ན་ག་སངས་རྒྱས་བསྟན་དར།

    ༈ ཞུ་དག་གི་ལས་ཀ་དེ་ནི་བསྟན་བཅོས་རྣམས་ཀྱི་ཚིག་དོན་ལ་སྐྱོན་མ་ཞུགས་པ་དང་ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་བྲལ་བ་ཞིག་འོང་བ་ལ་མེད་དུ་མི་རུང་བ་ཞིག་ཡིན། དེང་གི་ཆར་ཞུ་དག་གི་སྐབས་ཚིག་དོན་དང༌། ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་བྲལ་བ་ཙམ་གྱིས་ཆོག་པ་མིན་པར། ད་དུང་དེང་གི་འཇིག་རྟེན་གྱི་ཉེར་སྤྱོད་དང་ཡོངས་སུ་གྲགས་མ་གྲགས་དང༌། བཀོད་ལེགས་ཡོད་མིན་བཅས་ལ་ཡང་ངེས་པར་དུ་མནོ་བསམ་གཏོང་དགོས་པ་ཆགས་ཡོད། ཞུ་དག་རྒྱས་པར་བྱེད་འདོད་ན་ནང་དོན་ཞུ་དག་པ་དང་སྐད་ཡིག་ཞུ་དག་པ་གཉིས་ལོགས་སུ་ཕྱེ་དགོས་པར་མ་ཟད་ཞུ་དག་ཀྱང་དེ་གཉིས་ཀས་བྱས་པ་ཞིག་དགོས། ལྷག་ཆད་ཀྱི་སྐྱོན་དང་བྲལ་བ་ལ་རབ་བྱུང་ན་མི་གཅིག་གིས་སྒྲ་གདངས་དང་བཅས་ཏེ་དག་འདོན་དགོས་པ་དང༌། ཞུ་སྒྲིག་པ་དེ་ཡིས་དེ་དང་ཆབས་ཅིག་བཅོས་དགོས་པ་ཡིན། སྐབས་རེ་སྙན་སུམ་ལ་ཕུལ་དུ་ཕྱིན་པ་ཞིག་ཡིན་ནའང་གཞུང་ག་གེ་མོའི་ནང་དོན་ལ་རྨོངས་ཏེ་ནོར་བ་འོང་བ་ཇི་སྙེད་ཅིག་འོངས་ཤིང༌། ཕྱོགས་མཚུངས་གཞུང་ག་གེ་མོའི་ནང་དོན་ལ་ཕུལ་དུ་ཕྱིན་པ་ཞིག་ཡིན་ནའང་སྙན་སུམ་གྱི་རྣམ་གཞག་ཕྲ་མོ་ལ་རྨོངས་ཏེ་ནོར་བ་འོངས་པ་ཡང་ཇི་སྙེད་ཅིག་ཡོད།
     ནང་དོན་ཞུ་དག་པ་ཞེས་པའི་གོ་དོན་ནི་རིག་གནས་བྱེ་བྲག་པ་དཔེར་ན། ནང་དོན་རིག་པ་དང་གསོ་བ་རིག་པ། ལོ་རྒྱུས་རིག་པ། དེ་བཞིན་སྐར་རྩིས་རིག་པ་སོགས་ཀྱི་གསུང་རབ་དཔར་སྐྲུན་ཞུ་དགོས་མཆིས་ཚེ་རང་ཉིད་སྙན་སུམ་ལ་བྱང་ཆུབ་པ་གཅིག་པུས་མི་ཆོག་ཅིང༌། དེ་ཉིད་རིག་གནས་དེ་དང་དེ་ལ་མཁས་པའི་མཁས་པའི་མདུན་ནས་ཞུ་དག་འགྲོ་དགོས་པ་ཡིན། འོན་ཀྱང་སྤྱིར་བཏང་དཔར་སྐྲུན་རིགས་ལ་ནང་དོན་ཞུ་དག་པ་ཞེས་དམིགས་ཀྱིས་སེལ་བ་ཞིག་མི་དགོས་ཀྱང་དེ་སྐབས་སྐད་ཡིག་ཞུ་དག་པ་རང་ཉིད་ཀྱིས་ནང་དོན་གྱི་འགན་དེ་ཡང་འཁྱེར་དགོས་པ་ཡིན། སྤྱིར་བཏང་གསུང་སྒྲོས་ལྟར་ན། ནོར་འཁྲུལ་མེད་པ་འབྲི་རྩོམ་བྱ་རྒྱུ་ས་ཐོབ་བྱང་ཆུབ་སེམས་དཔའ་རྣམས་ལའང་དཀའ་བའི་གནད་ཅིག་ཏུ་འགྱུར་གྱི་ཡོད་ན་ང་ཚོ་ཚུར་མཐོང་གི་སྐྱེ་བོས་ནོར་འཁྲུལ་མི་བྱེད་པ་ག་ལ་སྲིད། འོན་ཀྱང་རང་གིས་གང་ཤེས་དེ་བསྐྲུན་བྱེད་སྐབས་ནོར་འཁྲུལ་དུ་གྱུར་ན་བློ་ཕམ་གྱི་རང་བཞིན་དང༌། མཁས་རྣམས་ཐུགས་ཁྲེལ་བའི་རྒྱུ་ལས་མ་འདས། དེས་ན་ཞུ་སྒྲིག་པའམ་རྩོམ་སྒྲིག་པ་རྣམས་ཀྱིས་ཞུ་དག་སྐབས་རང་གི་མིག་གཉིས་ཀྱིས་ཞུ་དག་བྱེད་ཀྱི་ཡོད་ཀྱང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་གྱི་གྲངས་ནི་དེ་ལས་སྟོང་འགྱུར་གྱིས་མང་བ་ཡོད་པ་དེ་དྲན་དགོས།
    ཞུ་དག་བྱེད་པའི་སྐབས་སུ་དགོས་འདུན་དང་པོ་དེ་ནི་བོད་ཀྱི་བརྡ་སྤྲོད་པ་ལ་བྱང་ཆུབ་པ་ཞིག་ངེས་པར་དུ་དགོས་པ་ཡིན། དེའི་གོ་དོན་ཡང་ཕྲད་དང་རྣམ་དབྱེ་ཡི་འཇུག་པ་ཕྲ་མོ་ལའང་མ་རྨོངས་པ་ཞིག་དགོས། དེའི་ཡ་གྱལ་ལྟ་བུར་ཤད་ཀྱི་སྐོར་ལ་ཡང་ངེས་པ་རྙེད་པ་དང་ཆགས་ཅིག་དེང་གསར་གཏོད་བྱེད་པའི་ཤད་རྟགས་རྣམས་ལ་རྟོག་དཔྱོད་ཀྱིས་འཇུག་ཐུབ་པ་དགོས། དང་པོ་དེ་ནི་ལེགས་བཤད་ལྗོངས་དབང་དང་རྒྱ་རིམ་པ་བདུན་གྱི་སྐོར་སྔར་ཡོད་དེ་ཉིད་ལ་རང་ངོས་ནས་སློབ་སྦྱོང་བྱ་རྒྱུ་ལས་རྟོག་དཔྱོད་ཀྱི་དགོས་པ་དེ་ཙམ་མེད། གཉིས་པ་གསར་གཏོད་བྱེད་པའི་ཤད་རྟགས་ཐད་ནོར་གླིང་འཇིགས་མེད་བློ་གྲོས་ལགས་ནས་ནོར་མཛོད་སྤྱིའི་འདོན་ཐེངས་བདུན་པར་སྙིང་ཁྲག་གི་དྭངས་མ་ཕྱུང་བའི་འབོད་སྒྲ་ཞེས་པའི་ཆེད་རྩོམ་ནང་བཀོད་པའི་བསམ་ཚུལ་དེར་ངོས་ནས་ཁས་ལེན་གཙང་མ་ཞུ་གི་ཡོད།
