རང་གི་རིག་གཞུང་བདམས་དགོས་པ་གནས་སྟངས་གང་འདྲ་ཞིག་གི་འོག་ལ་ཡིན་ཡང་རྩོད་མེད་རེད།
(དཔལ་ལྡན་ཆོས་ཤེས་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ལ་བཅར་འདྲི་ཞུས་པ།)
དྲི་བ། ཐོག་མར་དཔལ་ལྡན་ཆོས་ཤེས་བཀའ་བློན་མཆོག་ལ་མཚམས་འདྲི་ཞུ་བ་དང་ཆབས་ཅིག སྐུ་ངོ་མཆོག་གི་ལོ་རྒྱུས་མདོར་བཤུས་ཤིག་གསུང་གནང་ཡོང་བ་ཞུ་རྒྱུ་ཡིན།
ལན། ང་རང་སྐྱེ་ས་བོད་ལ་སྐྱེས་པ་རེད། ༡༩༥༩ ལོར་བོད་རྒྱ་འོག་ཤོར་དུས་པ་ལགས་ཀྱིས་རྒྱབ་ལ་འཁུར་ནས་བཙན་བྱོལ་ལ་སླེབས། ༡༩༦༡ ལོར་ྋགོང་ས་མཆོག་གི་ཐུགས་རྗེས་ཌལ་ཧོར་གཏན་སློབ་ཏུ་སློབ་སྦྱོང་གི་གོ་སྐབས་ཐོབ། ༡༩༧༢ ལོར་ཝ་ཎ་བོད་ཀྱི་གཙུག་ལག་སློབ་ཁང་དུ་འཛུལ་ནས་༡༩༨༡ ཟླ་༥ པར་སློབ་གྲྭ་ཐོན། ལོ་དེ་གའི་ནང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཡིག་ཚང་ནང་དང༌། དགེ་རྒན་གྱི་ལས་ཁུར་ཞུས་པ་ཡིན།
༡༩༨༥ ལོར་ཡང་བསྐྱར་ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འོག་དགེ་རྒན་འོས་སྦྱོང་བྱས་རྗེས། ཤེས་རིག་གི་བཀའ་འབྲེལ་ལྟར་དྷ་ས་བོད་ཁྱིམ་སློབ་གྲྭར་བཅར་ནས་འཛིན་གྲྭ་༡༠ དང་༡༢ ཀྱི་བོད་ཡིག་དགེ་རྒན་བྱས་པ་ཡིན།
༡༩༩༣ ལོར་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱིར་བཏང་གནང་སོང༌། ༡༩༩༦ ལོར་སྤྱི་འཐུས་སྐབས་༡༢ པའི་ནང་ཐད་བསྐོ་དང༌། སྤྱི་འཐུས་རྣམ་པས་ཚོགས་གཞོན་དུ་འདེམས་པ་གནང་བྱུང༌། སྤྱི་འཐུས་སྐབས་༡༣ པར་མང་ཚོགས་ནས་འོས་བསྡུས་འདེམས་ཐོན་དང༌། གྲོས་ཚོགས་འཐུས་མི་རྣམ་པས་ཚོགས་གཙོར་འདེམས་པ་གནང་བྱུང༌། སྐབས་༡༣ པའི་གྲོས་ཚོགས་ཚོགས་དུས་གཉིས་པར་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་སུ་བཀའ་བློན་གྱི་མི་འགྲོའི་ཁོངས་བཏང་གནང་བར། གྲོས་ཚོགས་ནས་སྤྱི་མོས་བརྒྱུད་ྋགོང་ས་མཆོག་གིས་བསྐོ་གཞག་སྩལ་བྱུང༌། ལས་ཁུར་དང་གསང་རྒྱའི་དམ་འབུལ་རྗེས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་འཆར་བཀོད་སྙན་སེང་ཞུས་སྩལ་བཞིན། ད་ལྟ་ཆོས་ཤེས་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་ཡོད་པ་བཅས་ལོ་རྒྱུས་སྙིང་བསྡུས་འདི་འདྲ་ཞིག་ཡིན།
དྲི་བ། སྐུ་ངོ་མཆོག་དེ་སྔོན་སློབ་གྲྭའི་དགེ་རྒན་གནང་བ་དང༌། དེ་ནས་གྲོས་ཚོགས་ཀྱི་ཚོགས་གཞོན་དང་ཚོགས་གཙོ་གནང་བ། ད་ལྟ་བཀའ་བློན་གནང་བ་བཅས་སོ་སོའི་སྐབས་སུ་བཙན་བྱོལ་བོད་མིའི་ཤེས་ཡོན་གནས་སྟངས་སྐོར་ལ་གཟིགས་ཚུལ་མི་འདྲ་བ་གང་དང་གང་བྱུང་ངམ།
ལན། བཙན་བྱོལ་བོད་མིའི་ཁྲོད་དུ་འབྲི་ཀློག་ཤེས་ཙམ་གྱི་གནས་སྟངས་སྔོན་མ་ལས་ཆེས་གནས་སྟངས་བཟང་བ་ཡོད། དེ་བཞིན་སྤྱིར་འཛམ་གླིང་འདིའི་ཐོག་བརྒྱུད་ལམ་ཁག་སྣེ་མང་ཞིག་ཡོད་པས། སྔར་མཐོང་ཐོས་མེད་པའི་གནས་ཚུལ་མང་པོ་དེང་སང་ཤེས་རྟོགས་ཐུབ་པ་བྱུང་ཡོད། དེ་ཙམ་ཞིག་ཤེས་ཡོན་གྱི་མཚན་ཉིད་ལ་བཞག་ན། དེང་སང་ཁག་ཅིག་གིས་ཤེས་ཡོན་གནས་ཚད་ཞན་དུ་སོང་མེད་ཟེར་གྱི་ཡོད་པ་བདེན་པ་ཡིན་པའི་བཟོ་འདྲ་ཡོད།
ཡིན་ན་ཡང༌། བོད་པའི་སློབ་གྲྭ་བཙུགས་པ་གནང་ནས་ལོ་བཞི་བཅུ་ལྷག་འགྲོ་གི་ཡོད་ཀྱང༌། ད་དུང་ང་ཚོར་དངོས་གནས་ཀྱི་ཚད་དང་ལྡན་པའི་དགེ་རྒན་ལག་མ་ཐོགས་པ་དང༌། ལྡེང་ངེས་ཤིག་ད་དུང་ཡིན་ཡང་རག་གི་མེད། ལྷག་པར་དུ་འཛིན་གྲྭ་བཅུ་གཉིས་ཐོན་པ་ཞིག་གིས་འཛིན་གྲྭ་ལྔ་པ་ཙམ་ལ་སློབ་ཚན་གང་ཡང་བསླབས་ཐུབ་ངེས་ཤིག་དགོས་ཀྱང༌། རང་རྐྱ་འཕེར་མི་འཕེར་གྱི་གནས་སྟངས་དང༌། ཛ་དྲག་པ་ཞིག་ལ་རང་གི་ཡི་གེ་དང༌། སྐད་ལའང་མགོ་མི་ཐོན་པའི་གནས་སྟངས་ང་ཚོའི་མདུན་དུ་ཡོད་བསྡད་པའི་སྐབས་ལ་མིའི་རྒྱུད་ལ་རྣམ་འབྱེད་ཀྱི་ཤེས་རབ་གོང་མཐོར་གཏོང་བའི་ཤེས་ཡོན་གནས་སྟངས་ཐད་གང་འདྲ་ཡིན་པ་ཟུར་བལྟས་ལེབ་མཐོང་ལྟ་བུ་རེད། བྱས་ཙང་ངས་ཛ་དྲག་པོ་ཞིག་མཐོང་གི་ཡོད།
དྲི་བ། སྐུ་ངོ་མཆོག་གི་དགོངས་ཚུལ་ལྟར་བྱས་ན། ད་ལྟའི་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ཐད་ལ་དཀའ་ངལ་ཆེ་ཤོས་དེ་གང་དང་གང་རེད་དགོངས་ཀྱི་འདུག་གམ།
ལན། ད་ལྟའི་ཆར་སྤྱི་ཚོགས་ཀྱི་དོ་སྣང་ཞན་པ། ཕ་མའི་ངོས་ནས་དོ་སྣང་ཞན་པ། ཕྲུ་གུར་སློབ་གསོས་མ་ལྡེང་བ་དང་སློབ་གསོ་ལོག་པ། དཔལ་འབྱོར་བཟང་ཐལ། ཤེས་ཡོན་དང་དཔལ་འབྱོར་གཉིས་ལས་དཔལ་འབྱོར་ལ་བརྩི་མཐོང་ཆེ་བ། དམིགས་ཡུལ་ངེས་ཅན་མེད་པ་བཅས་ཀྱི་དཀའ་ངལ་དང༌། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཤེས་ཡོན་ལ་དོ་སྣང་ཞན་པ་དང༌། དེས་གནས་ཚད་ཞན་དུ་འགྲོ་བ་བཅས་འབྱུང་གི་ཡོད།
