(ཚིག་དོན་མདོར་བསྡུས་དང༌། ཚིག་རྒྱན་ངོ་སྤྲོད་ཙམ་གཙོ་བོར་བྱས་ཏེ་འགྲེལ་བའོ)
ལྷ་མོ་སྐྱབས།
༄༅། ། འདི་འཆད་པ་ལ་སྙན་དངགས་ཆེན་པོའི་སྒོ་དང༌། གཞུང་དོན་གཉིས། དང་པོ་ལ་ཡང༌། རྩོམ་གྱི་མཚན་བྱང་དང༌། ཕྱག་འཚལ་བ་དང་ཤིས་བརྗོད། དངོས་པོ་ངེས་བསྟན། བློ་ལྡན་ཉན་སྐུལ་བཅས་ལྔའོ།
རྒྱ་གར་སྐད་དུ། ཥཊཀུམཱརཱབཱདཱན། བོད་སྐད་དུ། གཞོན་ནུ་དྲུག་གི་རྟོགས་པ་བརྗོད་པ། ཞེས་པ་སྟེ། ཥཊ་དྲུག ཀུམཱར། གཞོན་ནུ། ཨབཱདཱན་ནི་རྟོགས་པ་བརྗོད་པའོ་ཞེས་རྒྱ་བོད་སྐད་གཉིས་ཤན་སྦྱར་བའི་མཚན་བྱང་སྟེ་གང་ནས་བསྒྱུར་བའི་ཁུངས་སྟོན་པའམ་རྟེན་འབྲེལ་གྱི་ཕྱིར་རོ། །
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་པ་འགྱུར་ཕྱག་གམ་ཡང་ན་གཞི་འདུལ་བ་ལ་གནས་པའི་སྤྱོད་ཚུལ་གཙོ་བོར་བྱས་པའི་བརྗོད་བྱ་སྟོན་ཕྱིར་རོ། །
༡གང་ཞིག་སེར་སྐྱར་འཁོར་ལོས་བསྒྱུར་བའི་རིགས་འཁྲུངས་༢གླིང་བཞིའི་རྒྱལ་སྲིད་རྩྭ་བཞིན་དོར་ནས་༣དཀའ་ཐུབ་སྤྱད། །
༤ཤིང་མཆོག་དྲུང་དུ་གཅིག་པུས་བདུད་དཔུང་ཀུན་བཅོམ་༥རྙེད་དཀའི་བྱང་ཆུབ་བླ་མེད་དམ་པའི་བདུད་རྩི་བསྙེས། །
༦འགྲོ་འདི་ཐེག་གསུམ་ལམ་ལ་རབ་དྲངས་ཉིད་མཚུངས་འགོད་ཕྱིར་ལྟ་ངན་ཀུན་བསལ་འཁོར་ལོ་རྒྱ་ཆེན་བསྐོར། །
༧མཛད་པ་མཐའ་དག་རྫོགས་སླད་སཱ་ལའི་ཚལ་དུ་ཞི་བར་རབ་ཞུགས་རྒྱལ་བའི་དབང་པོས་ཁྱེད་ལ་སྲུངས།།
༡སྐུ་བལྟམས་པའི་ཤུགས་ལས་ལྷུམས་སུ་ཞུགས་པའི་མཛད་པ་གོ་བར་བྱ། །༢བཙུན་མོའི་འཁོར་གྱིས་རོལ་ཞིང་རྒྱལ་སྲིད་བསྐྱངས་པ་དང་དེ་ལས་ངེས་པར་འབྱུང་བ་གཉིས། ༣སྔོན་ལ་རབ་ཏུ་བྱུང་བའང༌། ༤བདུད་སྡེ་བཏུལ་བ། ༥སངས་རྒྱས་པ། ༦ཆོས་འཁོར་བསྐོར་བ། ༧མྱ་ངན་ལས་འདས་པ་སྟེ་མདོར་ན།
གཤེགས་དང་བལྟམས་དང་རོལ་བ་དང༌། ཁབ་ནས་འབྱུང་དང་དཀའ་བ་སྤྱད།
།བྱང་ཆུབ་ཆེ་དང་བདུད་སྡེ་འཇོམས། །ཆོས་ཀྱི་འཁོར་ལོ་སྐོར་བ་དང༌།
།ལྷ་རྣམས་ཀུན་གྱིས་ཞུས་པ་དང༌། །དེ་བཞིན་དུ་ནི་མྱ་ངན་ལས།
།འདས་པ་སྟོན་པར་མཛད་པ་ཡིན། །ཞེས་གསུངས་པ་བཞིན་སྟོན་པའི་མཛད་པ་བཅུ་གཉིས་གྱི་སྒོ་ནས་ཤིས་པ་བརྗོད་པ་སྟེ། དེ་ཡང༌། རྩོམ་པ་པོའི་དགོངས་དོན་སྐྱེ་བོ་རྣམས་འཁོར་བ་ལས་ཐར་བའི་ལམ་དུ་འགོད་པའི་དགོས་དམིགས་དང་མཐུན་པར། ཐོག་མར་སྟོན་པ་མཆོག་གིས་ཚུལ་ཇི་ལྟར་བྱང་ཆུབ་ཀྱི་ལམ་ལ་ཞུགས་པའི་མཛད་པའི་ལམ་སྟོན་དང་བཅས་པའོ། །ཞེས་བྱ་བ་རང་བཞིན་བརྗོད་པའི་ཤིས་བརྗོད་རྒྱན་ནོ། །
༡གང་གི་རྣ་བར་བདུད་རྩིའི་ཟེགས་མ་སྤྲོ་བྱེད་༢མཛེས་སྡུག་རི་མོས་མིག་ནི་ཀུན་དགའ་བསྐྱེད། །
༣གང་ཞིག་ཀློག་པའི་ལྕེ་ཡང་སྐལ་བཟང་ལྡན་འགྱུར་༤དོན་སྤྱོད་ཡིད་ལ་རེ་བའི་འབྲས་བུ་སྟེར། །
༥ཤེས་ལྡན་བློ་ཡི་བང་མཛོད་རབ་ཏུ་རྒྱས་བྱེད་༦མི་ཤེས་སྐྱེ་བོའི་རྨོངས་པ་འཕྲོག་བྱེད་པ། །
༧རྨད་བྱུང་དོན་ལྡན་སྙན་དངགས་རྒྱ་ཆེའི་གཏམ་འདི་༨མཁས་པའི་མདུན་སར་ཤིན་ཏུ་བསྔགས་པར་འོས། །