      ཞུ་དག་གནང་བའི་སྐབས་ཐ་སྙད་གང་རུང་གི་སྒྲ་བཤད་དང་སྒྲ་འཇུག དེ་བཞིན་དུས་ནམ་ཞིག་ཐ་སྙད་དེ་བེད་སྤྱོད་དུ་ཞུགས་པ་བཅས་ལ་དམིགས་བསལ་གྱི་གོ་བ་ཞིག་ཆགས་པ་དགོས། དེ་དག་ལ་དམིགས་བསལ་གྱི་གོ་བ་ཞིག་མ་ཆགས་ན་རང་ངོས་ནས་བརྒྱ་ཆ་བརྒྱ་ཐམ་པ་འགྲིགས་ཡོད་སྙམ་ཡང་དོན་དུ་མ་འགྲིགས་པ་དེ་འདྲ་མང་པོ་འོང་གི་ཡོད། སྒྲ་བཤད་དང་སྒྲ་འཇུག་གི་གོ་དོན་ཕྱིན་ཅིག་མ་ལོག་པ་མ་བྱུང་ན་ན་ཆུང་ཞེས་པ་བུ་ལོ་གཞོན་ལ་ཡང་འཇུག་པར་སེམས་པ་དང༌། ཆུ་སྐྱེས་ཞེས་པ་ཉ་ལ་ཡང་གོ་བར་སེམས་པ་དང༌། སྐྱབས་འགྲོ་ཞེས་པ་དུད་འགྲོ་ལ་ཡང་ཡོད་པར་སེམས་པ་དེ་འདྲ་འོང་གི་ཡོད། སྒྲ་བཤད་དང་སྒྲ་འཇུག་གི་ཁྱད་པར་ཡག་པོ་ཤེས་ཀྱི་ཡོད་ན་བུ་ལོ་ན་ཆུང་བ་ལ་ན་ཆུང་གི་ཐ་སྙད་མི་འཇུག་པ་དང༌། དེ་བཞིན་ཉ་དང་དུད་འགྲོ་ལ་ཡང་རིམ་བཞིན་ཆུ་སྐྱེས་དང་སྐྱབས་འགྲོ་ཡོད་པའི་ཐ་སྙད་མི་འཇུག་གསལ་པོར་འགྱུར་བ་ཡིན། དཔེར་ན་ཆེ་གེ་མོ་ཞིག་གིས་ན་ཆུང་མང་པོ་ཞིག་སླེབས་འདུག་ཅེས་བརྗོད་པ་ན་ཉན་པ་པོའི་བློ་ངོར་ངང་ངམ་ཤུགས་ཀྱིས་བུ་མོ་གཞོན་གཞོན་མང་པོ་ཞིག་སླེབས་འདུག་ཅེས་གོ་བ་ལས་དེ་ལས་ལྡོག་སྟེ་བུ་གཞོན་གཞོན་མང་པོ་ཞིག་སླེབས་འདུག་ཅེས་པ་ནམ་ཡང་མི་གོ གང་ཡིན་ཟེར་ན། ན་ཆུང་གི་སྒྲ་བཤད་བུ་ཕོ་མོ་གཉིས་ཀར་ཡོད་དུ་ཆུག་ཀྱང་སྒྲ་འཇུག་ནི་བུ་མོ་ཁོ་ནར་ཡོད་པ་ཡིན། དེ་བཞིན་ཆུ་སྐྱེས་སྒྲ་བཤད་ཀྱི་དབང་དུ་བྱས་ན་ཉ་ལ་སོགས་པ་ཆུ་ལས་སྐྱེས་ཚད་ལ་ཡོད་ཀྱང་སྒྲ་འཇུག་གི་དབང་དུ་བྱས་ན་མེ་ཏོག་ཁོ་ན་ལས་གཞན་ལ་མི་འཇུག་པ་ཡིན།
    གཞན་ཡང་ཞུ་དག་གི་སྐབས་སུ་ཐ་སྙད་གང་ཞིག་གི་དུས་ཀྱི་བྱུང་རིམ་ཤེས་དགོས་པ་ཡང་གལ་ཆེན་ཡིན། དཔེར་ན། དམངས་གཙོ་དང་མང་གཙོ་ལྟ་བུ་ལ་མཚོན་ན་ཐ་སྙད་རང་གི་ངོས་ནས་བསམ་བློ་བཏང་བ་ཡིན་ན་དམངས་གཙོ་དང་མང་གཙོ་གཉིས་ཀར་མི་འཐད་པ་མིན་ཡང་བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་ ༡༩༩༡ ལོར་གཞུང་འབྲེལ་ཡིག་ཆར་མང་གཙོ་ཞེས་པའི་དག་ཆ་བཀོལ་རྒྱུར་ཐག་གཅོད་བྱུང་བ་ནས་བཟུང་གཞུང་འབྲེལ་ཡིག་ཆ་ཚང་མར་མང་གཙོ་ཞེས་འབྲི་དགོས་པ་དེ་དུས་རབས་ཉི་ཤུའི་ནང་བྱུང་བའི་སྐད་གསར་བཅད་ལྟ་བུ་ཡིན། དེར་བརྟེན་དེ་རྗེས་ཀྱི་གཞུང་འབྲེལ་ཡིག་ཆ་རྣམས་སུ་དམངས་གཙོ་ཞེས་བྲིས་པ་ཡིན་ན་མི་འཐད་པ་ཡིན། འོན་ཀྱང་དེ་སྔོན་གྱི་ཡིག་ཆ་རྣམས་གལ་ཏེ་བསྐྱར་སྐྲུན་བྱེད་དགོས་བྱུང་ཚེ་དམངས་གཙོ་དེ་མང་གཙོའི་དག་ཆར་བཅོས་པ་ཡིན་ན་དེ་ཡང་མི་འཐད་པ་ཡིན། གཞན་ཡང་མཛད་པ་པོ་དང་མཛད་པ་བོ་ཡང་དེ་བཞིན་ཡིན། མཁས་དབང་དམུ་དགེས་རང་གི་བསྟན་བཅོས་སུ་མཛད་པ་བོ་ཞེས་བྲིས་ན་མི་འཐད་པ་མིན་ཡང་སྔོན་གྱི་བསྟན་བཅོས་གང་ཞིག་ཏུ་མཛད་པ་པོ་ཡོད་པ་དེ་ཉིད་མཛད་པ་བོར་བཅོས་ན་སྐྱོན་དུ་བརྩི་བ་ཡིན།
   ཞུ་དག་གི་སྐབས་སུ་ཞུ་སྒྲིག་པས་རྩོམ་པ་པོ་རྒྱུས་ཡོད་པ་ཡང་གལ་ཆེན་པོ་ཡིན། གལ་ཏེ་ཞུ་སྒྲིག་པར་རྩོམ་པ་པོ་གང་ཞིག་གི་བརྩམས་ཆོས་སུ་དམིགས་བསལ་ཡོད་པ་དེ་འདྲ་རྒྱུས་ཡོད་མིན་ཚེ་སྐབས་རེ་དཀའ་ངལ་འཕྲད་སྲིད། དཔེར་ན། ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱི་བརྩམས་ཆོས་སུ་བདེ་གཤེགས་དང་ལེགས་བཤད་ཅེས་པའི་དག་ཆར་བདེ་གཤེག་ལེག་བཤད་ཅེས་བྲིས་སྐབས་ཞུ་སྒྲིག་པས་ས་མེད་ཀྱི་བདེ་གཤེག་དེ་བདེ་གཤེགས་ས་ཅན་དང་ལེག་བཤད་དེ་ལེགས་བཤད་ས་ཅན་དུ་བཅོས་ན་མི་འཐད་པ་ཡིན། འོན་ཀྱང་ཤད་གུག་ནང་དུ་ལེགས་བཤད་ཅེས་བཅོས་ན་མི་འཐད་པ་མེད། དཔེར་ན་ལེག་ལེགས་བཤད་ལྟ་བུའོ།།
      དེ་བཞིན་རཀཿར་བཀྲས་མཐོང་གི་བརྩམས་ཆོས་སུ་ལས་ཀ་བྱེད་བགྱི་ཡོད་ཅེས་པ་དེར་དག་བཅོས་ཡིན་ཁུལ་གྱིས་ལས་ཀ་བྱེད་ཀྱི་ཡོད་ཅེས་བཅོས་ན་མི་འཐད་པ་ཡིན། འོན་ཀྱང་གོང་མཚུངས་ཤད་གུག་ནང་བཅོས་ན་དམིགས་བསལ་ཡིན། དཔེར་ན། ལས་ཀ་བྱེད་བགྱི་ཀྱི་ཡོད་ལྟ་བུའོ།།
