞིག་ཡིན་ན༑ ངས་ཉིན་མཚན་དུས་ཚོད་སྐར་ཆ་རེར་ཡང་རེ་སྒུག་འདུན་པར་བཅངས་པའི་ཡབ་ཡུམ་དང༌།
མཚན་དགུང་གཉིད་དུ་འཁོར་བའི་སྤུན་མཆེད། ད་དུང་ངའི་ཚེ་རོགས་སུ་ཐོབ་པའི་ཆུང་འདྲིས།
མཐའ་ན། བདག་གི་ལྟེ་ཁྲག་འཐོར་བའི་ཞིང་ས་དང་ངའི་མི་རིགས་ལ་ཐོབ་པའི་ངོ་མཚར་གྱི་ཡུལ་ལྗོངས། དེ་ལྟར་ངས་དུས་ཀུན་ཏུ་རྨི་ལམ་སྒྱུ་མའི་ཞིང་ལ་འཁོར་བའི་བདག་ལ་འཐོབ་འདོད་ཡོད་ཚད་གཤོག་ཟུང་གི་བགྲོད་པ་ལ་བརྟེན་ནས་འཚོལ་ཞིབ་བྱེད། མ་ཟད་དགོད་བྲོ་བའི་གོ་ལ་ཟླུམ་པོའི་མཐར་ཡང་མྱོང་སྣང་གསར་པ་ཞིག་གསོག་པར་བསྐྱོད་ཆོག དེ་ལྟར་མྱོང་ཚོར་གྱི་ལྟ་གྲུབ་ལས་ངེད་རང་གི་འཛུགས་སྐྲུན་ལའང་བསམ་བློའི་འཕེལ་རྒྱས་རིམ་འཕེལ་གྱི་རྩ་བ་འཛུགས་ཐུབ།
གཟིགས་དང༌། ལྷག་པར་ང་དང་ཤ་རུས་གདུང་རྒྱུད་གཅིག་པའི་རྒྱ་དམར་གྱི་བཙན་འོག་ཏུ་ལུས་པའི་སྤུན་ཟླ་རྣམས་ལ་གཟིགས་དང༌། གལ་སྲིད་ཁོ་ཚོ་ལའང་ངའི་འདོད་དོན་བཞིན་བྱིའུ་ཞིག་གི་གོ་སྐལ་ཐོབ་ཚེ། ཁོང་ཚོའི་དཀའ་སྡུག་གི་ཁུར་པོ་བཞག་ནས་གང་འདོད་ཀྱི་བདེ་སྐྱིད་འཚོལ་བར་དགའ་སྣང་གི་འཕུར་ཆོག དེ་དུས་ང་ཚོའི་གཞིས་སྡོད་རྣམས་ཀྱང་དྲན་གདུང་གི་སྐྱོ་བ་རིང་མོ་སངས་ངེས། ཨ། དེ་ལྟར་བསམ་བློ་ཅི་བཏང་ཡང་ཡུལ་གྱར་ང་ཚོར་བསྐོས་པའི་ལས་དབང་ནི། གཤོག་འདབ་གཉིས་ལྡན་གྱི་བྱ་ཆུང་ཞིག གལ་སྲིད་ངེད་གདུང་དྲུག་ཐ་དག་བྱ་བྱིའུ་རིགས་ཀྱི་ལུས་ཕུང་ཐོབ་ཡོད་ཚེ། ང་ཚོ་དུས་རྟག་ཏུ་རྒྱ་དམར་པོའི་བཙན་འོག་ཏུ་སྡོད་མི་དགོས་པར། རང་ཟ་རང་འདོད་བདེ་སྐྱིད་ཀྱི་འཚོ་བར་རོལ་རྒྱུ་ལགས། དེ་ལྟར་ན་སྔར་འདས་ཀྱི་ལ་རྒྱའི་ཕྲེང་བས་བཅིངས་པའི་སྲིད་བཙོན་རྣམས་ཀྱང༌། ད་ལྟ་མིག་ལམ་དུ་མཇལ་རྒྱུ་ཡོད་པ་ནི་གདོན་མི་ཟ་ཞིང་ང་ཚོས་ཀྱང་སྤྱོད་ཚུལ་དེ་རིགས་མིག་ལམ་དུ་བཞག་ནས་དགའ་སྤྲོར་རོལ། མ་ཟད་རང་ཡུལ་རྒྱབ་བསྐྱུར་གྱིས་དཀའ་སྡུག་གི་ཁུར་པོ་འཁུར་ནས་ཕྱི་ཡུལ་དུ་ཤེས་ཡོན་གྱི་འདུ་འཛི་བླངས་པའི་དུས་ཚོད་ཀྱང་དེ་ལྟར་མིན་ལ། ཕ་མ་དང་ཁ་བྲལ་ནས་མི་འདོད་པའི་མཆི་མ་མ་ལྷུང་བའི་དམྱལ་ཁམས་བགྲོད་དགོས་པ་དེ་བས་ཀྱང་མིན་ནོ།།