ཞེས་པ་སྟེ། ༡སྐལ་ལྡན་ཉན་མཁན་གང་གི་རྣ་བར་བརྗོད་བྱ་དང་རྗོད་བྱེད་གཉིས་ཀྱིས་སྙན་པ། ༢དེ་ཡང་ཡི་གེའི་རི་མོར་བཀོད་པའི་སྒྱུ་རྩལ་གྱིས་ཀློག་མཁན་གང་དག་གི་མིག་ལའང་མཛེས་པ། ༣དེ་ཉིད་ཀློག་པ་པོ་རང་གི་ལྕེ་ཡང་བསོད་ནམས་དང་ལྡན་པ། ༤ཇི་ལྟར་གདམས་པ་བཞིན་གྱི་དོན་བཞིན་སྤྱོད་པ་དག་གི་ཡིད་ལ་འདོད་པའི་འབྲས་བུ་མཆོག་སྟེར་བ། ༥ ཐོས་བསམ་ཤེས་ལྡན་ཅན་དག་གི་བློ་གྲོས་ལྷག་པར་རྒྱས་པར་བྱེད་པ་དང༌། ༦དགེ་སྡིག་མི་ཤེས་པ་རྣམས་ཀྱང་བླང་དོར་གྱི་ལམ་ལ་འགོད་པ། ༧དེ་ལྟ་བུའི་ཡོན་ཏན་རྨད་བྱུང་ངམ་རྒྱལ་སྲས་སྤྱོད་པའི་དམ་ཆོས་དོན་ལྡན་གྱི་སྲོག་གམ་དགོངས་པ་དང་ལྡན་པའི་བརྗོད་བྱ་རྒྱ་ཆེ་བའི་གཏམ་གཞོན་ནུ་དྲུག་གི་རྟོགས་པ་བརྗོད་པ་ཞེས་པའི་བཅད་ལྷུག་སྤེལ་མའི་སྙན་དངགས་འདི་ལྟ་བུ། ༨ནང་དོན་རིག་པ་དང་སྙན་ངག་གི་རིག་བྱེད་ལ་མཁས་པ་རྣམས་རབ་དགྱེས་བསྔགས་པར་འོས་པའི་རྩོམ་རིག་དམ་པའོ། །ཞེས་སྟོན་པའི་གསུང་མཆོག་གི་བརྗོད་བྱའི་སྙིང་པོ་ཅན་གྱི་སྙན་དངགས་ཀྱི་ཆེ་བ་བརྗོད་ཅིང་བརྗོད་བྱའི་དངོས་པོ་ངེས་པར་བསྟན་པ་དང་ལྷན་རང་ལའང་སྤོབས་པ་བསྐྱེད་པ་གོ་བར་བྱའོ། །
འཁོར་བ་པ་རྣམས་ནི་སྡུག་བསྔལ་དཔག་ཏུ་མེད་པའི་འབྱུང་གནས་ཉོན་མོངས་དུག་གསུམ་རྒྱས་པའི་རང་བཞིན་ཅན་ཡིན་མོད་ཀྱང༌། དེ་བཞིན་གཤེགས་པའི་སྙིང་པོ་རྒྱས་པར་འགྱུར་བའི་རིགས་དད་པ་དང་སྙིང་རྗེ་ཤེས་རབ་མཆོག་དང་ལྡན་པ་དག་ཐེག་པ་ཆེན་པོའི་ལམ་འདིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པས་བླ་ན་མེད་པའི་བྱང་ཆུབ་ཀྱང་རྙེད་པར་དཀའ་བ་མ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་ལ་ཡོངས་སུ་བསླབ་པར་བྱའོ།།
ལས་དང་ཉོན་མོངས་པའི་དབང་གིས་འགྲོ་བ་རིགས་དྲུག་ཏུ་རྒྱུན་མི་འཆད་པར་སྐྱེས་ཏེ་དེ་ལས་མི་ཐར་བར་ཡང་དང་ཡང་དུ་འཁོར་བར་འགྱུར་བའི་འཁོར་བ་པའམ་འཇིག་རྟེན་པའི་ཟག་བཅས་ཕུང་པོ་འདི་ནི། འགྱུར་བའི་སྡུག་བསྔལ་གྱི་རིགས་སུ་གྱུར་བས་གདུང་བ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་གྱི་རིགས་སུ་གྱུར་བས་མནར་བ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཡོངས་སུ་མི་གཏོང་བའི་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་བའི་གནས་དང༌། འདོད་ཆགས་ཞེ་སྡང་གཏི་མུག་གི་ཉོན་མོངས་དུག་ཆེན་གསུམ་པོ་རབ་ཏུ་རྒྱས་པར་འགྱུར་བའི་རང་བཞིན་ཅན་ཡིན་མོད་ཀྱང༌། གདོད་ནས་དག་པའི་གཉུག་མའི་སེམས་གློ་བུར་བའི་ཉོན་མོངས་ཚོགས་ཀྱིས་བསྒྲིབས་ཀྱང༌། དེས་རང་བཞིན་ལ་གོས་པ་མེད་པའི་རང་བཞིན་འོད་གསལ་རྡོ་རྗེ་དང་འདྲ་བ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁྱབ་པའི་ཀུན་གཞིའི་རྣམ་ཤེས་སམ། དེ་བཞིན་གཤེགས་པའི་སྙིང་པོའམ། དོན་དམ་བདེན་པའམ། ཆོས་ཀྱི་སྐུ་རང་བཞིན་གྱི་གནས་པའི་རིགས་དེ་ཉིད་རྒྱས་པར་འགྱུར་བའི་རིགས་ཏེ། སྔོན་གོམས་དགེ་རྩ་ལས་ཐོབ་པའི་ཡང་དག་པར་བསྒྲུབས་པའི་རིགས་ཅན། ཤེས་པའི་མོས་གུས་དད་པ་དང་ལྡན་ཞིང་འགྲོ་ལ་སྙིང་རྗེ་ངང་གིས་སྐྱེ་བ་རྟེན་འབྱུང་སྟོང་པའི་རང་བཞིན་ལ་རྣམ་པར་དཔྱོད་པའི་ཤེས་རབ་མཆོག་དང་ལྡན་པའི་སྐྱེས་བུ་མཆོག་དག ཆེ་བ་བདུན་ལྡན་གྱི་ཐེག་པ་ཆེན་པོའི་ལམ་འདིར་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་བཅས་ཕ་རོལ་དུ་ཕྱིན་པ་དྲུག་པོ་རེ་རེར་ཡང་ཐབས་ཤེས་ཟུང་ལྡན་དུ་ལེགས་པར་སྤྱད་པས་བླ་ན་མེད་པའི་བྱང་ཆུབ་བམ་སངས་རྒྱས་ཀྱི་གོ་འཕང་མཆོག་ཀྱང་རྙེད་པར་དཀའ་བ་མ་ཡིན་ནོ། །དགོས་པ་ཆེན་པོ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོན་ཏན་རྨད་དུ་བྱུང་བ་ལ་བརྩོན་པ་ཆེན་པོས་ཡོངས་སུ་བསླབ་པར་བྱའོ། །ཞེས་པ་ནི་གོང་གི་བརྗོད་སྙིང་སླར་ཡང་གསལ་བར་བྱས་ཏེ་སྐལ་བཟང་བློ་དང་ལྡན་པ་རྣམས་ལ་རབ་ཏུ་ཉན་པར་བསྐུལ་བ་སྟེ། རྟོགས་བརྗོད་འདི་ཉིད་མཛད་པའི་དགོངས་པ་དྲི་མ་མེད་པ་ལགས་ན། དགའ་ཞིང་གུས་པའི་ངང་ནས་མཇལ་བར་རིགས་སོ།།
