ཨ་ལག་ཤ་ངག་དབང་བསྟན་དར།
རྩོམ་པའི་རྣམ་གཞག་ལ་གསུམ་སྟེ། རྩོམ་པ་པོའི་ཡོན་ཏན་དང༌། བརྩམ་བྱ་བསྟན་བཅོས་ཀྱི་དབྱེ་བ་དང༌། བསྟན་བཅོས་ཇི་ལྟར་རྩོམ་པའི་ཚུལ་ལོ།།
དང་པོ་ལ། བསྟན་བཅོས་རྩོམ་པ་པོ་ཡོན་ཏན་གང་དང་ལྡན་དགོས་ཤེ་ན། དེ་ཡང་སྒྲ་ཤེས་ན་དོན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་གི་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་གྲགས་པ་ལྟར། སྒྲ་དང་སྡེབ་སྦྱོར་གཉིས་རྒྱ་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་ཉེ་བར་མཁོ་ཞིང༌། སྙན་ངག་དང་མངོན་བརྗོད་གཉིས་བོད་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་མེད་དུ་མི་རུང་བ་མིན་ཡང་བྱུང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ལ། རྒྱ་བོད་ཧོར་སོགས་གང་དུ་གང་གི་སྐད་དུ་བསྟན་བཅོས་གང་རྩོམ་པ་ལ་དེ་དང་དེའི་སྐད་རིགས་དང་ཡིག་རིགས་མཐར་ཕྱིན་པར་ཤེས་པ་མེད་དུ་མི་རུང་བ་དང༌། ཁྱད་པར་བོད་སྐད་ལ་བརྡ་གསར་རྙིང་དང་རྟགས་ཀྱི་འཇུག་པའི་རྣམ་གཞག་དང་སྨྱུག་ཐོགས་པའི་ལས་ལའང་ཅུང་ཟད་བློ་ཁ་ཕྱོགས་པའི་ཡོན་ཏན་དང་ལྡན་པ་གཞིར་བཅས་ཀྱི་སྟེང་དུ་གང་བརྩམ་རྒྱུའི་ཆོས་ཀྱི་ཚིག་དོན་ལ་མཁས་པ་དང༌། ལྷའི་གནང་བ་ཐོབ་པ་དང༌། བླ་མ་བརྒྱུད་པའི་མན་ངག་དང་ལྡན་པ་གང་རུང་ངམ། ཡང་ན། རིན་ཆེན་གསུམ་གྱི་གཏམ་གྱི་སྦྱོར་བ་1ལས།
རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང༌། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། །
ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །
ཞེས་པ་ལྟར་གྱི་ཡོན་ཏན་གསུམ་པོ་གང་རུང་གིས་རུང་ཙམ་ཡིན་ཡང་ཀུན་སློང་མ་དག་ན་གཞན་ཕན་ཆུང་བས་བསམ་པ་བཟང་བ་གལ་ཆེ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། བསྟན་བཅོས་རྩོམ་པའི་རྒྱུའི་ཀུན་སློང་དྲུག་དང༌། རྩོམ་པ་པོ་ཡོན་ཏན་བཞི་ལྡན་དགོས་པར་བཤད་པ་བཞིན་དུ། ཆོས་ཀྱི་དོན་ཀུན་ཏུ་རྒྱས་པར་འགྱུར་རོ་སྙམ་པ་དང༌། སེམས་ཅན་རྣམས་ཁམས་དང་མོས་པ་སྣ་ཚོགས་པའི་ཕྱིར་ཁ་ཅིག་གི་དོན་དུ་འགྱུར་རོ་སྙམ་པ་དང༌། དོན་རྣམ་པར་དབྱེ་བར་བྱ་བའི་ཕྱིར་རོ་སྙམ་པ་དང༌། དོན་འཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ་པ་དང༌། དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙམ་པ་དང༌། ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱའོ་སྙམ་པའམ། བདག་དང་འདྲ་བའམ་བདག་པས་ཡོན་ཏན་ཆུང་བ་དག་གིས་ཀྱང་བསྟན་བཅོས་བརྩམ་རུང་ན་བདག་གིས་ཅིའི་ཕྱིར་རྩོམ་མི་ནུས་སྙམ་པ་ལྟ་བུ་ང་རྒྱལ་མེད་པ་དང༌། སེམས་ཅན་རྣམས་ཀྱིས་དོན་གང་ལ་རྨོངས་པ་དེ་བསལ་བར་འདོད་པའི་སྙིང་རྗེ་དང༌། སེམས་ཅན་རྣམས་ཀྱིས་དོན་བདེ་བླག་ཏུ་ཤེས་པར་འདོད་པའི་བྱམས་པ་དང༌། བདག་ལ་གཞན་དག་གིས་མཁས་པ་ཡིན་པར་ཡིད་ཆེས་ན་ཅི་མ་རུང་སྙམ་དུ་བདག་ཉིད་མི་སྒྲོག་པ་སྟེ་བཞི་པོ་དེ་དག་གལ་ཆེ་བའི་ཕྱིར། མདོར་ན་ང་རྒྱལ་མེད་པ་དང༌། གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་དང༌། གཞན་ལ་ཕན་འདོད་ཀྱི་བྱམས་པ་དང༌། རང་གཞན་གྱི་དགེ་རྩ་བསྐྱེད་པར་བྱ་བའི་ཕྱིར་དུ་བསྟན་བཅོས་བརྩམ་མོ། །
གཉིས་པ་བརྩམ་བྱའི་བསྟན་བཅོས་ཀྱི་དབྱེ་བ་ལ། བྱེད་ལས་ཀྱི་སྒོ་ནས། རྒྱ་ཆེན་སྡུད་པ་མདོ་སྡེ་རྒྱན་2དང༌། ཟབ་མོ་འབྱེད་པ་མངོན་རྟོགས་རྒྱན་3དང༌། འཁྲུགས་པ་བསྡེབས་པ་བསླབ་བཏུས་4ལྟ་བུ་གསུམ་དང༌། བརྗོད་བྱའི་སྒོ་ནས་བདེན་པ་གཉིས་5སྟོན་པ་གཉིས་དང༌། བཤད་བྱའི་སྒོ་ནས་བཀའ་སྤྱིའི་དགོངས་འགྲེལ་དང༌། སོ་སོའི་དགོངས་འགྲེལ་གཉིས། དང་པོ་ལ་ཐུན་མོང་མ་ཡིན་པ་དང༌། ཐུན་མོང་བ་གཉིས། འདི་ལ་ཡང་ལོག་རྟོག་ཚར་གཅོད་པ་དང༌། གཞན་རྗེས་སུ་འཛིན་པ་གཉིས། དང་པོ་ལ། རྗོད་བྱེད་གཏན་ལ་དབབ་པ་དང༌། བརྗོད་བྱ་གཏན་ལ་དབབ་པ་གཉིས། དང་པོ་ནི། གཙོ་བོ་སྒྲའི་བསྟན་བཅོས་ཏེ། རང་བཞིན་རྐྱེན་རྣམ་འགྱུར་གསུམ་6བརྗོད་བྱར་བྱས་ནས་སྟོན་པའི་གཞུང་ཀ་ལཱ་པ་དང་ཙནྡྲ་པ་7སོགས་དང༌། དེའི་ཡན་ལག་ལྕི་ཡང་དང་པྲསྟྲཱ་འགོད་ཚུལ་སྟོན་པ་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་8དང༌། མིང་གི་རྣམ་གྲངས་དང་རྟགས་གསུམ་གྱི་དབྱེ་བ་དང༌། སྒྲ་གཅིག་དོན་མང་པོ་ལ་འཇུག་ཚུལ་སྟོན་པ་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་9དང༌། སློབ་དཔོན་ཤར་པ་དང་ལྷོ་པའི་ལམ་གྱི་འདོད་ཚུལ་མི་འདྲ་བ་ཚིག་དོན་གཉིས་ཀའི་རྒྱན་དང་དོན་གྱི་རྒྱན་སོ་ལྔ་དང་བྱ་དཀའ་བ་དང་གབ་ཚིག་སོགས་ཚིག་གི་རྒྱན་ཏེ་རྒྱན་གསུམ་གཏན་ལ་དབབ་ནས་སྟོན་པ་སྙན་ངག་གི་བསྟན་བཅོས་མེ་ལོང་10དང༌། དེ་དག་སྐད་རིགས་དང་སྦྱར་ནས་སྟོན་པ་ཟློས་གར་གྱི་བསྟན་བཅོས་ཀླུ་ཀུན་ཏུ་དགའ་བ་དང་འཇིག་རྟེན་ཀུན་ཏུ་དགའ་བ་11སོགས་སོ། །བརྗོད་བྱ་གཏན་ལ་དབབ་པ་ལ་ནི་གཏན་ཚིགས་རིགས་པའི་བསྟན་བཅོས་ཚད་མ་མདོ་12སོགས་སོ། །གཞན་རྗེས་སུ་འཛིན་པའི་བསྟན་བཅོས་ལ་བཟོ་དང་གསོ་བ་རིག་པའི་བསྟན་བཅོས་གཉིས། དང་པོ་ལ། གསེར་འགྱུར་དང་སྤོས་སྦྱོར་སོགས་སྟོན་པ་ལྟ་བུ་ཕལ་བ་དང༌། སྐུ་གསུང་ཐུགས་རྟེན་གྱི་ཆ་ཚད་སྟོན་པ་ལྟ་བུ་ཁྱད་པར་ཅན་གཉིས་སོ། གསོ་བ་རིག་པའི་བསྟན་བཅོས་ནི། ནད་ཀྱི་ངོ་བོ་དང་ནད་གཞི་དང་ནད་ཀྱི་གཉེན་པོ་སྨན་དང་དེས་གསོ་བའི་སྤྱོད་ལམ་བཞིའམ། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །ཞེས་པ་ལྟར་གྱི་སྨན་གཞུང་ཡན་ལག་བརྒྱད་པ་13ལྟ་བུའོ། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དག་ཀྱང་འདོར་བར་བྱ་བ་མ་ཡིན་ཏེ། ཤེས་རབ་བརྒྱ་པ་14ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་པ་ལྟར་ཉམས་སུ་ལེན་ཤེས་ན་ཐར་པ་འཐོབ་པའི་ཐབས་སུ་འགྲོ་བའི་ཕྱིར། རྒྱལ་བའི་བཀའ་ཚད་མར་གྱུར་པ་ལ་རང་གི་དགོངས་འགྲེལ་བསྟན་བཅོས་ཚད་མ་ལ་རག་ལས་པའི་ཕྱིར་རྩ་བ་སྔ་མ་སྔ་མའི་ཚིག་དོན་བརླིང་ཞིང་རྟོགས་དཀའ་བ་རྣམས་ལ་འགྲེལ་པ་མཛད་པ་པོ་ཕྱི་མ་ཕྱི་མས་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་རེག་ཟིག་15སོགས་རང་བཟོའི་བསླད་མ་ཞུགས་པར་རང་རང་གི་བློ་ངོར་ཁུངས་དང་འབྲེལ་བའི་དཔང་པོ་དང་གཏུགས་ནས་མཛད་པ་ཤ་སྟག་ཡིན་ནོ། །
གསུམ་པ་བསྟན་བཅོས་ཇི་ལྟར་རྩོམ་པའི་ཚུལ་ལ་གསུམ། བསྟན་བཅོས་རྩོམ་པའི་སྔོན་འགྲོ་དང༌། རྩོམ་ཚུལ་དངོས་དང༌། བརྩམས་པའི་ཕན་ཡོན་ནོ། དང་པོ་ནི། སྙན་ངག་མེ་ལོང་ལས། ཤིས་བརྗོད་ཕྱག་བྱ་ངོ་བོ་(དངོས་པོ་)ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་བསྟན་བཅོས་རྩོམ་པའི་ཐོག་མར་ཤིས་བརྗོད་ཀྱི་ཚིག་གིས་སྔུན་བསུས་ཏེ་ཕྱག་བྱ་བ་དང༌། ངོ་བོ་ངེས་པར་བསྟན་པ་སྟེ་ལུས་མདོར་བསྟན་སོགས་ཀྱིས་གཞུང་རྩོམ་པར་བཤད་ལ། ཚུལ་འདི་ནི་ཕྱི་ནང་གཉིས་ཀས་ཐུན་མོང་དུ་འདོད་དོ། །དེའི་སྟེང་དུ་ཐ་མར་དགེ་བ་བསྔོ་བ་ནི། ནང་པ་སངས་རྒྱས་པའི་ཁྱད་ཆོས་ཡིན་ཏེ། ཁྱད་པར་འཕགས་བསྟོད་16ལས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་གསུངས་པ་ལྟར་རོ། །དེ་ལ་ཤིས་བརྗོད་ཀྱི་དགོས་པ་ནི་རང་ལ་དངོས་གྲུབ་འབྱུང་བའི་ཆེད་དང༌། ཕྱག་བྱ་བའི་དགོས་པ་ནི་བར་ཆད་མི་འབྱུང་བའི་ཆེད་དུའོ། །ཕྱག་བྱ་བའི་ཡུལ་ནི་གཉིས་ཏེ། ཆོས་ལ་ཡིད་ཆེས་པ་ལ་བརྟེན་ནས་རྩ་བ་ཆོས་གསུང་བ་པོ་སྟོན་པ་དང༌། དོན་ལ་ཡིད་ཆེས་པ་ལ་བརྟེན་ནས་ཆོས་ཀྱི་དོན་སྟོན་པའི་སློབ་དཔོན་དག་ལ་ཕྱག་བྱ་བར་གཏན་ལ་དབབ་པ་བསྡུས་པ་ལས་བཤད་པ་ལྟར་དང་པོར་ཐུབ་པ་སངས་རྒྱས་དང་དེའི་འོག་ཏུ་དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་ཕྱག་འབུལ་དགོས་སོ། །མཆོད་བརྗོད་མ་བྱས་པ་ཡང་ཡོད་དེ། དབུ་མའི་རྣམ་བཤད་དགོངས་པ་རབ་གསལ་17དུ། བཤེས་སྤྲིངས་18ལ་མཆོད་བརྗོད་མེད་ཅིང་བཤད་པར་དམ་བཅའ་བ་ཡོད་པར་གསུངས་པ་ལྟ་བུ་དང༌། གཞན་དེ་འདྲ་ཡང་མང་ངོ༌། །དེ་བཞིན་དུ་ཕྱག་བྱ་བའི་གོ་རིམ་བཤད་མ་ཐག་པ་ཡང་ངེས་ཅན་མ་ཡིན་ཏེ། ཐོག་མར་རང་གི་ལྷག་པའི་ལྷ་ལ་ཕྱག་མཛད་པ་རྗེ་རིན་པོ་ཆེའི་གསུང་ལས་མང་དུ་བྱུང་བ་བཞིན་དང༌། དེར་མ་ཟད་ཐམས་ཅད་ཀྱི་དང་པོར་གང་ལས་ཆོས་ཀྱི་བཀའ་དྲིན་ནོད་པའི་བླ་མ་ལ་ཕྱག་བྱེད་པར་ཡང་རིགས་ཏེ། ལུང་གཞི་19ལས། རྒན་པ་དང་ནི་གཞོན་ཡང་རུང༌། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་ཐོག་མར་ཕྱག་བྱས་ཏེ། །ཟླ་བ་ཚེས་ལ་བྲམ་ཟེ་བཞིན། །ཞེས་བྱུང་བ་ལྟར་འཐད་པའི་ཕྱིར། འོ་ན་རབ་བྱུང་གི་སྐབས་ཀྱི་ལུང་གཞི་དང་ཀརྨ་ཤ་ཏམ་ལས། དང་པོ་སྟོན་པ་ལ་ཕྱག་འཚལ་དུ་གཞུག དེའི་འོག་ཏུ་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ཅེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདི་ནི་དམིགས་བསལ་ཡིན་པར་མཚོ་སྣ་བ་ཆེན་པོས་༢༠གསུངས་པའི་ཕྱིར། གཞན་ཡང་ཤེས་རབ་སྡོང་བུ་21ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། རྩོམ་པར་དམ་བཅའ་བའི་དགོས་པ་ཡོད་དེ། རྩོམ་པ་མཐར་ཕྱིན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཁེངས་བསྐྱུུང་བའི་སྒོ་ནས་རྩོམ་པར་དམ་བཅའ་བ་ལ་ཡང་དགོས་པ་ཡོད་དེ། རྩོམ་པ་པོ་རྨད་དུ་བྱུང་བར་གོ་བའི་ཆེད་དུའོ། །སྣོད་རུང་མཉན་པར་བསྐུལ་བའི་སྲོལ་ཀྱང་ཡོད་ལ་དེའི་དགོངས་པ་ནི་རྩོམ་པ་པོས་རྩེ་བས་འདོམས་པ་དང༌། བསྟན་བཅོས་ཀྱི་དགོས་དོན་མཐོང་བའི་ཆེད་དུའོ། །
གཉིས་པ་བརྩམ་ཚུལ་དངོས་ལ་གཉིས། རྩོམ་པ་ལེགས་པའི་ཡོན་ཏན་དང༌། རྩོམ་པ་ཉེས་པའི་སྐྱོན་ནོ། །དང་པོ་ནི། རྩོམ་པ་པོ་གང་གིས་གང་བརྩམ་རྒྱུའི་གཞུང་གི་སྤྱི་ཁོག་ཏུ་བཟུང་སྟེ། གཞུང་གཞན་གྱི་ལུང་གིས་ཟུར་ནས་བརྒྱན་ཅིང༌། དེ་དག་ཕན་ཚུན་གུང་བསྒྲིགས་ནས་ལུང་རིགས་ཀྱིས་བརྡར་ཤ་ལེགས་པར་བཅད་དེ་འགལ་འདུ་ནོར་འཁྲུགས་ཀྱི་དྲི་མས་མ་གོས་པར་བྱ་བ་གལ་ཆེ་ཞིང༌། དེ་ཡང་བརྗོད་བྱའི་དོན་བརླིང་ཡང་རྟོགས་སླ་བ། རྗོད་བྱེད་ཚིག་སྙན་ངག་གིས་བརྒྱན་པ། ཚིག་གི་སྦྱོར་བ་འབྲེལ་ཆགས་ཤིང་ཉན་ན་སྙན་པ། ཚིགས་བཅད་རྣམས་ནི་སྡེབ་སྦྱོར་ལེགས་ཤིང་སྙན་ངག་གིས་བཅིངས་པའམ་འབོལ་རྩོམ་22གྱིས་གོ་བདེ་བ། མིང་རྣམས་ནི་མངོན་བརྗོད་ཀྱིས་བརྒྱན་པས་ངོ་མཚར་བ། ཚིག་གོང་འོག་མི་ཟློས་ཤིང་ཕྱི་མ་སྔ་མའི་སྒྲུབ་བྱེད་དུ་འགྲོ་བ། སྡུད་རྒྱུ་མེད་པའི་སོགས་སྒྲས་དབེན་ཞིང་བརྗོད་བྱ་ཟབ་པར་རྩོམ་ན་ཆེས་ཕུན་སུམ་ཚོགས་པར་གྱུར་ཅིང་མཁས་པ་མགུ་བའི་སྐྱེས་སུ་འགྱུར་རོ། །