ཨོ་་ངས་བྱིའུ་ཞིག་གི་ལུས་པོར་འགྱུར་འདོད་ཀྱང༌། དེ་ལྟར་གྱི་ལས་ཤིག་ཡོད་དམ་སྙམ། གལ་སྲིད་དེ་ལྟར་མེད་ཚེ་ངའི་སྡུག་གི་ཁུར་པོ་སླར་ཡང་ལྗིད་ཆེར་མ་གཏོགས། ཡང་བའི་སྐལ་བ་ཤིན་ཏུ་ཕྲ། ངའི་དྲིན་ཆེན་ཕ་མ་གཉིས་ཀྱང་ག་དུས་མཇལ། ད་དུང་སེམས་རྒྱུད་འཕྲོག་པའི་ཆུང་འདྲིས་དང༌། ངའི་རེ་འདོད་དུ་འགྱུར་བའི་ཁ་བའི་བསིལ་ལྗོངས། མཐའ་ན། དུས་རྟག་ཏུ་མིག་ལམ་དུ་མངོན་པའི་རྩ་ཐང་གི་ནོར་ལུག་རྣམས་ཀྱང་ག་ལ་མཐོང་ཐུབ།
རེད་ཡ། ངས་དེ་ལྟར་བསམ་བློ་འཁོར་བ་ནི། མི་རིགས་ཀྱི་མདོག་ཁ་དང་ཕ་ས་ཡི་ཐོབ་ཐང་མེད་པར་གཞན་དབང་འོག་ཏུ་ཚུད་པས། ང་བྱ་ཞིག་ཡིན་ན་བསམ། འོན་ཀྱང་ཚེ་དེར་དེ་ལྟར་ཡོང་རྒྱུ་མེད་པ་ནི་མངོན་སུམ་གྱིས་རྟོགས་ཀྱང་ངས་ཚེ་ཕྱི་མར་དེ་ལྟར་གྱི་འབྲས་བུ་ཞིག་སྨིན་པའི་རེ་འདོད་ནི་དུས་རྟག་ཏུ་མཁའ་དབྱིངས་ན་གནས་པའི་མཆོག་གསུམ་ལ་རེ་གཏོད་བྱེད་པ་ལས་ཐབས་ཅི།
ཀྱེ། མཛེས་ཤིང་ལྟ་ན་སྡུག་པའི་བྱིའུ་ཆུང་ལགས། ཁྱེད་ལ་ཐང་དཀར་རྒོད་པོ་ལྟར་གནམ་འཕང་གཅོད་པའི་གཤོག་རྩལ་མེད་ཀྱང༌། ཁྱེད་ནི་ངས་རྟག་ཏུ་ཡིད་སྨོན་བྱེད་པའི་བྱིའུ་ཆུང་ཞིག ཁྱེད་ཀྱི་གཤོག་ཟུང་གི་བྲོ་གར་ལ་རོལ་ནས་མཁའ་ལམ་བཅད་དུས། ངའི་དྲན་བྱེད་དུ་རྒྱང་རིང་ན་བཞུགས་པའི་ཕ་མ་དྲན། སྐབས་འགར་སྔོ་ལྗང་གི་ལྗོན་རྩེ་ནས་སྐད་སྙན་སྒྲོག་དུས། ངའི་སྣང་ངོར་འཆར་བ་ནི་རྩྭ་ཐང་དུ་བླངས་པའི་འབྲོག་གླུ་འབའ་ཞིག དེ་ལྟར་ངས་ཁྱེད་ཀྱི་གཤོག་ཟུང་ཁ་བའི་ལྗོངས་སུ་སྐོར་བ་ཞིག་བྱེད་འདོད། གང་ལྟར་ཁྱེད་ནི་འཇིག་རྟེན་འདིར་རང་དབང་དཔལ་ལ་རོལ་ཞིང་རང་འདོད་ཀྱི་འཚོ་བར་སྙེགས་པའི་མཛེས་ལྡན་བྱིའུ་ཆུང་ཞིག་ལགས།
ཞན་ཆ། ཉམས་ཆུང༌། ཉམ་ཆུང༌། བླངས། ལེན། ཕྱི་མི་དབར། ཡུལ་གཞན་གྱི་བར། གོ་ཟླུམ་མཐའ་རུ། གོ་ལ་ཟླུམ་པོའི་མཐར་ཡང༌། གཤོག་ཚ། གཤོག་རྩལ། ངེད་རང་གི་ཤ་ཁྲག་ལས་གྲུབ་པའི། ང་དང་ཤ་རུས་གདུང་རྒྱུད་གཅིག་པའི། ཕྱི་ལོག། ཕྱིར་ལོག། འདུན་པར་བཅས། འདུན་པར་བཅངས། མཚན་གུང༌། མཚན་དགུང༌། གདུག་གི་ཁུར་པོ། སྡུག་གི་ཁུར་པོ། ནོར་ལུགས། ནོར་ལུག། རྩ། རྩྭ། ནམ་འཕངས། གནམ་འཕང༌།
གལ་ཏེ་ང་བྱིའུ་ཞིག་ཡིན་ན།(ཨང་གཉིས་པ།)
བསྟན་འཛིན་ཆོས་སྐུ། པ་ཀུལ་བོད་ཁྱིམ།
༄༅།། བརྗོད་གཞི་འདི་བདག་གི་རྣ་བར་ཐོས་པ་ཙམ་གྱིས་ཡིད་སྤྲོ་བ་ལྷད་མེད་ཞིག་སྐྱེས་བྱུང༌། རྒྱུ་མཚན་ནི་བདག་གི་སེམས་ཁུང་ན་ཡོད་པའི་བོད་ཡུལ་སྐོར་གྱི་ཚིག་འགའ་ཞིག་བཤད་འདོད་པ་འདི་ལྟོགས་པའི་ཟས་དང༌། སྐོམ་པའི་ཆུ་འདོད་ལྟར་གྱུར་བས་སོ།།
དེའང་གལ་ཏེ་ང་བྱིའུ་ཞིག་ཡིན་ན་ནམ་མཁའི་དབྱིངས་ལ་མཉེན་པའི་གཤོག་སྒྲོ་རྣམས་བརྐྱངས་ཏེ་དགའ་བདེའི་ངང་ས་གཞིའི་སྟེང་ཡོད་པའི་སྐྱེ་བོ་སོ་སོའི་བྱ་བ་ཇི་ལྟར་བྱེད་པ་དང་འཚོ་བ་ཇི་འདྲ་སྐྱེལ་པ་རྣམས་མཐོང་འདོད་པ་དང༌། སྔ་དྲོ་ས་གཞི་ཡོངས་རྫོགས་ཀྱི་ལངས་བརྡའི་ཚབ་བྱས་ནས་སྙན་པོའི་གསུངས་དབྱངས་སྒྲོག་པ་སོགས་སྐྱེ་འགྲོ་ཡོངས་ཡིད་དབང་ཚིམས་པའི་བྱ་བ་ཞིག་བྱེད་པ་འདོད།
གལ་ཏེ་ང་བྱིའུ་ཞིག་ཡིན་ན་རྒྱང་རིང་དཔག་ཚད་ཁྲི་ཕྲག་ན་ཡོད་པའི་ཁ་བའི་ལྗོངས་སུ་འཕུར་ན་འདོད་ལ། འདིར་གནས་པའི་གངས་ཅན་པའི་འཚོ་བའི་ཐད་ཀྱི་དཀའ་ངལ་ཇི་མ་ཇི་བཞིན་ཡོད་པ་རྣམས་ཤེས་པར་འདོད། དམིགས་བསལ་རྒྱ་དམར་དཔུང་ཤུགས་ཆེ་བ་རྣམས་ཀྱིས་བོད་པའི་དགོན་སྡེ་གཏོར་བཅོམ་དང༌། བོད་མི་ཚོར་བརྙས་བཅོས་ཇི་ལྟར་བྱེད་པ་རྣམས་ཤེས་པར་འདོད། ད་དུང་དེའི་མི་ཚད་སྔ་མོ་བོད་ཀྱི་བཙན་པོ་ཚོའི་སྐུ་དུས་ནས་སྐུ་ལས་བསྐྱོན་པའི་བོད་ཀྱི་སྐད་ཡིག་དང༌། ཁྲིམས་སྲོལ། ཡུལ་གོམས་སོགས་ལ་བརྙས་ཐབས་ཀྱི་གཡོ་སྒྱུ་ཁྲམ་གསུམ་བྱེད་པ་རྣམས་ལྟ་འདོད་དང༌། བརྗིད་ཆགས་ཅན་གྱི་པོ་ཏཱ་ལ་སོགས་དགོན་སྡེ་བྱིན་ཅན་རྣམས་ལ་མཆོད་མཇལ་ཞུ་འདོད་སོགས་ནི་ངའི་བློ་ངོར་འཆར་བའི་འདུན་པ་ཉག་གཅིག་ལགས།
དེ་ལྟར། ང་བྱིའུ་ཞིག་ཡིན་ན་ནུབ་ཕྱོགས་རྒྱལ་ཁབ་ཏུ་བོད་ཀྱི་ཡིད་སྐྱོའི་གནས་ཚུལ་རྣམས་མགྲིན་པའི་རྔ་སྒྲ་ལ་བརྟེན་ནས་སྒྲོགས་པར་འདོད། དེ་ལ་སོགས་པའི་གནས་ཚུལ་སྤེལ་མི་རྣམས་ལའང་རིམ་བཞིན་གྱིས་བྱ་བར་འབད་པར་འདོད། དེ་བཞིན་རིམ་པས་འཕུར་ནས་བོད་ཡུལ་ཕྱོགས་ལ་ལས་འགུལ་སྣ་མང་སྤེལ་ཏེ༌། བྱིའུ་གཞན་ཚོར་མཐུན་ལམ་གྲོགས་བསྒྲིགས་བྱས་ཏེ་རོགས་སྐྱོར་དང་རོགས་རམ་བྱེད་པའི་འབོད་སྐུལ་བྱས་ཏེ་རྒྱལ་ཁབ་ཡོངས་རྫོགས་ལ་བོད་དེ་རང་བཙན་གཙང་མ་ཡིན་པ་དང་རྒྱ་དམར་ནས་བོད་དེ་ཕྱི་ལོ་ ༡༩༥༩ ལོར་བཙན་འཛུལ་བྱས་པ་སོགས་བྱིའུ་ཆུང་རྣམས་ཀྱི་མགྲིན་པའི་འགྱུར་ཁུག་ལས་དྲངས་ཏེ་ཕྱོགས་ཀྱི་བུ་མོའི་རྣ་བར་སྒྲོགས་ན་འདོད། མཐར་བྱིའུ་རྣམས་ཀྱི་སྐྱོ་གླུ་འདི་ལྟར་ལེན་ནོ།།
བྱིའུ་ཆུང་གང་སར་བསྐྱོད་པའི་ལམ་བར་དུ། །བརྗིད་ཆགས་ཡིད་འོང་ལྡན་པའི་བོད་ཡུལ་འཕྲད། །
ས་འདིར་ཡོད་པའི་བོད་མིའི་གནས་སྟངས་ལ། །ཧ་ཅང་ཡིད་སེམས་སྐྱོ་བའི་མཆི་མ་ལྷུང༌། །
དཀའ་ངལ་འཕྲད་པའི་ཉམ་ཐག་བོད་མི་རྣམས། །ཡིད་སེམས་སྨུག་ཅིང་གཏན་བདེ་མ་ཐོབ་པར། །
རང་བཙན་ཐོག་ལ་བརྩོན་ནས་རང་སྲོག་དོར། །དུས་དེར་བྱིའུ་ཆུང་ང་ཚོས་སྐྱོ་གླུ་ལེན། །
ཅེས་པའི་གླུ་འདི་ལྟར་ལེན་ནས་ཡུལ་གང་སར་འཕུར་ལྡིང་གིས་རྒྱ་དམར་རྣམས་ཀྱི་སྨྱོ་ཧམ་གྱི་བྱ་སྤྱོད་དག་སྒྲོགས་པར་བརྩོན་ན་འདོད་དོ། །
ཞན་ཆ། གཉན་པའི། མཉེན། གཤོག་བྲོ། གཤོག་སྒྲ།ོ ཇི་འདྲ་སྐྱོད་པ། ཇི་འདྲ་སྐྱེལ་པ། ཡིད་འཚིམ། ཡིད་ཚིམ། གངས་ལྗོངས་སུ་ཕུར་ནས་འདོད། གངས་ལྗོངས་སུ་འཕུར་ན་འདོད། སེམས་ཁོངས། སེམས་ཁུང༌། རྐྱང་ཏེ། བརྐྱངས་ཏེ། སྐྱོན་པའི། བསྐྱོན་པའི། བརྗིད་ཆག། བརྗིད་ཆགས།ང་བྱེའུ་ཞིག་ཡིན། ང་བྱེའུ་ཞིག་ཡིན་ན། བརྟེན། བརྟེན་ནས། རྒྱལ་ཁབ་སུ། རྒྱལ་ཁབ་ཏུ༑ གྲོགས་འགྲིག། གྲོགས་བསྒྲིགས། འདྲངས་ཏེ། དྲངས། དཀའ་ངན། དཀའ་ངལ། ཉམས་ཐག། ཉམ་ཐག། རྨུག་ཅིང༌། སྨུག་ཅིང༌། ཡུལ་གངས་སར། ཡུལ་གང་སར།
གལ་ཏེ་ང་བྱིའུ་ཞིག་ཡིན་ན།(ཨང་གསུམ་པ།)
མི་རྒོད་རྟ་མགྲིན།རྡ་སྟེང་བོད་ཁྱིམ།
༄༅།། གལ་ཏེ་ང་བྱིའུ་ཞིག་ཡིན་ན། ངས་ཡངས་པའི་མཁའ་དབྱིངས་སུ་མཛེས་ཤིང་ལྟ་ན་སྡུག་པའི་རང་དབང་གི་གཤོག་རྩལ་ངོམ་སྟེ་རྒྱ་ཆེ་བའི་སྤང་གཤོང་དང་ནག་ཅིང་སྟུག་པའི་ལྗོན་རྩེ་ནས་སྙན་པའི་གསུང་དབྱངས་ཀྱི་གདངས་དང་བཅས་སྐྱེད་མོས་ཀྱི་ཚལ་དུ་གནས་པའི་སྲོག་ཆགས་རྣམས་ལ་ཞི་བདེའི་ཚོར་བ་ཞིག་ཀྱང་སྦྱིན་པར་འདོད་པ་ལས། ངར་སྐད་གོ་བ་ཙམ་གྱི་སྐྲག་སྣང་སྐྱེ་བ་དང༌། སྡེར་མོའི་མཚོན་ཆ་འདེགས་པའི་སྟག་གཟིག་ཅིག་ཏུ་འགྱུར་འདོད་ག་ལ་ཡོད། དཔྱིད་དུས་ཀྱི་དཔལ་ཡོན་ས་གཞིར་རིམ་བཞིན་བཞད་སྐབས་ངས་ཞི་འཇམ་གྱི་མེ་ཏོག་ལྡུམ་རའི་ནང་དཀར་དམར་འདྲེས་པའི་མེ་ཏོག་གི་རོ་བཅུད་ངོམས་པར་སྤྱད་ནས་སྐྱིད་པའི་འཚོ་བར་ཡང་ལོངས་སུ་སྤྱོད་འདོད་ལ༑ ང་འདྲ་བའི་གཤོག་སྒྲོ་ཅན་རྣམས་དང་འགྲོགས་ཏེ་ཡངས་པའི་ས་གཞིའི་སྟེང་དུ་འཁྱམས་མྱུལ་དང༌། མཛེས་སྡུག་ལྡན་པའི་མཐོ་གངས་རི་སྲིད་པའི་རྩེ་མོར་ཡང་གཤོག་སྒྲོ་ངོམ་ནས་སྐྱོད་ན་འདོད། དེ་ལྟར་རིམ་བགྲོད་ཀྱིས་རང་ཡུལ་མཐོ་སྒང་དུ་གནས་པའི་སྐྱེ་འགྲོ་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དེར་ཀླ་ཀློའི་དམག་གིས་བཙན་གནོན་བྱས་རྗེས་ཀྱི་འཕོ་འགྱུར་ལ་ཡང་ལྟད་མོ་བལྟ་བར་ཕྱིན་ནས་གངས་རིའི་གཞོན་ནུ་རྣམས་ལ་རང་རྒྱལ་གྱི་ལ་རྒྱ་དང༌། རང་མི་རིགས་ལ་དགའ་ཞེན། དམིགས་བསལ་རང་ཉིད་ཀྱི་ཕ་མེས་ཀྱི་དུས་ནས་དར་བའི་ཆོས་དང་རིག་གཞུང་ལ་བདག་གཅེས་དང་རང་ཉིད་ཀྱི་མི་རིགས་ཀྱི་ངོ་བོ་མི་ཉམས་པར་གསོན་པོར་འཛམ་གླིང་འདིའི་ནང་གནས་ཐུབ་རྒྱུར་འབོད་བསྐུལ་དང་སྐུལ་མ་བཅས་ཀྱི་སེམས་ཤུགས་འཕར་མ་ཞིག་ཀྱང་བསྐྱེད་དགོས་པའི་སྐུལ་མ་བྱེད་པར་འགྲོ་འདོད་དེ་བས་ཆེ། ཡང་དབྱར་དུས་སུ་གནམ་སྔོན་མཐོངས་སུ་ཟུག་པའི་ཁ་མདོག་མཛེས་པའི་འཇའ་ཚོན་ལེན་དུ་བསྐྱོད་འདོད།
ཨེ་མ། དེ་ལས་ཀྱང་ཉམས་དགའ་བ་ནི་མདུན་ཕྱོགས་ན་ལྷུག་པོར་རྒྱུག་བཞིན་པའི་ཡར་ཀླུང་གཙང་པོའི་ཉེ་འགྲམ་དུ་གནས་བཅའ་སྟེ་སྐད་ཀྱི་འགྱུར་ཁུག་རྦབ་ཆུ་དང་འདྲེས་ནས་འཇིགས་པ་མེད་པའི་དཔའ་བོའི་ངར་སྒྲ་ཞིག་ཀྱང་སྒྲོག་འདོད། འོན་ཀྱང་དབྱར་གསུམ་གྱི་དུས་ཟླའི་ནང་ངས་དཀའ་བ་དང་དུ་བླངས་ནས་བཟོས་པའི་བྱ་ཚང་དང་ཞི་འཇམ་ལྡན་པའི་ཁོར་ཡུག་བཅས་ལ་དྲག་ཆར་དང་སེར་བ་རླུང་འཚུབ་སོགས་ཀྱི་གནོད་མི་ཐུབ་པར་དགའ་བདེའི་འཚོ་བར་ལོངས་སུ་སྤྱོད་རྒྱུ་ཡོང་བར་ཤོག ཡང་དགུན་གསུམ་ཁ་བའི་གོས་དཀར་བཀླུབས་པའི་ས་གཞིའི་ཐོག་འཚོ་སྡོད་བྱེད་མི་ཐུབ་ཀྱང་ཁ་བས་གཡོགས་པའི་ལྗོན་ཤིང་དང་ས་གཞི་ལ་ལྟད་མོ་བལྟ་རྒྱུ་དེ་བས་དགའ།