དྲི་བ། དཀའ་ངལ་དེ་དག་སེལ་བར་ང་ཚོས་ཕྱོགས་གང་དང་གང་ལ་དམིགས་བསལ་དོ་སྣང་གིས་ནུས་ཤུགས་འདོན་དགོས་སམ།
ལན། གོང་དུ་ཞུས་པའི་ཞན་ཆ་དེ་དག་ལ་འགྱུར་བ་འགྲོ་ཐུབ་པ་ཞིག་དགོས་པ་མ་གཏོགས། དཀའ་ངལ་འདི་སེལ་ཐུབ་རྒྱུ་ཁག་ཙམ་མཐོང་གི་ཡོད།
དྲི་བ། སྐུ་ངོ་མཆོག་གི་གཟིགས་ཚུལ་ལྟར་བྱས་ན། སློབ་གྲྭ་ཁག་གི་དགེ་རྒན་གྱི་ཤེས་ཚད་དེ། སློབ་རིམ་སོ་སོའི་དགོས་མཁོ་དངོས་དང་མཐུན་པ་ཞིག་འདུག་དགོངས་ཀྱི་འདུག་གམ།
ལན། འདི་ལ་སྣ་ཚོགས་ཤིག་རེད། དགོས་མཁོ་དངོས་དང་མཐུན་མ་མཐུན་གཉིས་ཀ་ཡོང་གི་ཡོད་རེད། ཡིན་ནའང་གལ་ཆེ་ཤོས་མིའི་སྤུས་ཀ་རེད། སྤུས་ཀ་ལ་སྐྱོན་ཆ་ཡོང་སྡོད་ཀྱི་འདུག དེ་ཉེན་ཁ་ཆེན་པོ་རེད།
དྲི་བ། ཉེ་སྔོན་ནས་བཀའ་ཤག་གིས་གཞུང་ཞབས་ལས་བྱེད་རྣམས་ཀྱི་ཁོངས་ནས་སྒྲིག་འགལ་དང༌། ལས་དོན་མ་སྒྲུབ་མཁན་རྣམས་ཚར་གཅོད་དང༌། སྒྲིག་མཐུན་དང་བྱས་པ་ཅན་རྣམས་རྗེས་འཛིན་གྱི་བྱ་ཐབས་ཤིག་དོ་ནན་པོས་ཕྱག་བསྟར་གནང་བཞིན་ཡོད་པ་དེས་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད་པ་རེད། འབྱུང་འགྱུར་སློབ་གྲྭའི་དགེ་རྒན་ལས་བྱེད་ཚོར་ཡང་དེ་བཞིན་གནང་རྒྱུའི་དགོས་གལ་གཟིགས་ཀྱི་འདུག་གམ།
ལན། ངེས་པར་དུ་མཐོང་གི་ཡོད། ཡིན་ནའང་ཕྱོགས་འགའ་ཞིག་ལ་ཤེས་རིག་ལས་ཁུངས་ཀྱི་དབང་ཚད་ཀྱིས་མ་ཁྱབ་པ་དེ་འདྲ་ཡོང་བསྡད་ཀྱི་རེད། དེ་ལ་འབོད་སྐུལ་ཞུ་བསྡད་པ་མ་གཏོགས་ཐབས་ཤེས་མེད་པ་ཡང་ཡོང་གི་ཡོད། དེང་དུས་མིའི་སྤུས་ཀ་དེ་ཆེས་གལ་ཆེན་པོ་ཆགས་ཀྱི་འདུག དེ་འདྲའི་ཆ་ནས་ངས་གོང་དུ་ཞུས་པའི་སྤུས་ཀ་ཞན་པའི་རིགས་ཁ་ཤས་ཀྱི་ཐོག་ནས་ཚོད་རྩིས་དང༌། འཁུར་མི་ལེན་པ་ཡོང་གི་འདུག འདི་ལ་སློབ་གསོ་འདྲ་བྱས་ན་མ་གཏོགས་ཐབས་ཤེས་མི་འདུག །
དྲི་བ། ད་ལྟའི་དུས་སྐབས་སུ། ང་ཚོའི་མདུན་ལ་རང་གི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་དང༌། དེང་དུས་ཕྱི་རྒྱལ་གྱི་རིག་གཞུང་བཅས་རིག་གཞུང་གཉིས་གདོང་ཐུག་ཡོང་གི་ཡོད་པ་རེད། དེར་བརྟེན་ང་ཚོས་རིག་གཞུང་གི་གདོང་ཐུག་གི་ཁྲོད་ནས་བདམས་བསྲེས་གང་འདྲ་ཞིག་བྱས་ན་ལེགས་པ་ཡོད་དམ།