གཉིས་པ། རང་ལུགས་དང་གཞན་ལུགས་འབྱེད་དཀའ་བ། འདུལ་བའི་ལས་ཆོག་ཆེན་པོ་གསེར་མདོག་རྣམ་རྒྱལ་ལྟ་བུ་དང༌། ས་བཅད་ཧ་ཅང་མང་དྲགས་པ། ཚད་མ་རིགས་ཐིགས་23དང༌། རྣམ་ངེས་དར་ཊིཀ་24ལྟ་བུ་མ་ཡིན་པ་དང༌། སྤྱིར་བོད་ཀྱི་ས་བཅད་ལུགས་དང་པོ་ལ་གཉིས། གཉིས་པ་ལ་གསུམ། གསུམ་པ་ལ་བཞི་ཟེར་བ་ལྟ་བུ་སོགས། ལས་དང་པོ་བ་ལ་ཕན་པའི་རྐྱེན་དུ་མི་འགྱུར་བར་མགོ་རྨོངས་པར་འགྱུར་བའང་སྲིད་པས། དེ་བས་རྒྱ་ནག་གི་ཡི་གེ་རྣམས་སུ་ས་བཅད་ཅི་ཙམ་དགོས་པ་དེ་དག་བསྟན་བཅོས་ཀྱི་མགོར་སྡེབས་གཅིག་ཏུ་བཀྲམ་ནས། བཤད་པ་དངོས་གཞིའི་སྐབས་སུ་དེ་དག་གོ་རིམ་མ་འཁྲུགས་པར་བཤད་པ་ལྟ་བུར་བྱས་ན་ཡང་མི་རུང་བ་མེད་ཅིང༌། གཞན་ཡང་ཚིག་གི་གཅོད་མཚམས་ཤད་ཀྱིས་མ་བཅད་པ་དང༌། ཀུན་ལ་མ་གྲགས་པའི་མངོན་བརྗོད་དང་གབ་ཚིག་གི་རྒྱན་འབའ་ཞིག་གིས་བཅིངས་པ་དང༌། ཡུལ་དུས་དེ་དང་དེར་གྲགས་པའི་ཡུལ་ཕྱོགས་དང་མི་རྣམས་ཀྱི་མིང་བོད་སྐད་དུ་བསྒྱུར་ནས་བྲིས་པ་དང༌། རྒྱ་ནག་གི་མིང་བོད་སྐད་དུ་བྲིས་པ་སོགས་སྐྱོན་ཡིན་ཏེ། དཔེར་ན་སྡེ་དགེ་སི་ཏུུ་པཎ་ཆེན་གྱི་གསུང་འབུམ་དུ་རྒྱ་ནག་གི་སྨན་འགའ་ཞིག་གི་མིང་བོད་སྐད་རང་དུ་བྲིས་པ། དེང་སང་རྒྱ་བོད་སུ་ལ་བསྟན་ཀྱང་མི་གོ་བས་སྨན་བཟང་ཡང་གསོས་སུ་མི་འགྱུར་བ་ལྟ་བུ་དང༌། ཡང་བསྟན་བཅོས་རྩོམ་པ་པོས་མཛད་བྱང་དུ་རང་མིང་གསལ་བར་མི་སྨོས་པའམ། རང་མིང་དངོས་སྦས་ནས་གཞན་ལ་མ་གྲགས་པའི་མིང་གཞན་བཅུག་པ་སོགས་སྐྱོན་ཆེ་ཤོས་ཡིན་ཏེ། བྱེད་པ་པོའི་མིང་མི་གསལ་བའི་དབང་གིས་བསྟན་བཅོས་འགའ་ཞིག་ལེགས་བཤད་དུ་སྣང་ཡང་ཐེ་ཚོམ་ཅན་དུ་གྱུར་ནས་མཁས་པ་དག་གིས་ཤེས་བྱེད་དུ་དྲངས་མ་ནུས་པ་ཡང་དེས་ལན་འདུག་པས་སྐྱོན་དེ་དག་དོར་ཏེ། མིང་རུས་ཡུལ་སོགས་གསལ་བར་སྨོས་པའི་སྒོ་ནས་བོད་སྤྱི་ཡོངས་ལ་གྲགས་པའི་བརྡ་གསར་རྙིང་གིས་གཞི་བཟུང་ནས་ཡིག་འབྲུ་རྣམས་ནི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་མ་ནོར་བར་ཐོབ་པའི་ཚུལ་གྱིས་བརྩམ་པར་བྱའོ། །
གསུམ་པ་བསྟན་བཅོས་བརྩམས་པའི་ཕན་ཡོན་ནི། ཚེ་འདིར་བསྟན་པ་ལ་བྱ་བ་བྱས་པའི་སྒོ་ནས་མཁས་པ་རྣམས་མགུ་ཞིང་རྗེས་སུ་གཟུང་བ་དང༌། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག་མཉེས་པའི་མཆོད་པར་འགྱུར་བ་དང༌། གཞན་ཡང༌། སློབ་དཔོན་དཎྜཱིའིགཞུང་ལས།25 སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང༌། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་གསུངས་པ་ལྟར། ཚེ་འདིའི་འདུ་བྱེད་བཏང་བའི་འོག་ཏུའང་བསྔགས་པར་འོས་པའི་ཡོན་ཏན་དང་བཀའ་དྲིན་གྱི་མིང་ཙམ་ལྷག་མར་ལུས་པའི་ཕྱིར་ཀུན་གྱིས་ཐོས་སྒྲོགས་སུ་གླེང་བའི་མཐའ་མི་མངོན་པའི་ངོས་ནས་མཁས་མིང་གི་གྲགས་པ་མི་ནུབ་པར་འགྱུར་བ་དང༌། ཁྱད་པར་དུ་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་རྗོད་མཛད་ཀྱང༌། །ཐ་མར་ཕྱིར་པར་གྱུར་མ་ལགས། །ཞེས་གསུངས་པ་ལྟར་དམ་ཆོས་འཛིན་པའི་བསོད་ནམས་ཚད་མེད་པ་ཐོབ་པའི་སྟོབས་ཀྱིས་མ་འོངས་པ་ནའང་བཅུ་ཕྲག་དྲུག་གི་རི་མོས་མཚན་པའི་ཕྱག་རྒྱས་མངོན་པར་བཀྲ་བའི་བཀའ་ཁྲིམས་དྲི་མ་མེད་པས་སྐལ་ལྡན་ཡོངས་ཀྱི་སྲིད་ལ་དབང་བསྒྱུར་ཞིང༌། མི་འཇིགས་སེང་གེ་བཞིས་བཏེག་པའི་ཁྲི་འཕང་མཐོན་པོར་སྟོབས་བཅུའི་རྩལ་ཡོངས་སུ་རྫོགས་པའི་ཆོས་ཀྱི་རྒྱལ་པོར་འགྱུར་བ་ཡིན་ནོ། །
རྩོམ་སྒྲིག་པའི་མཆན།
- འདི་ནི་རྗེ་ཙོང་ཁ་པ་ཆེན་པོས་མཛད་པ་རེད།
- མདོ་སྡེ་རྒྱན། བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཞིག་སྟེ། དྲང་ངེས་ཀྱི་མདོ་སྡེ་སྣ་ཚོགས་པའི་དོན་གཏན་ལ་འབེབས་པར་བྱེད་པའི་གཞུང། ལེའུ་ཉེར་གཅིག་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིང་ཧ་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་དང་བློ་ལྡན་ཤེས་རབ་ཀྱིས་འགྱུར་བཅོས་མཛད།
- མངོན་རྟོགས་རྒྱན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ། མཁྱེན་གསུམ་དང༌། སྦྱོར་བ་བཞི་དང༌། འབྲས་བུ་ཆོས་སྐུ་སྟེ་ཤེར་ཕྱིན་དངོས་པོ་སྐབས་བརྒྱད་ཀྱི་བདག་ཉིད་ཅན། རྒྱལ་བ་བྱམས་པ་མགོན་པོས་མཛད་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཞིག་ཡིན།
- བསླབ་བཏུས། བསླབ་པ་ཀུན་ལས་བཏུས་པ་ཞེས་པ་སྟེ། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་ལས་འབྲས་སྟོན་པའི་གཞུང༌། རྒྱལ་སྲས་ཞི་བ་ལྷས་མཛད་པའོ།།
- བདེན་པ་གཉིས། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ། ཅུང་ཞིབ་པ་དེབ་འདིའི་སྐྱབས་འགྲོའི་རྣམ་གཞག་ལ་གཟིགས།
- རང་བཞིན་རྐྱེན་རྣམ་འགྱུར་གསུམ། སྒྲ་རིག་པའི་བསྟན་བཅོས་ཀྱི་བརྗོད་བྱར་གྱུར་པའི་རང་བཞིན་དང༌། རྐྱེན་དང༌། རྣམ་འགྱུར་ཞེས་ཁག་གསུམ་སྟེ། རྐྱེན་སོགས་ཀྱིས་བསྒྲུབ་པར་བྱ་བའི་གཞི་ལ་རང་བཞིན་ཞེས་པ་དང༌། བྱིངས་ལས་སྟོན་བྱེད་ཀྱི་སྒྲར་སྒྲུབ་པར་བྱེད་པ་ལ་རྐྱེན་ཞེས་པ་དང༌། བྱིངས་དང་རྐྱེན་རྣམས་ཕྲད་པ་ལ་སོགས་ལས་གཟུགས་གཞན་དུ་གྲུབ་པ་ལ་རྣམ་འགྱུར་ཞེས་བྱའོ། ཞིབ་པ་སྒྲ་གཞུང་ཁག་ལ་གཟིགས།