ཀྱེ་མ། འདི་ནི་མིག་ཕྱེ་ནས་བསམ་བཞིན་པའི་སྟོང་བསམ་སྙན་མོ་ཞིག་ཡིན་མོད་ཀྱང་དེ་ལ་མི་དགའ་བ་བྱ་དོན་མེད། སླར་ཡང་ངས་མཐོང་མ་མྱོང་བའི་མཐའ་ཡས་ཀྱི་རྒྱ་མཚོ་ཆེན་པོ་དང༌། ཐོག་བརྩེགས་ཅན་གྱི་ཁང་གསར། ཐོས་མ་མྱོང་བའི་མི་སེམས་འགུལ་བའི་གླུ་དབྱངས་དང་འགྲོ་མ་མྱོང་བའི་རྒྱ་ཆེ་བའི་ཁྲོམ་ར་བཅས་ལ་འཕུར་ལྡིང་གིས་ལྟད་མོ་བལྟ་བར་སྐྱོད་འདོད།
ངའི་མཚར་སྡུག་ལྡན་པའི་གཤོག་སྒྲོ་དང་ཡིད་དབང་འཕྲོག་པའི་སྙན་འཇེབས་ཀྱི་གླུ་དབྱངས་དང༌། འཇའ་ཚོན་དང་ཁྱད་གཉིས་སུ་མ་མཆིས་པའི་སྤུ་རིས་བཅས་ལ་མི་དགའ་མཁན་སུ་ཡོད། ངས་ལྟ་ན་སྡུག་པའི་སྤང་ལྗོངས་སྟེང་དུ་སྐྱེས་པའི་མེ་ཏོག་ལ་ལྟ་བཞིན་སྙན་པའི་སྐད་སྒྲས་མི་སེམས་འཕྲོག་པར་བྱེད་དོ།།
ངས་རང་འདོད་ཀྱི་བསམ་བློ་དེ་བཞག་ནས་སྤྱི་དོན་ལ་བསམ་ན་ངས་གཤོག་སྒྲོ་ལ་བརྟེན་ནས་དབུལ་ཕོངས་སུ་གྱུར་བའི་བོད་མི་རྒན་རབས་རྣམས་ལ་ཚལ་རིགས་ཀྱི་ས་བོན་སོགས་འཁྱེར་ནས་རང་རིགས་རྣམས་ལ་ཕན་པའི་བྱ་བ་འབག་ཞིག་ཀྱང་འགྲུབ་ཐུབ་རྒྱུར་བརྩོན་ངེས་ཡིན་ལ། ངས་དམར་པོའི་དམག་མི་ལ་འཁོན་ལན་སློག་ཐབས་ལ་དེ་བས་བརྩོན་པར་བྱེད། དེ་ལྟར་སླད་འཛམ་གླིང་ནང་ཞི་བདེ་དར་ཞིང་རྒྱས་ལ་དུས་ཇི་སྲིད་བར་མི་ནུབ་པར་བརྟན་པོ་ཡོང་བར་འབད་འབུངས་དང༌། ངའི་སྲ་ཞིང་བརྟན་པའི་སྙིང་སྟོབས་དང༌། སེམས་ཤུགས། རེ་བ་བཅས་མངོན་སུམ་དུ་འགྱུར་བའི་རེ་བ་ནི་རྒྱ་མཚོ་ལས་ཟབ་ལ་རི་བོ་ལས་མཐོ་བའི་སྨོན་སེམས་དེ་རེ་ཞིག་སྒྲོགས་ལ་སྤྲོའོ།།
ཞན་ཆ། ནག་ཅིང་མཐུག། ནག་ཅིང་སྟུག་པའ།ི འཁོར་ཡུག། ཁོར་ཡུག།ཤོག་སྒྲོ། གཤོག་སྒྲོ། འདྲོགས་ཏེ། འགྲོགས་ཏེ རང་དབང་གི་གཤོག་རྩལ། རང་དབང་གི་གཤོག་རྩལ་ངོམ་སྟེ། ངོམས་སྤྱད་ནས། ངོམས་པར་སྤྱད་ནས། བལྟད་མོ། ལྟད་མོ། སེམས་ཤུགས་འཕར་མ་བརྒྱབ། སེམས་ཤུགས་འཕར་མ་བསྐྱེད། གནམ་སྔོན་མཐོང་སུ་གཟུག། གནམ་སྔོན་མཐོངས་སུ་ཟུག། ཡོང་བ་ཤོག ཡོང་བར་ཤོག།
གལ་ཏེ་ང་བྱིའུ་ཞིག་ཡིན་ན། (ཨང་གསུམ་པ།)
འཇིགས་མེད་ནོར་བུ། མ་སུ་རི་བོད་ཁྱིམ།