གཉིས་པ་གཞུང་དོན་འཆད་པ་ལ། སྐྱེ་བོ་མཆོག་དམན་ལྷན་ཅིག་གནས་ཀྱང་སོ་སོའི་ངང་ཚུལ་མི་མཐུན་པར་སྟོན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་བསླབ་པ་སོགས་ཕར་ཕྱིན་དྲུག་ལ་སྦྱར་བའི་རབ་བྱེད་བདུན་ནོ། །
རབ་བྱེད་དང་པོ་ལའང༌། ཀ༽ ཁོར་ཡུག་ལ་བསྔགས་པའི་སྒོ་ནས་རྩོམ་འགོ་བརྩམས་པ་དང༌། ཁ༽ གཞོན་ནུ་དྲུག་པོ་སོ་སོའི་ངང་ཚུལ་རེ་རེ་ནས་ངོ་སྤྲོད་དང༌། ག༽ ཁོང་རྣམས་ལྷན་ཅིག་ཏུ་གནས་ཀྱང་ངང་ཚུལ་མི་འདྲེས་པར་བསྟན་པ་བཅས་གསུམ་མོ། །
ཀ༽ དེ་ཡང་འདི་སྐད་ཐོས་ཏེ། སྔོན་གྱི་ཚེ་སྣ་ཚོགས་འབྱིན་ཞེས་བྱ་བའི་ཡུལ་བདེ་བ། འབྱོར་བ། ལོ་ལེགས་པ། སྐྱེ་བོ་མང་པོས་གང་བ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ནི། ལྷའི་འཇིག་རྟེན་ལ་འགྲན་པ་ཞིག་ཡོད་པར་གྱུར་ཏོ། །
འདི་ནི་རྩོམ་པ་པོས་གཞན་ཞིག་ནས་སྔོན་གྱི་བྱུང་བ་གང་ཞིག་ཐོས་པའི་ཚུལ་དུ་ཐོག་མར་ཡུལ་གྱི་བཀོད་པ་ཕུན་སུམ་ཚོག་པ་བསྟན་ནས་རྩོམ་འགོ་ཚུགས་པ་སྟེ་དངོས་དཔེས་བརྒྱན་པའོ།
ས་འཛིན་ཕྲེང་བས་ཁོར་ཡུག་ཡོངས་སུ་བསྐོར། །ཡངས་པའི་ས་མཆོག་གྲོང་ཁྱེར་རྣམས་ཀྱིས་གང༌། །
སྨན་ལྗོངས་ནཌ་ཚལ་འབབ་ཆུ་དུ་མས་བརྒྱན། །ཡུལ་གྱི་མཛེས་པ་གསར་དུ་ཚོགས་པ་བཞིན། །༡
དེ་ན་འཁོད་པའི་མི་རྣམས་ཁྲིམས་ལྡན་ཞིང༌། །ཕུན་སུམ་ཚོགས་པའི་སྐལ་བ་ཅན་ཐོས་ནས། །
ནོར་དང་འབྲུ་དང་རིན་ཆེན་སྣ་ཚོཌ་པ། །ཡུལ་གཞན་དོར་ནས་ཕྱོགས་དེར་འདུས་པ་བཞིན། །༢
བདེ་དང་འབྱོར་དང་གྲགས་པའི་དཔལ་ཐོབ་ནས། །མཐོ་རིས་བདེ་བ་རྫོཌ་པར་ལོངས་སྤྱད་ཕྱིར། །
འཇིག་རྟེན་གཞན་དུ་བསོད་ནམས་བྱས་པ་ཡི། །སྐྱེ་བོ་རྣམས་ནི་ལྷན་ཅིག་སྐྱེས་པ་བཞིན། །༣
རྒྱན་ནི། ༡ ཡུལ་ལྗོངས་ལ་བསྔགས་པའི་འབྱུང་མིན་གྱི་དཔེ་སྟེ། དཔེ་ཡུལ་གྲུ་གཞན་དག་གི་མཛེས་སྡུག་མཐའ་དག་འདུས་ཏེ་གསར་དུ་གནས་འདིེར་ཚོགས་པ་བཞིན་ཞེས་གོ་དགོས། ༢ སྐྱེ་འགྲོ་དང་དེའི་ལོངས་སྤྱོད་ལ་བསྔགས་པ་སྟེ་སེམས་མེད་རབ་རྟོག ༣ ལྷའི་ལོངས་སྤྱོད་དང་ལྡན་པར་བསྔགས་པ་སྟེ་ལྷན་ཅིག་སེམས་ལྡན་རབ་རྟོག་གོ །
དོན་ཇི་བཞིན་པ་ནི། ས་འཛིན་ནམ་རི་བོ་དུ་མས་ཁོར་ཡུག་གི་མཐའ་ཡོངས་སུ་བསྐོར་ཅིང༌། ཁོངས་ཡངས་པའི་ས་གཞི་བཟང་པོར་གྲོང་ཁྱེར་གྱིས་ཁྱབ་པ། སྨན་ལྗོངས་སམ་མེ་ཏོག་མང་བའི་སྤང་དང་སྤང་རི་དང༌། ནགས་ཚལ། རྒྱུག་ཆུ་གཙང་མ་དུ་མས་ཕྱོགས་མཚམས་ཀུན་རབ་ཏུ་མཛེས་པ། དེ་ན་ཡོད་པའི་མི་ཚང་མ་ཡང་དགེ་བཅུའི་ཁྲིམས་སྲུང་ཞིང་གཟུགས་བཟང་བ་སོགས་ཡོན་ཏན་ཕུན་སུམ་ཚོགས་པའི་ལས་ཅན་ཤ་སྟག་ཡིན་པ། ད་དུང་རྒྱུ་ནོར་དང་འབྲུ་རིགས་ལོ་ཏོག གསེར་དངུལ་སོགས་རིན་ཆེན་སྣ་ཚོགས་པའི་ལོངས་སྤྱོད་འཛོམས་པ། དགེ་བས་མི་རྣམས་བདེ་ཞིང་སྐྱིད་པ་དང༌། རྒྱུ་འབྱོར་ཆེ་བ། སྙན་པའི་གྲགས་པ་རྒྱས་ཏེ་གནས་པ། ཞེས་པའི་དོན་ནོ།
ཡུལ་དེའི་དབུས་ན་ཚངས་པའི་འབྱུང་གནས་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་རྒྱ་ཆེ་ཞིང་ལྟ་ན་སྡུག་པ། ཁང་པ་འབུམ་ཕྲག་དུ་མ་ཡོད་པ། ཚོང་འདུས་དང་སྐྱེད་མོས་ཚལ་དང༌། རྩེད་འཇོའི་ཁང་པ་མང་པོས་བརྒྱན་པ། ལྷའི་གྲོང་ཁྱེར་ལྟ་ན་སྡུག་ལྟ་བུ་ཞིག་ཀྱང་འདུག་གོ