ལན། རང་གི་རིག་གཞུང་བདམས་དགོས་པ་གནས་སྟངས་གང་འདྲ་ཞིག་གི་འོག་ལ་ཡིན་ཡང་རྩོད་མེད་རེད། ཕྱིའི་རིག་གཞུང་ནས་དཔེ་ལེན་འོས་པ་ཡོད་ན་ངེས་པར་དུ་ལེན་དགོས་ཀྱི་རེད་མ་གཏོགས་རྩ་བ་བོར་ནས་ཡལ་གར་འཇུས་པ་ཡིན་ན། མ་འགྲིགས་པ་རེད། མེས་པོ་དམ་པ་གཾའ་དྷཱིས། སྒོ་དང་སྒེའུ་ཁུང་ཕྱེ་སྟེ་ཕྱིའི་རླུང་ཡོང་འཇུག་དགོས། ཡིན་ཡང་ཕྱིའི་རླུང་གིས་ཁང་པའི་ཐོག་འཁུར་འཇུག་རྒྱུ་མེད། ཅེས་གསུངས་པ་དེ་ཚོ་ལ་བྲོ་བ་ཆེན་པོ་ཞེ་དྲག་ཡོད།
ང་རང་ཚོའི་སྤྱི་ཚོགས་ནང་དེང་སང་ཕྱིའི་རིག་གཞུང་སྐད་ཡིག་ལ་དོ་སྣང་སྤྲོད་དྲགས་ཏེ། རང་གི་རིག་གཞུང་དང་སྐད་ཡིག་མི་ཤེས་པ་དེ་འདྲ་མང་པོ་ཡོང་སྡོད་ཀྱི་ཡོད་རེད། དེ་ཚོ་རང་བོད་པ་ཡིན་པའི་ངོ་བོ་དེ་བརླག་འགྲོ་གི་ཡོད་རེད། ཐབས་སྐྱོ་པོ་རེད།
དྲི་བ། སྐུ་ངོ་མཆོག་གིས་དུས་དེབ་འདི་བརྒྱུད་བོད་རྒྱ་ཆེའི་མི་མང་དང༌། ལྷག་པར་དགེ་ལས་སློབ་ཕྲུག་ཚོར་དམིགས་བསལ་འབོད་སྐུལ་གནང་དགོས་པ་གང་ཡོད་དམ།
ལན། འབོད་སྐུལ་མང་པོ་ཞུས་སྡོད་ཀྱི་ཡོད་རེད། གྲུབ་འབྲས་ཞེ་དྲག་ཐོན་གྱི་མི་འདུག མི་ཚང་མ་ནུབ་ཕྱོགས་པ་དང༌། དེང་རབས་ཀྱི་ཀླད་པ་ལ་དགའ་ཞེན་ཤུགས་ཆེ་རུ་སོང་ནས་ང་ཚོའི་གྲངས་ཀྱི་འབོད་སྐུལ་དེ་དུས་ཚོད་ཡོལ་བསྡད་པའི་ས་བཅད་དུ་བརྩི་གི་འདུག ཡིན་ན་ཡང་ཨུ་ཚུགས་རྒྱག་གི་ཡོད། གང་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྔ་རྗེས་སུ་ཤེས་ཡོན་དང༌། བོད་ཀྱི་རིག་གཞུང༌། མི་རིགས་བཅས་པའི་ཐོག་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་མི་ཉུང་བ་ཞིག་གནང་ཡོད་རེད། དེ་ཚོ་ལ་ང་ཚོས་སློབ་སྦྱོང་བྱས། ཉམས་སུ་བླངས་བྱས་ན། དེ་གས་མ་འཐུས་པ་རྩ་བ་ནས་མེད། དེའི་འོག་ལ་ཟུར་དུ་འབོད་སྐུལ་དགོས་རྒྱུ་མར་ལ་ཞག་གི་ལྷན་པ་རེད། ཡིན་ཡང་སྐབས་བབས་ཀྱི་འབྲེལ་བ་ཆགས་པ་དང༌། རྩོམ་སྒྲིག་པས་དྲི་བ་གནང་བར་སོང་ཙང༌། གོང་དུ་ལན་ཞུས་པའི་དོན་དག་དེ་སོ་སོས་དུས་རྒྱུན་མཐོང་བ་དང༌། བློ་འཚབ་ཡོང་བསྡད་པ་དེ་ཚོ་གཞི་ལ་བཞག་སྟེ་ལན་ཞུས་པ་ཤ་སྟག་ཡིན་པས། དེ་ལ་དོ་སྣང་དང༌། དྲི་བ་བྱས་ནས་སོ་སོར་ཞུ་དག་དང་འགྱུར་བ་དགོས་རིགས་ལ་འགྱུར་བ་ཐེབས་པ་ཞིག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།། །།