༄༅།། གལ་ཏེ་ང་བྱིའུ་ཞིག་ཡིན་ན། འཕུར་ལྡིང་གི་གཤོག་རྩལ་དེ་ངོམ་ནས། ཕྱོགས་མཐར་ལྟད་མོ་ལྟ་བཞིན། ང་ཅག་གི་ཕ་ཡུལ་ལ་འགྲོ་ངེས།
གལ་ཏེ་ང་གནམ་འཕང་གཅོད་པའི་བྱིའུ་ཞིག་ཡིན་ན། ངས་རང་ཉིད་ཀྱི་གཤོག་སྒྲོའི་གཤོག་འགྱུར་བཟང་པོ་དེ་ངོམ་ནས་ཁ་ཕྱོགས་བོད་ཡུལ་ལ་གཏད་ནས་བསྙེགས་ཤིང་དགའ་སྐྱིད་ངང་བསྐྱོད་ནས་རང་རིགས་ཀྱི་སྤུན་ཟླ་དང༌། ཕ་ཡུལ་གྱི་ཡུལ་ལྗོངས་ལ་མིག་བལྟ་ཞིག་བྱེད་འདོད། མ་ཟད་རང་རིགས་ཀྱི་གུས་ཞིང་འོས་པའི་སྐྱབས་མགོན་ྋགོང་ས་ཆེན་པོའི་བཞུགས་གནས་ཕོ་བྲང་པོ་ཏཱ་ལའི་ཡང་སྟེང་དུ་ལྡིང་བསྐོར་བྱས་ནས་མཇལ་ཁ་ཞུ་བར་འདོད།
མཉེན་པའི་གཤོག་ཟུང་ལྡན་པའི་བྱིའུ་ཆུང་ངས་རང་ཉིད་ཀྱི་མགྲིན་སྒྲ་ལས་བབས་པའི་སྙན་དབྱངས་ཀྱི་རོལ་མོ་ཁོར་ཡུག་གི་ཞིང་ཁམས་ལ་བསྒྲགས་ནས་མི་ཚོགས་རྣམས་ལ་ཡིད་དབང་འཕྲོག་པའི་བདེ་སྐྱིད་ཀྱི་སེམས་ཤིག་བསྐྲུན་ན་འདོད། ངས་ད་དུང་གནམ་འཕང་བཅད་ནས་བསིལ་བུའི་རླུང་ཁམས་དང་འགྲོགས་ཏེ་མཁའ་ལམ་ཆེན་མོ་དེ་བརྒྱུད་ནས་ངའི་ཕ་ཡུལ་གྱི་མཁའ་དབྱིངས་ཀྱི་དྲག་ཆར་དང་ངའི་མིག་ཟུང་ནས་ལྷུང་བའི་གདུང་བའི་ཆུ་ཐིགས་ཀྱི་རྡོག་པོ་ལྷན་དུ་སྦྲེལ་ནས་སྐྱོ་གདུང་གི་གླུ་སྒྲ་སྙན་པོ་ཞིག་བཏང་ན་འདོད།
ཀྱེ་མ། དགྲ་ནག་གི་འོག་ཏུ་ཚུད་པའི་ངའི་བོད་ལྗོངས། ངས་བར་སྣང་གི་མཁའ་མཐའ་ནས་ཁྱེད་ཕྱོགས་སུ་ཡུན་རིང་བལྟས་ནས་ང་ལ་ཡིད་སྐྱོའི་ཚོར་བ་དྲག་པོ་ཞིག་གིས་མནན་དུས། འདི་ནི་བདེན་མཐའ་ལ་དཔང་པོ་མེད་པ་ཞིག་ངའི་མིག་མདུན་དུ་མངོན་གསལ་གྱིས་མངོན་དུས། ངས་ལམ་སེང་རང་དབང་གིས་བསྐྱོད་ཆོག་པའི་ཟུང་ལྡན་གྱི་གཤོག་སྒྲོ་ངོམ་ནས་ངས་འཛམ་གླིང་གི་ཡུལ་གྲུ་ཡོངས་ལ་བདེན་པའི་གླུ་དབྱངས་ལེན་བཞིན་རོགས་སྐྱོར་གྱི་དཔང་པོ་ཞིག་འཚོལ་འདོད་སྐྱེས། འཕུར་རྩལ་ལྡན་པའི་བྱིའུ་ཆུང་ངས་གཤོག་འགྱུར་ངོམ་ནས་རང་ཉིད་ཀྱི་དྲན་བཞིན་པའི་ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ལ་སོགས་པ་གནས་པའི་ཕྱོགས་དེར་འཕུར་ནས་ཁོང་རྣམས་མཇལ་བར་འདོད། ཕ་མའམ་སྤུན་མཆེད་གྲོགས་པོའམ་གྲོགས་མོ་ལགས། ཁྱེད་རྣམས་དང་བྲལ་བའི་བྱིའུ་ཆུང་ང་རང་སྐྱོ་གདུང་གི་མིག་ཆུ་དང་དྲན་གདུང