- སྒྲ་གཞུང་ཀ་ལཱ་པ་དང་ཙནྡྲ་པ་གཉིས་ལས་སྔ་མ་ལྷ་གཞོན་ནུ་སྨིན་དྲུག་ཅེས་པས་རྒྱལ་པོ་ཞིག་ལ་ལེའུ་བཅོ་ལྔ་བར་གསུངས་ཚུལ་དང༌། སློབ་དཔོན་དབང་ཕྱུག་གོ་ཆ་ཞེས་པས་གཞུང་རྫོགས་པར་བྱས་པ་སོགས་ལོ་རྒྱུས་སྙན་པོ་ཞིག་ཡོད་ཀྱང་འདིར་ཡིག་ཚོགས་དབང་གིས་མ་བཀོད། ཕྱི་མ་སློབ་དཔོན་ཙནྡྲ་གཽ་མིས་མཛད་ཅིང༌། ལེའུ་ཉེར་བཞི་ཡོད། གཉིས་ཀ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བོད་སྐད་དུ་བསྒྱུར་ཡོད།
- སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས། རྒྱ་གར་གྱི་སློབ་དཔོན་རདྣ་ཨ་ཀ་ར་ཤཱནྟིས། སྔོན་གྱི་སློབ་དཔོན་དག་གིས་མཛད་པའི་སྡེབ་སྦྱོར་གྱི་བསྟན་བཅོས་ནི་ཡོན་ཏན་བརྒྱད་ཀྱིས་དབེན་པར་གཟིགས་ནས། སྡེབ་སྦྱོར་རིན་ཆེན་འབྱུང་གནས་མཛད་ཅེས་གྲགས།
- འཆི་མེད་མཛོད། རྒྱ་གར་ནང་པའི་སློབ་དཔོན་འཆི་མེད་སེང་གེ་ཞེས་པ་སྒྲོལ་མས་རྗེས་སུ་བཟུང་པ་དེས་སྔོན་བརྗོད་ཀྱི་བསྟན་བཅོས་འཆི་བ་མེད་པའི་མཛོད་ཅེས་པ་མཛད་པར་གྲགས།
- རྒྱ་གར་གྱི་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་གཞུང་མེ་ལོང་མ། བོད་དུ་ཐོག་མར་ས་པཎ་གྱིས་མཁས་འཇུག་ནང་ཐོ་རེ་བ་ཞིག་བསྒྱུར་བར་མཛད་ཅིང༌། དེ་རྗེས་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ཆ་ཚང་བར་བསྒྱུར་ཅིང༌། དཔང་ལོ་ཆེན་པོས་བཅོས་ཅུང་ཟད་མཛད། དེ་རྗེས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་ཀྱང་འགྱུར་བཅོས་མཛད་པ་སོགས་ལ་བརྟེན། བོད་ལ་དར་ཁྱབ་ཆེ་བར་ཡོད།
- ཟློས་གར་གྱི་བསྟན་བཅོས་ཀླུ་ཀུན་ཏུ་དགའ་བ་དང་འཇིག་རྟེན་ཀུན་ཏུ་དགའ་བ། རྗེ་བོ་དཔལ་དགའ་བའི་ལྷས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང༌། བྷ་ར་ཏ་དང་སློབ་དཔོན་ཙནྡྲ་གཽ་མིས་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་མཛད་ཅེས་གྲགས།
- ཚད་མ་མདོ། ཚད་མ་མདོ་ཀུན་ལས་བཏུས་པ་ཞེས་བྱ་བ་རྒྱ་གར་གྱི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་རྟོག་གེའི་ཚིག་དོན་བརྒྱད་དང༌། ཁྱད་པར་དུ་ཡང་དག་པའི་ཤེས་པ་དོན་ཚན་དྲུག་ཏུ་བསྡུས་ནས་གཏན་ལ་འབེབས་པར་བྱེད་པའི་ལེའུ་དྲུག་གི་བདག་ཉིད་ཅན་གྱི་ཚད་མའི་གཞུང་ཞིག
- སྨན་དཔྱད་ཡན་ལག་བརྒྱད་པ་ཟེར་བར་སྙམ་ཞིང༌། དེ་ནི་སློབ་དཔོན་དཔའ་བོས་མཛད་ཅིང་བསྟན་འགྱུར་ཁོངས་སུ་བཞུགས་ཡོད།
- ཤེས་རབ་བརྒྱ་པ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཤིག དེར་འཇིག་རྟེན་གྱི་ལུགས་སྲོལ་བཟང་པོ་དང་མཐུན་ལ། དམ་པའི་ཆོས་དང་ཡང་མི་འགལ་བར་མངོན་མཐོ་དང་ངེས་ལེགས་གཉིས་ཀྱི་ནང་ནས་གཙོ་བོར་མངོན་མཐོ་སྒྲུབ་བྱེད་ཀྱི་ཐབས་སྟོན་པའོ། །འདི་བོད་སྐད་དུ་རྒྱ་གར་གྱི་མཁན་པོ་སརྦ་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ། །བསྟན་འགྱུར། སྡེ་དགེ་པར་མ། སྣ་ཚོགས། པོད་ངོ༌། ཤོག་ངོས་༩༩ བ་༤ ནས་༡༠༣ ན་བར་བཞུགས།