གྲོང་ཁྱེར་གྱི་བཀོད་པ་བསྟན་པ་སྟེ་ཆོས་དཔེ་ཡང་ངོ༌།
ར་བ་སེར་པོས་བསྐོར་བའི་གྲོང་ཁྱེར་ནི། །རྣམ་པར་བཀྲ་བའི་ཁང་པའི་ཚོཌ་ཀྱིས་མཛེས། །
ཉིན་བྱེད་ཟེར་གྱིས་གསལ་བར་བྱས་པ་ཡི། །པདྨོ་རབ་རྒྱས་གསེར་གྱི་རྫིང་བུ་བཞིན། །༡
དེ་ལ་འདུས་པའི་བུང་བའི་ཚོགས་བཞིན་དུ། །སྐྱེ་བོ་མང་པོ་དེ་ན་འདུ་ཞིང་འཁོད། །
འདོད་པའི་ཡུལ་རྣམས་བསྟེན་པས་ཚིམ་པའི་ཡིད། །སྤྲོ་བས་བསྐུལ་ཏེ་དགའ་བས་གླུ་གར་བྱེད། །༢
འབྱོར་བ་དུ་མས་བརྒྱན་པའི་ཚོང་འདུས་དང༌། །ཡ་མཚན་རྩེད་འཇོའི་གར་ལ་བལྟ་བ་ཡིས། །
གཡེངས་པར་གྱུར་པས་ཉིན་མཚན་མི་དྲན་ཏེ། །འདོད་པ་རྣམས་ལ་འདོད་ལྷ་བཞིན་དུ་སྤྱོད། །༣
རྒྱན་ནི། ༡ གྲོང་ཁྱེར་ལ་བསྔགས་པ་སྟེ་ངག་དོན་གྱི་དཔེའོ། ༢ ཕྱེད་སྔ་མ་ཆོས་དཔེ་དང་ཕྱི་མ་ཡོན་ཏན་རང་བཞིན་བརྗོད་པའི་རྒྱན། ༣ཡོན་ཏན་རང་བཞིན་བརྗོད་པའི་རྒྱན་དང་དངོས་པོའི་དཔེ་འདྲེས་པ་སྟེ། ཚིགས་བཅད་གོང་མ་དང་འདི་གཉིས་ཀས་འདོད་ཡོན་ལ་སྤྱོད་པར་བསྔགས་པའོ། །དོན་ཇི་བཞིན་པ་ནི། ར་བ་སེར་པོས་མཐའ་བསྐོར་བའི་གྲོང་ཁྱེར་དེའི་ནང་དུ་ཁ་དོག་རྣམ་པར་བཀྲ་བའི་ཁང་པ་མང་པོས་མཛེས་པར་བྱས་ཤིང༌། མི་ཚོགས་ཧ་ཅང་མང་བ། འདོད་པའི་ཡོན་ཏན་ཚང་མར་ལོངས་སུ་སྤྱོད་པས་ཡིད་ཚིམ་ཞིང་དགའ་བས་གླུ་གར་བྱེད་པ། ཚོང་རྫས་སྣ་ཚོགས་ཡོད་པའི་ཚོང་ཁང་སོགས་དང༌། ཡ་མཚན་ཟློས་གར་སོགས་རྩེད་མོའི་རིགས་དུ་མས་མི་རྣམས་ཀྱི་སེམས་གཡེངས་པར་བྱེད་པ་ཞེས་པའི་དོན་ནོ། །
ཁ༽ གྲོང་ཁྱེར་དེ་ན་སྐྱེས་བུ་བླུན་ཞིང་ལེ་ལོའི་རང་བཞིན་ཅན། ཉལ་བ་དང༌། གཡེང་བ་ལ་དགའ་བ། ལེགས་ཉེས་དཔྱོད་པའི་བློ་དང་བྲལ་བ་ཞིག་ཡོད་པ་སྟེ། ཤེས་པ་མི་གསལ་བ་དེ་ལ་འཇིག་རྟེན་པ་རྣམས་ཀྱིས་མུན་པ་ཅན་ཞེས་བཏགས་སོ། །
འདི་ནས་མར་འདྲེན་པ་གཞོན་ནུ་དྲུག་པོ་རེ་རེ་བཞིན་ངོ་སྤྲོད་པ་སྟེ། འདི་ནི་སྤུན་རྒན་ཤོས་མུན་པ་ཅན་གྱི་ངང་ཚུལ་ཏེ་མིང་དེ་ལྟར་བཏགས་པ་ནི་གཏི་མུག་མཚོན་བྱེད་ཡིན་ནོ། །དེ་དོན་སླར་ཡང་ཚིགས་སུ་བཅད་དེ་སྨྲས་པ་ནི།
གང་ཞིག་ནག་པོ་བརྩེགས་པ་ལྟར་གནག་པའི། །མུན་པས་བློ་མིག་ཡོངས་སུ་བཅིངས་ལྡན་དེ། །
རྟག་ཏུ་གཉིད་དང་སྙོམ་ལས་འབའ་ཞིག་གོམས། །བླང་དོར་གནས་ལས་བློ་ནི་ཕྱིར་ཕྱོགས་ནས། །༡
ལེགས་པའི་ལས་ནི་གང་གིས་མི་ཤེས་པས། །དེ་ནི་ཉེས་པའི་སྤྱོད་ལ་འཇུག་པར་མཁས། །
གཙང་སྦྲ་མེད་ཅིང་དམན་པའི་གནས་ལ་དགའ། །གདོལ་པའི་བྲན་བཞིན་དེ་ན་གནས་པར་གྱུར། །༢
རྒྱན་ནི། ༡རིམ་པ་བཞིན་ཆོས་དཔེ་དང་གཟུགས་ཅན། །དེ་ཡང་དཔེ་ཅན་མུན་པ་ཞེས་པ་སྐབས་འདིར་ཕྱིའི་མུན་པ་དང་ནང་གི་མུན་པ་མ་རིག་པ་གཉིས་ལ་གོ་དགོས་ཏེ། ཕྱིའི་མུན་པ་ཁ་དོག་ནག་པས་མིག་གི་མཐོང་ལམ་སྒྲིབ་པར་བྱེད་པ་བཞིན་དུ། ནང་རྨོངས་པའི་མུན་པ་ནི་དཔེ་ནག་པོ་བརྩེགས་པའི་དུག་བཞིན་གནག་པའམ་གནོད་པའི་ནུས་པ་ཅན་ཏེ་བློ་རིག་སྐྱོན་གྱིས་བསླད་པར་བྱེད་པ་ཞེས་གོ་དགོས། རྐང་པ་ལྷག་མ་དག་བྱ་བ་རང་བཞིན་བརྗོད་པའི་རྒྱན་ཡིན་པས་རབ་སྤེལ་གྱི་རྒྱན་ནོ། ༢སྦྱར་བའི་དཔེ་སྟེ། མུན་པ་ཅན་ནི་དཔེ་གདོལ་པའི་བྲན་གཉིས་ཀྱི་ཁྱད་ཆོས་རྣམས་མཚུངས་པར་སྦྱར་བའོ། །སྙོམ་ལས་འབའ་ཞིག་ནི་ལེ་ལོ་ཁོ་ནའོ། །ཕྱིར་ཕྱོགས་པ་ནི་རྒྱབ་ཀྱིས་ཕྱོགས་པའམ་ཁ་ཕྱིར་འཁོར་བ་སྟེ་སྐབས་འདིར་ལེགས་ཉེས་བླང་དོར་ལ་དཔྱོད་པར་མི་བྱེད་པའི་དོན་ནོ། །མུན་པ་ཅན་གྱི་ངང་ཚུལ་དེ་དག་གིས་མ་རིག་པའི་སྐྱོན་བསྟན་པའང་གོ་བར་བྱའོ། །