་གི་རྨ་ཁའི་གདུང་བ་ཅི་ཡོད་དགའ་འཛོམས་ཀྱི་དུས་ཡལ་བར་ངེས། ང་རང་སྐྱོ་གདུང་ཀྱི་ཁུར་པོས་སེམས་ཚོར་སྐྱེས་པ་ནི་འཇིག་རྟེན་གྱི་གྲུ་ཁ་འདིར་བྱོན་པའི་མི་རབས་ཀྱི་ཆོས་ཉིད་ཡིན་པས་བྱ་ཐབས་ག་ལ་ཡོད། ང་བྱིའུ་ཞིག་ཡིན་རུང་སྐྱོ་གདུང་དང་གདུང་སེམས་གཉིས་ཀྱིས་ལོ་རྒྱུས་ནས་དཀའ་སྤྱད་ཀྱི་ངལ་འབྲས་ཞིག་ཐོབ་པ་ང་རང་ཡིད་ཆེས་ཡོད། ང་རང་ལ་དཀའ་ངལ་ཅི་འདྲ་ཞིག་ཕྲད་རུང་ཡོད་ཚད་ལ་གདོང་ལེན་བྱས་ནས་རང་རིགས་ཀྱི་ཕ་ཡུལ་དང༌། སྤུན་ཟླ་རྣམས་ཀྱི་དོན་དུ་དཀའ་སྤྱད་ཀྱིས་གནམ་འཕང་གཅོད་འདོད། ངས་གདུང་སེམས་མཉམ་བསྐྱེད་ངང་ནས་ཕ་ཡུལ་གྱི་སྤུན་ཟླ་ལྷན་དུ་རང་དབང་གི་འབོད་ཚིག་སྲིད་མཐའི་བར་སྒྲོགས་ན་འདོད། ངས་ཕོ་བྲང་པོ་ཏཱ་ལའི་མདུན་ཕྱོགས་སུ་འགྲེངས་པའི་རྒྱ་ནག་གི་དར་དམར་སྐར་མ་ལྔ་ཅན་དེའི་ཚབ་ལ་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་དར་ངོ་མ་དེ་རང་ཉིད་ཀྱི་མཆུ་རྩེ་ལ་འཁྱེར་ནས་པོ་ཏཱ་ལའི་མདུན་ཐང་དུ་ཁ་ཕྱོགས་ནས་མཁའི་ཆར་བ་བཞིན་བཀྲམ་ནས་མདུན་ཐང་དུ་འཕྱར་ན་འདོད།
གངས་ལྗོངས་ཡ། གངས་ལྗོངས། ངོ་མ་ང་ཁྱེད་ལ་དུང་ཞིང་མཛའ། ང་ངོ་མ་ཁྱེད་རང་གི་དོན་དུ་རང་སྲོག་གཅོད་པའི་དཔའ་བོ་ཞིག་བྱེད་པར་འདོད། ངས་གཤོག་འགྱུར་གྱི་རྩལ་ལ་བརྟེན་ནས་རྒྱ་དམར་གྱི་ལྐོག་ངན་གསང་བ་འཛམ་གླིང་ཡུལ་གྲུ་ཡོངས་ལ་གཟིགས་མོར་འབུལ་ན་འདོད།
གངས་ལྗོངས་ལགས། དེ་རིང་གི་ངའི་འཆར་སྣང་ལ་ཡོད་ཚད་ཀྱི་ལྷག་བསམ་དང་ཡོད་ཚད་ཀྱི་བསམ་པ་དྲང་བདེན་དང་བློ་སྟོབས་ཞིག་ཡིན་རུང་ཡོད་ཚད་འཆར་སྣང་དང་སྒྱུ་མའི་འཕྲུལ་སྣང་ལ་རོལ་དོན་ཅི། གངས་ལྗོངས་ལགས།
ཞན་ཆ། རྩལ་དེ་ངོམས། རྩལ་དེ་ངོམ། ཤོག་སྒྲོའི་ཤོག་འགྱུར། གཤོག་སྒྲོའི་གཤོག་འགྱུར། ལྡེང་བསྐོར། ལྡིང་བསྐོར། མཁམ་ལམ་ཆེན་མོ། མཁའ་ལམ་ཆེན་མོ། དེ་བསྐྱུད་ནས། དེ་རྒྱུད་ནས། བསྐྱོད་མཆོག། བསྐྱོད་ཆོག།ནམ་མཁའ་ལམ། མཁའ་ལམ། བར་གནམ་གྱི་མཐའ་ནས། བར་སྣང་གི་མཐའ་ནས། གནན་དུས། མནན་དུས། གདུང་བ་ཇི་ཡོད། གདུང་བ་ཅི་ཡོད། རྒྱ་རྒྱལ་གྱི། རྒྱ་ནག་གི། རང་སྲོག་བཅད། རང་སྲོག་གཅོད།