- རེག་ཟིག ཟིན་བྲིས།
- ཁྱད་པར་འཕགས་བསྟོད། ཁྱད་པར་དུ་འཕགས་པའི་བསྟོད་པ་ཞེས་པ་སྟེ་སྟོན་པ་ཐུབ་པའི་དབང་པོ་ལ་བསྟོད་པ་རྒྱ་གར་གྱི་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའོ། །
- དབུ་མའི་རྣམ་བཤད་དགོངས་པ་རབ་གསལ། རྗེ་ཙོང་ཁ་པ་ཆེན་པོས་མཛད།
- བཤེས་སྤྲིངས། མཛའ་བཤེས་ལ་སྤྲིངས་པའི་ཡི་གེ་ཞེས་པ་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛའ་བཤེས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གནང་བའི་འཕྲིན་ཡིག བོད་སྐད་དུ་རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར། སྡེ་དགེ་པར་མ། སྤྲིང་ཡིག པོད། ངོ༌། ཤོག་ངོས། ༤༠བ༤ ནས་ ༤༦བ་༣ བར་བཞུགས།
- ལུང་གཞི། འདུལ་བ་ལུང་སྡེ་བཞིའི་ཡ་གྱལ། ཤོ་ལོ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་སྟེ་བམ་པོ་བརྒྱ་རྩ་དགུ་ཚང་པ་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར།
- མཚོ་སྣ་བ་ཆེན་པོ། མཚོ་སྣ་བ་ཤེས་རབ་བཟང་པོ་ཡིན། ཁོང་ནི་དུས་རབས་བཅུ་བཞི་བའི་ནང་བོད་ཡུལ་མཚོ་སྣར་འཁྲུངས། འདུལ་བ་མདོ་རྩ་བའི་རྣམ་བཤད་ཉི་མའི་འོད་ཟེར་རམ། འདུལ་བ་མཚོ་ཊཱིཀ་ཞེས་པ་དེ་བརྩམས།
- ཤེས་རབ་སྡོང་བུ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཤིག ནང་དོན་གཙོ་བོར་བློན་པོ་ལ་གདམས་པ་དང༌། འཇིག་རྟེན་ཚུལ་ལུགས་དང་མཐུན་པར་སྟོན་པའོ། །བོད་སྐད་དུ་ལོ་ཙཱ་བ་ཤིའ་ལེན་དྲ་བོདྷཱི་དང༌། བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སྡེ་དགེ་པར་མའི་བསྟན་འགྱུར། སྣ་ཚོགས། ངོ༌། ལྡེབ་ཕྲེང་ ༡༠༣ན༧ ནས་ ༡༣ན༤ བར་བཞུགས་ཡོད།
- འབོལ་རྩོམ། ཚིག་སྦྱོར་གོ་བདེ་བའི་རྩོམ།
- ཚད་མ་རིགས་ཐིགས། ཚད་མ་རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། མངོན་སུམ་དང༌། རང་གི་དོན་རྗེས་སུ་དཔག་པ་དང༌། གཞན་དོན་རྗེས་སུ་དཔགས་པ་བཅས་ལེའུ་གསུམ་གྱི་བདག་ཉིད་ཅན། སློབ་དཔོན་ཆོས་ཀྱི་གྲགས་པས་བརྩམས་པའི་ཚད་མ་སྡེ་མདུན་གྱི་ཡ་གྱལ་ཞིག
- རྣམ་ངེས་དར་ཊིཀ། ཚད་མ་རྣམ་ངེས་ཀྱི་ཊིཀྐ་རྒྱལ་བའི་དགོངས་པ་རབ་གསལ་ཞེས་པའི་བསྡུས་མིང༌། རྒྱལ་ཚབ་རྗེ་དར་མ་རིན་ཆེན་གྱིས་བརྩམས་པས་དར་ཊིཀ་ཞེས་གྲགས་སོ། །
- སྙན་གཞུང་མེ་ལོང་མ་ལ་ཟེར།