དེའི་སྤུན་གཉིས་པ་ནི་གཞོན་དུ་འདོད་ལྷའི་བུ་ཞེས་བྱ་བ། གཟུགས་བཟང་ཞིང་བཞིན་རས་མཛེས་པ། འབྲུ་དང་ནོར་བསྲུང་བ་ལ་གོམས་ཤིང༌། ནོར་རྫས་མང་པོས་འབྱོར་བ། རྟག་ཏུ་གླུ་དང༌། གར་དང༌། དགའ་མའི་གཏམ་གྱིས་དུས་འདའ་བ། འདོད་ཡོན་ལ་ལྷག་པར་སྲེད་པས་བརྐམ་པ་དང་སེར་སྣའི་དབང་དུ་གྱུར་ཏེ། སྦྱིན་པ་དང་ཆོག་ཤེས་པ་ལས་རྒྱབ་ཀྱིས་ཕྱོགས་པ་ཞིག་འདུག་གོ་ཞེས་གྲགས་སོ། །
སྤུན་རྒན་པ་གཉིས་པ་འདོད་ལྷའི་བུ་ཞེས་པས་འདོད་ཆགས་མཚོན་པ་ཡིན། དེ་དོན་སླར་ཡང་ཚིགས་སུ་བཅད་པ་ནི
གཟུགས་དང་ལང་ཚོ་དྲེགས་པ་རྣམ་རྒྱས་ཤིང༌། །རྟག་ཏུ་ནོར་དང་དགའ་མའི་གཏམ་ལ་ཆགས། །
སྲེད་པའི་ཆང་གིས་ཀུན་ཏུ་མྱོས་པའི་ཡིད། །བག་མེད་གྱུར་པས་ངོ་ཚའི་གོས་དང་བྲལ། །༡
ལུས་ངན་ལྟ་བུའི་ནོར་གྱིས་ཕྱུག་གྱུར་ཀྱང༌། །ཆོག་ཤེས་མེད་ཅིང་འདོད་ལ་སྲེད་པའི་མིག །
གང་གིས་ཡིད་འོང་དངོས་པོ་རྣམས་མཐོང་བ། །དེ་ནི་བདག་གིར་མ་བཟུང་འགའ་ཡང་མེད། །༢
རྒྱན་ནི། ༡ ཡན་ལག་གཉིས་ཅན་གྱི་གཟུགས་རྒྱན་ཏེ། །ཡང་ན་རང་བཞིན་བརྗོད་པ་དང་གཟུགས་ཅན་སྤེལ་མའོ། དེ་ཡང་འདོད་ཡོན་ལ་སྲེད་པའི་དབང་གིས་བག་མེད་ངོ་ཚ་དང་བྲལ་བ་ནི་དཔེ་ཆང་གིས་བཟི་ནས་ངོ་ཚ་མེད་པར་གྱུར་པ་དང་མཚུངས་པར་བརྗོད་པས་མཚུངས་ཆོས་དངོས་བསྟན་གྱི་ཆོས་གཟུགས་རྒྱན་ཡིན།
༢ཐོག་མ་ཆོས་དཔེ་དང་ཐ་མ་རབ་རྟོག་ཕུལ་བྱུང་གི་རྒྱན་དུ་འདོད། ལུས་ངན་ནི་དྲང་སྲོང་རྣམ་ཐོས་ཀྱི་སྲས་ནོར་ལྷའི་མིང་གི་མངོན་བརྗོད་དེ། རྐང་པ་གསུམ་དང་མཆེ་བ་བརྒྱད་ཅན་མི་སྡུག་པ་ཞིག་ཡོད་པར་བཤད་དོ། །འདོད་ལྷའི་བུའི་ངང་ཚུལ་འདིས་དོན་ལ་འདོད་ཆགས་ཀྱི་ཉེས་དམིགས་བསྟན་པའང་གོ་བར་བྱའོ། །
དེའི་སྤུན་གསུམ་པ་ཞིག་ཤིན་ཏུ་གཏུམ་ཞིང་དྲག་ཤུལ་ཆེ་བ། མདོག་ནག་ཅིང་སྐྲ་དང་ཁ་སྤུ་སེར་བ། བཞིན་འཛུམ་པ་དང་བྲལ་བ། ལུས་རྩལ་ཆེ་ཞིང་མཚོན་ཆ་དང་སྒྱོགས་དང་འཕྲུལ་འཁོར་སོགས་ལ་མཁས་པ། གཞན་ལ་སྡང་ཞིང་བཟོད་པར་དཀའ་བ་དྲག་པོ་ཞེས་བྱ་བ་ཞིག་བྱུང་ངོ༌། །
སྤུན་རྒན་པ་གསུམ་པ་དྲག་པོ་ཞེས་པས་ཞེ་སྡང་མཚོན། དེ་དོན་སླར་ཡང་ཚིགས་སུ་བཅད་པ་ནི།
དེ་ནི་ཤིན་ཏུ་འཇིགས་རུང་གཟུགས་འཛིན་པ། །དཔའ་ཞིང་རྟུལ་ཕོད་དགྲ་འཐབ་རྣམས་ལ་མཁས། །
ཁྲོ་ཞིང་མི་བཟོད་དྲག་པོའི་ཤུགས་འཆང་བ། །ཚིག་ཙམ་གྱིས་ཀྱང་སྐྱེ་བོ་སྐྲག་པར་འགྱུར། །༡
སྐྱེ་བོ་རྣམས་ལ་གཤིན་རྗེའི་ཕོ་ཉ་བཞིན། །སྡིག་ལ་སྲེད་པ་སྲིན་པོ་མངོན་སུམ་བཞིན། །
མཐུ་རྩལ་ཆེན་པོ་ལྷ་མིན་དཔའ་བོ་བཞིན། །མ་རུངས་རྩོམ་པས་གཞན་ལ་འཚེ་བར་བྱེད། །༢
རྒྱན་ནི། ༡ཕུལ་བྱུང་ཉམས་ལྡན། ༢ རྐང་པ་ཐོག་མ་གཉིས་དངོས་དཔེ་དང་ཐ་མ་གཉིས་ཆོས་དཔེ་སྟེ་དཔེ་རྒྱན་སྤེལ་མ་དང༌། འདི་དང་གོང་མ་ལ་དྲག་ཤུལ་དང་འཇིགས་རུང་གི་ཉམས་ཀྱང་ལྡན་ནོ། །དྲག་པོའི་ངང་ཚུལ་དག་གིས་ཞེ་སྡང་གི་ཉེས་དམིགས་མཚོན་པའང་ཤེས་པར་བྱའོ།
དེའི་སྤུན་བཞི་པ་ནི་སྔ་མ་རྣམས་དང་ཚུལ་མི་འདྲ་སྟེ། །དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང་ལྡན་ཞིང་ཡིད་ཤིན་ཏུ་སྐྱོ་བས་འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པ། དབེན་པ་ལ་དགའ་ཞིང་དཀོན་མཆོག་མཆོད་པ་ལ་བརྩོན་པ། སྡིག་པའི་གོ་སྐབས་མི་འབྱེད་པ། དགེ་བ་ཅན་ཞེས་བྱ་བ་ཞིག་འདུག་གོ །
ཞེས་སྤུན་བཞི་པ་དགེ་བ་ཅན་ཞེས་པས་ཆོག་ཤེས་སམ་ངེས་འབྱུང་མཚོན་པ་ཡིན། དེ་དོན་སླར་ཡང་ཚིགས་སུ་བཅད་པ་ནི།
ཤིན་ཏུ་སྐྱོ་བར་གྱུར་པའི་ཡིད་ཅན་དེ། །འཁོར་བའི་ཁྱིམ་ནི་བཙོན་རྭ་ལྟ་བུར་མཐོང༌། །
འདོད་པའི་ལོངས་སྤྱོད་དུག་ཆུ་འདྲར་ཤེས་ནས། །འབྱོར་བ་རྣམས་ལ་ཕྱག་དར་རྩྭ་བཞིན་ལྟ། །༡
འདུ་འཛིས་འཇིཌ་ཤིང་དབེན་པར་གབ་སྟེ་འཁོད། །དད་པའི་མཆི་མས་མིག་ནི་ཡོངས་བཀང་སྟེ། །
ཉིན་དང་མཚན་དུ་དཀོན་མཆོག་མཆོད་བརྩོན་པ། །བསོད་ནམས་འབྲས་བུ་ངོམས་པ་མེད་པ་འདྲ། །༢
རྒྱན་ནི། ༡ དངོས་དཔེ། ༢རབ་སྤེལ་གྱི་རྒྱན་ཏེ། བྱ་བ་རང་བཞིན་བརྗོད་པ་དང་རབ་རྟོག་ཕལ་བ་འདྲེས་ཤིང༌། ནང་ཤེས་བྱེད་ཀྱི་རྒྱུ་ཡང་ངོ། །ད་དུང་འདི་གཉིས་ལ་མྱ་ངན་དང་ཞི་བའི་ཉམས་ལྡན་དུ་ཡང་ཤེས་པར་བྱ། འདྲ་སྒྲ་འདི་དཔེ་དོན་མཚུངས་པར་སྟོན་པའི་མཚུངས་སྒྲ་མིན་པར་དགེ་བའི་ལས་ལ་འབད་པའི་ངང་ཚུལ་དེ་ནི་བསོད་ནམས་ཀྱི་འབྲས་བུས་ཡིད་ཚིམ་པ་མེད་པ་དང་འདྲ་བར་སྣང་ངོ་ཞེས་ཕ་རོལ་པོའི་ངང་ཚུལ་ལ་དོན་མཐུན་གྱི་རབ་རྟོག་བྱས་པའི་རབ་རྟོག་གསལ་བྱེད་ཀྱི་སྒྲ་ཡིན་ལ། རབ་རྟོག་ཕལ་བ་ཞེས་འུད་ཆེན་པོས་བརྗོད་པའི་རབ་རྟོག་དེ་ནི་མ་ཡིན་པའོ། །དགེ་བ་ཅན་གྱི་ངང་ཚུལ་འདིས་ཆོག་ཤེས་དང་ངེས་འབྱུང་གི་ཕན་ཡོན་བསྟན་པའང་གོ་བར་བྱའོ། །
དེའི་ནུ་བོ་ཞིག དམ་པའི་སྤྱོད་པ་ལ་ལེགས་པར་བསླབ་པ། སྙིང་རྗེ་ཆེན་པོས་ཡིད་བརླན་པ། སེམས་ཅན་རྣམས་ལ་ཕན་པར་བརྩོན་པ། རང་གི་སྲོག་ལའང་མི་ལྟ་བར་གཞན་གྱི་དོན་འབའ་ཞིག་བྱེད་པ་ཞིག་བྱུང་བས་དེ་ལ་སྐྱེ་བོའི་ཚོགས་ཀྱིས་མཉེས་གཤིན་བཟང་པོ་ཞེས་འབོད་ཅིང་ལྷག་པར་དགའ་བར་གྱུར་ཏོ། །
སྤུན་ལྔ་བ་ནུ་བོ་མཉེས་གཤིན་བཟང་པོས་སྙིང་རྗེ་དང་བཟོད་པ་མཚོན། དེ་དོན་འདི་སླར་ཡང་ཚིགས་སུ་བཅད་པ་ནི།
བྱམས་དང་སྙིང་རྗེའི་དབང་དུ་གྱུར་པ་དེ། །དགྲ་བོ་ལ་ཡང་ཕ་མ་བཞིན་དུ་ལྟ། །
ཕོངས་པ་རྣམས་ལ་མཉེས་གཤིན་བཟང་པོ་སྟེ། །སྲོག་ལའང་མི་བལྟ་གཞན་ཕན་སྒྲུབ་ལ་འབད། །༡
སྡུག་བསྔལ་གྱུར་པའི་སྐྱེ་བོ་མཐོང་བ་ན། །དེ་ནི་དེ་བས་ལྷག་པའི་སྡུག་བསྔལ་འགྱུར། །
གཞན་དག་བདེ་བས་དེ་ཡིད་དགའ་གྱུར་བ། །རང་ཉིད་བདེ་བས་དེ་ཙམ་མགུ་བ་མེད། །༢
རྒྱན་ནི། ༡དངོས་དཔེ་དང་ཆོས་གཟུགས་འདྲེས་པ། ཆོས་གཟུགས་ཞེས་པ་ནི་ཆོས་དཔེ་ལྟ་བུའི་གཟུགས་ཅན་ཏེ་ནུ་བོ་འདི་ནི་ཕོངས་པའི་སྐྱེ་བོ་རྣམས་མཐོང་དུས་དེ་ལ་རབ་ཏུ་བྱམས་ཤིང་བརྩེ་བའི་གྲོགས་མཆོག་ཡིན། གང་གིས་ཤེ་ན་སྲོག་ལའང་མི་བལྟ་བར་གཞན་ཕན་སྒྲུབ་པའི་མཚུངས་ཆོས་ཀྱི་སྒོ་ནས་སོ་ཞེས་འགྲེལ་དགོས་པས། འདི་ལ་ཁོ་བོས་ཆོས་གཟུགས་ཞེས་མིང་གསར་པས་བསྙད་པ་ལགས། འོན་ཀྱང་སྐབས་འདི་འདྲར་དཔེ་ཅན་རང་ཉིད་མཉེས་གཤིན་བཟང་པོ་དངོས་ཤིག་ཡིན་པས་དེ་དཔེ་རུ་བཀོད་པ་མིན་པར་འདོད་ཀྱང་ཆོག་མོད། སྐབས་འདིར་གཞོན་ནུ་དེ་ནི་ཕ་རོལ་དགྲ་རྣམས་ལ་མཚོན་ན་གང་འདྲ་ཞིག་ཡིན་ཚུལ་དང༌། དེ་བཞིན་དབུལ་པོ་རྣམས་ལ་མཚོན་ན་གང་འདྲ་ཞིག་ཡིན་ཚུལ་དཔེའི་སྒོ་ནས་བརྗོད་ཀྱིན་ཡོད་པ་ཡིན་ནོ། ། ༢ འདི་ལའང་བསྡུར་བའི་དཔེ་ཞེས་བརྗོད་དེ། གཞོན་ནུ་གང་གི་གཞན་དག་གི་བདེ་སྡུག་མཐོང་བ་དེས་རང་ཉིད་བདེ་སྡུག་གི་ཚོར་བ་གང་འདྲ་ཞིག་ཡོང་གི་ཡོད་པ་དེ་བདེ་སྡུག་དངོས་སུ་མྱོང་བའི་སྐྱེ་བོ་དེ་དག་ལས་ཀྱང་ལྷག་པའོ་ཞེས་དེ་དང་བསྡུར་བའི་ཚུལ་གྱིས་བརྗོད་པ་གསལ་ལོ། །མཉེས་གཤིན་བཟང་པོའི་ངང་ཚུལ་འདིས་སྙིང་རྗེར་བཅས་པའི་བཟོད་པའི་ཕན་ཡོན་མཚོན་པའང་ཡིན། །
སྤུན་དྲུག་གི་ཐ་ཆུང་གཞོན་ནུ་ལེགས་པའི་བློ་གྲོས་བྱ་བ། མཁས་ཤིང་ཡིད་གཞུངས་པ། ཤེས་རབ་དང་སྤོབས་པ་ནི་མཆོག་ཏུ་གྱུར། བླང་བ་དང་དོར་བའི་གནས་བརྟགས་པ་ལ་ནི་མཁས། བཟོའི་གནས་དང་རིག་བྱེད་དང་བསྟན་བཅོས་རྣམས་ནི་བྱང༌། དྲན་དང་ཤེས་བཞིན་དུ་ནི་སྤྱོད། བྲམ་ཟེ་དང་རྒན་རབས་ལ་ནི་གུས། ཕོངས་པ་དང་མགོན་མེད་པ་རྣམས་ནི་ཡོངས་སུ་སྐྱོང༌། སྐྱེ་བོ་རྣམས་ལ་ནི་སློབ་དཔོན་དང་འདྲ་བས་གདམས་ངག་སྟོན་པར་བྱེད་དེ། དེ་ལྟ་བུའི་ཡོན་ཏན་མང་པོ་དང་རྟག་ཏུ་འདྲིས་པ་ཞིག་བྱུང་བར་གྱུར་ཏོ། །
སྤུན་ཆུང་ཤོས་ལེགས་པའི་བློ་གྲོས་ཞེས་པ་ནི་ཤེས་རབ་ཀྱི་མཚོན་བྱེད་དུའོ། །དེ་དོན་སླར་ཡང་ཚིགས་སུ་བཅད་པ་ནི།
བློ་ལྡན་དེ་ནི་མཁས་ཀྱང་ང་རྒྱལ་མེད། །ཆེན་པོར་གྱུར་ཀྱང་ཉམ་ཆུང་ཁྱད་མི་གསོད། །
གཞོན་ཡང་ལང་ཚོའི་དྲེགས་པས་རྒྱགས་དང་བྲལ། །བདེ་ཞིང་འབྱོར་ཡང་འདོད་པས་མྱོས་མ་གྱུར། །༡
འཇིག་རྟེན་གཙུག་ལག་གཞུང་ལུགས་ཇི་སྙེད་པ། །དེ་ཡི་ཁོང་དུ་མ་ཆུད་ཅི་ཞིག་ཡོད། །
ཤིན་ཏུ་སྦྱངས་པས་བླང་དོར་གནས་རྣམས་ཀུན། །བློ་ཡིས་རྟོགས་ཏེ་ལེགས་པའི་ཚུལ་ལ་འཇུག །༢
དྲི་མ་མེད་ཅིང་གསལ་བའི་བློ་གྲོས་ནི། །ཆ་ཤས་ཡོངས་རྫོགས་སྟོན་ཟླའི་དཀྱིལ་འཁོར་བཞིན། །
འགྲོ་བ་དག་ལ་ཕན་པའི་ལམ་སྟོན་པ། །སྐྱེ་རྒུ་རྣམས་ལ་ཉི་མ་ལྟ་བུར་སྣང༌། །༣
ཀུན་གྱི་རེ་སྐོང་དཔག་བསམ་ལྗོན་པ་བཞིན། །མང་པོས་བཀུར་བས་ས་སྐྱོང་ཆེན་པོ་བཞིན། །
ལྷུན་པོ་བཞིན་དུ་འཇིག་རྟེན་འདི་ན་བརྗིད། །འོད་ཟེར་སྟོང་ཕྲག་ལྡན་པས་པདྨའི་གཉེན། །༤
ཀུ་མུད་རྒྱས་པའི་ཕྲེང་བས་ཡིད་བཞིན་མཚོ། །ནཌ་ཚལ་རྣམས་ཀྱིས་རི་བོ་བརྒྱན་པ་ལྟར། །
ཡོན་ཏན་ཚོཌ་ཀྱིས་བློ་ཆེན་འདི་ཉིད་མཛེས།༌།༥ དེ་ཡི་མིང་ནི་ལེཌ་པའི་བློ་གྲོས་ཞེས། །
ཤེས་ལྡན་ཀུན་གྱི་རྣ་བའི་རྒྱན་དུ་གྱུར།་ །ངག་གི་སྲད་བུས་ལེགས་པར་བརྒྱུས་པ་ཡི། །
ཡོན་ཏན་གྲགས་པ་རིན་ཆེན་ཕྲེང་བ་བཞིན། །༦
རྒྱན་ནི། ༡ཡོན་ཏན་འགལ་བའི་རྒྱན། ༢འདི་ལ་དྲི་བ་ཕུལ་བྱུང་གི་རྒྱན་ཞེས་མིང་འདོགས་པར་བྱ་སྟེ། དེ་ཡང་དྲི་བའི་ཚུལ་དུ་འུད་ཆེན་པོས་བརྗོད་པས་སོ། །༣ཆོས་དཔེ། ༤རིམ་བཞིན་ཆོས་དཔེ་དང་རྒྱུ་དཔེ། ཡང་ཆོས་དཔེ་རྒྱུ་དཔེ། ༥བསྔགས་པའི་དཔེ། ༦ རིམ་བཞིན་གྱུར་པའི་གཟུགས་རྒྱན་དང་མ་བསྡུས་པའི་གཟུགས་ཅན། དངོས་དཔེ་བཅས་སོ། ། གྱུར་པའི་གཟུགས་རྒྱན་ཞེས་པ་ཡང་ནམ་རྒྱུན་གྱི་ཕྲད་བསྡུས་མ་བསྡུས་པ་དང༌། རྒྱུའི་གཟུགས་ཅན་དང་ཡང་མི་འདྲ་བར་དཔེ་ཅན་གང་དེ་དཔེ་དེའི་ངོ་བོར་གྱུར་སོང་བའི་ཚུལ་དུ་བརྗོད་པ་ཞིག་ཡིན་པས་འདི་ལྟར་བཏགས་ན་འོས་པར་བསམས་སོ། །དེ་ཡང༌། སེན་མོའི་འོད་ཟེར་ནི། མེ་ཏོག་ཏུ་གྱུར་དཔྱིད་ཀྱི་དཔལ། ཞེས་བརྗོད་ཚུལ་དང་འདྲ་ལ། འདི་ནི་འབྲེལ་སྒྲ་བསྡུས་པའི་བརྗོད་ཚུལ་ལས་གཞན་དུ་གྱུར་པས་མིང་ཡང་གསར་པས་བསྙད་ན་དབྱུག་པ་ཅན་གྱི་དགོངས་པ་ལས་འདས་པའི་སྐྱོན་གྱིས་ནི་མི་བརྙས་པར་འཚལ།
ལེགས་པའི་བློ་གྲོས་ཀྱི་ངང་ཚུལ་འདིས་ཤེས་རབ་ཀྱི་ཕན་ཡོན་བསྟན་པའང་གོ་བར་བྱའོ། །གཞན་ཡང་འདྲེན་པའམ་མི་སྣ་འདི་དག་ལས་སྤུན་རྒན་པ་གསུམ་པོས་དགེ་བ་ལས་ལོག་པའི་སྡིག་པའི་ཚུལ་དང༌། སྤུན་གཞོན་པ་གསུམ་གྱིས་དེའི་ལྡོག་ཕྱོགས་དགེ་བའི་ལས་ཚུལ་མཚོན་པས་ན་ཕུ་བོ་གསུམ་ལ་དྲང་ཕྱོགས་ཀྱི་མི་སྣ་དང་ཅིག་ཤོས་དག་ལ་ལྡོག་ཕྱོགས་ཀྱི་མི་སྣ་ཞེས་ཀྱང་བྱའོ།།
ག༽ དེ་ལྟར་གཞོན་ནུར་གྱུར་པ་སྤུན་དྲུག་པོ་དེ་ལྷན་ཅིག་ཏུ་སྤྱོད་ཅིང༌། འཇིག་རྟེན་གྱི་སྐྱོན་དང་ཡོན་ཏན་གསལ་བར་སྟོན་པའི་མེ་ལོང་བཞིན་དུ་གྲོང་ཁྱེར་དེ་ན་འཁོད་དོ། །
འདི་ལ་སྔོན་མེད་དཔེ་རྒྱན་ཞེས་འདོགས་འོས་ཏེ། སྐྱོན་ཡོན་གསལ་བའི་མེ་ལོང་ཡིན་པས་སོ། །
མེ་ཡི་དྲོད་དང་རླུང་གི་ཤུགས་ལྟར་སྐྱོན་དང་ཡོན་ཏན་རྟག་ཏུ་འགྲོགས་ལྡན་གཞོན་ནུ་དེ་དག་ལྷན་ཅིག་གནས་ཀྱང་ཕན་ཚུན་སྤྱོད་པ་མཚུངས་མ་གྱུར། །
སྨན་གྱི་ཤིང་དང་དུག་གི་ནགས་ཚལ་ས་གཞིའི་ངོས་ལ་མཉམ་དུ་སྐྱེ་ཡང་ཕན་དང་གནོད་པའི་རང་བཞིན་ཅན་གྱི་ནུས་པ་སོ་སོར་སྨིན་པ་མཐོང༌། །
རང་བཞིན་ནག་པོའི་སོལ་བ་ལ་ནི་ཡན་ལག་བརྒྱད་ལྡན་ཆུ་ཡིས་བཀྲུས་ཤིང་རས་དཀར་བཟང་པོས་ཡང་ཡང་ཕྱིས་ཀྱང་ཁ་དོག་དཀར་པོར་མི་འགྱུར་ཞིང༌། །
འདམ་རྫབ་ལས་སྐྱེས་འདབ་བརྒྱ་ལྡན་པ་འདམ་ནང་གནས་ཀྱང་འདམ་གྱིས་མི་གོས་དྲི་མ་མེད་ཅིང་དཀར་བའི་མདོག་ཅན་ཆུ་གཏེར་རྣམས་ཀྱི་རྒྱན་དུ་གྱུར། །
འདི་ནི་རབ་སྤེལ་གྱི་རྒྱན་ཏེ། དཔེ་རྒྱན་དང་དོན་གཞན་བཀོད་པའི་རྒྱན། འགལ་བའི་རྒྱན་དང་བཅས་པའོ། །དེ་ཡང་ཞིབ་ཏུ་དབྱེ་ན་རྐང་པ་དང་པོར་གཞོན་ནུ་སྐྱོན་ཅན་གསུམ་དང་ཡོན་ཏན་ལ་གནས་པ་གསུམ་པོ་དག་མཉམ་གཅིག་ཏུ་གནས་པ་ནི་མེ་ཡི་དྲོད་ནི་རླུང་གི་ཁྲོད་དུ་ལྷན་ཅིག་གནས་པ་འདྲར་བརྗོད་པ་ནི་དཔེ་ཡི་ངག་དོན་དེས་དཔེ་ཅན་གྱི་ངག་དོན་གང་མཚོན་པ་ཡིན་ལ། ཡང་ལྷན་ཅིག་གནས་ན་ཡང་ཕན་ཚུན་སྤྱོད་པའི་རང་བཞིན་མི་མཐུན་འགལ་བར་གྱུར་པས་ན་རང་བཞིན་འགལ་བའི་ངག་དོན་དཔེ་ཞེས་འདོགས་པར་འོས་ཤིང༌། རྐང་པ་གཉིས་པར་སྨན་དང་དུག་གཉིས་ནགས་ཚལ་གཅིག་ཏུ་སྐྱེས་ཀྱང་དེ་དག་གི་ཕན་གནོད་ཡོན་ཏན་སོ་སོར་སྨིན་པར་འགྱུར་བའི་དཔེ་གཞན་བཀོད་པས་ན་གཞི་ཐ་དད་པའི་ཡོན་ཏན་འགལ་བའི་དོན་གཞན་བཀོད་པའི་དཔེ་ཞེས་འདོགས། རྐང་པ་གསུམ་པར་སོལ་བ་བཀྲུས་ཀྱང་དཀར་པོར་མི་འགྱུར་བ་ནི་གཞི་གཅིག་གི་བྱ་ལས་འགལ་བའི་དཔེ་དང༌། བཞི་བར་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མི་གོས་པར་དྲི་མེད་དཀར་བ་ཞེས་པ་ནི་གཞི་གཅིག་གི་ཡོན་ཏན་འགལ་བའི་དཔེའོ། །འདིར་འགལ་བའི་དཔེ་ཞེས་བཏགས་དོན་ཡང་དོན་ལ་དངོས་པོ་དེ་དང་གཞོན་ནུ་སྐྱོན་ཅན་གསུམ་དང་ཡོན་ཏན་ཅན་གསུམ་པོའི་དཔེ་རུ་བཀོད་པ་ཞིག་ཡིན་མོད། དཔེ་ཅན་ཡང་ཡང་མ་སྨོས་པར་ཐོག་མར་བརྗོད་པ་གཅིག་པུས་གོ་བར་བྱ་དགོས་པས་ན་དཔེ་ཅན་ཤུགས་བསྟན་གྱི་དཔེ་ཡིན་པས་སོ། །
དེ་ལྟར་དམ་པ་དང་དམན་པ་རྣམས་ལྷན་ཅིག་ཏུ་སྐྱེས་ཀྱང་ཡུན་རིང་པོར་ལེགས་པ་དང་ཉེས་པའི་སྤྱོད་པ་གོམས་པའི་ཕྱིར་ངང་ཚུལ་མཚུངས་པར་མི་འགྱུར་རོ། །ཞེས་ཤེས་པར་བྱའོ། །རབ་ཏུ་བྱེད་པ་དང་པོའོ།། །།
གོང་གི་བརྗོད་དོན་མདོར་བསྡུས་ཏེ་ལེའུ་དང་པོ་རྫོགས་པའོ། །
(འདོན་ཐེངས་རྗེས་མར་མུ་མཐུད་གཟིགས།)
ལྷ་མོ་སྐྱབས། སྨྱུག་མིང་ལ་ཆབ་བྲག་ཕོ་ཉ་སོགས་ཟེར། ད་ལྟ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་དགེ་དང༌། རྩམ་པ་དུས་དེབ་ཀྱི་རྩོམ་སྒྲིག་པ་རེད།