     དེང་རྩོམ་པ་པོ་གྲགས་ཆེན་གྲགས་ཆུང་དུ་མས་ཁོ་བོ་དང་ཁོ་མོ་ཞེས་པའི་ཐ་སྙད་དེར་མནོ་བསམ་ཡེ་ནས་མ་བཏང་སྟེ་གྱ་ཚོམ་གྱིས་ཁོ་བོ་དང་ཁོ་པ་དོན་གཅིག་ཏུ་བསམས་ཏེ་རང་གི་བརྩམས་ཆོས་སུ་དེ་ཉིད་ཁོ་པ་དང་དོན་གཅིག་ཏུ་བེད་སྤྱོད་བྱས་པ་དེ་འདྲ་མང་པོ་ཡོང་གི་འདུག དེ་ནི་ཤིན་ཏུ་མི་འཐད་པ་ཆེན་པོ་ཡིན། ཁོ་བོ་དང་ཁོ་མོ་ནི་ང་ཞེས་པའི་དོན་ཡིན། སྐྱེས་པ་ཞིག་གིས་ང་ཞེས་བརྗོད་དགོས་ན་ཡིག་སྐད་དུ་ཁོ་བོ་དང་བུད་མེད་ཅིག་གིས་ང་ཞེས་བརྗོད་དགོས་ན་ཡིག་སྐད་དུ་ཁོ་མོ་ཞེས་འབྲི་བ་ཡིན། གཞན་ཡང་ཁ་ཅིག་གིས་ནམ་ཡང་ཞེས་པ་རྟག་ཏུ་ཡི་དོན་དུ་འབྲི་བ་མཐོང་ཞིང་དེ་ཉིད་མི་འཐད། དཔེར་ན་རྒྱ་གར་ནི་བོད་ལ་ནམ་ཡང་བཀའ་དྲིན་ཆེ་བ་ཡིན་ཞེས་པ་ནི་ཚིག་སྦྱོར་མི་ལེགས་ཤིང༌། དེའི་གོ་སར་རྒྱ་གར་ནི་བོད་ལ་རྟག་ཏུ་བཀའ་དྲིན་ཆེན་པོ་ཡིན་ཞེས་བཅོས་དགོས། ལར་ནས་ནམ་ཡང་ཞེས་པ་འདི་ཕལ་ཆེ་བར་དགག་སྒྲས་དྲངས་དགོས་པའི་ཕྲད་ཅིག་ཡིན། དཔེར་ན། གནས་ཚུལ་དེ་འདྲ་ནམ་ཡང་མི་འོང་ལྟ་བུའོ། །འོན་ཀྱང་ཁྱབ་པ་ནི་མེད་དེ་ཤར་གངས་རི་མ་ལས། དྲིན་ཇི་བཞིན་འཁུར་བར་མ་ནུས་ཀྱང༌། །སེམས་ཆགས་སྡང་དབང་དུ་མ་སོང་བར། །མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན། །ཞེས་པའི་ནམ་ཡང་གིས་དགག་སྒྲ་མ་དྲངས་སོ། །ཡང་འགའ་ཞིག་གིས་ནམ་གྱི་གོ་སར་གནམ་ཞེས་བྲིས་པ་དེ་འདྲའང་མཐོང་རྒྱུ་འདུག དཔེར་ན་ནམ་མཁའ་ལ་འཕྱར་ཞེས་པར་གནམ་མཁའ་ལ་འཕྱར་ཞེས་པ་ལྟ་བུའོ། འདི་ནི་ནོར་འཁྲུལ་ཡིན་པ་ཁ་ཚོན་བཅད་ནས་ཞུ་ཐུབ།
      ཡང་འགའ་ཞིག་གིས་ཕ་དོན་གྲུབ་ཅེས་བརྗོད་རྒྱུར་ཕ་ལགས་དོན་གྲུབ་ཅེས་པ་དང༌། ཡང་འགའ་ཞིག་གིས་སྐུ་ངོ་བསྟན་འཛིན་ལགས་ཞེས་བརྗོད་རྒྱུར་སྐུ་ངོ་ལགས་བསྟན་འཛིན་ཞེས་པ་དང༌། ཡང་འགའ་ཞིག་གིས་ཆེ་མགོ་ ྋབཀུར་སྟི་ཞུ་ཡུལ་མཐའ་དག་ལ་འབྲི་ཡི་འདུག་པ་འདི་ནི་བོད་མིའི་སྤྱི་སྲོལ་དང་མི་མཐུན་པར་སྙམ། ཆེ་མགོ་གང་དུ་འབྲི་ཡུལ་ནི་ཕལ་ཆེར་ཡུལ་གཅིག་ཏུ་ངེས་པས་དེ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྲེང་ན་རིམ་རྣམས་ཡིན། ཆེ་མགོ་མེད་ན་བཀུར་སྟི་མི་ཞུ་བའི་གོ་དོན་མིན་པ་དེ་གསལ་པོར་མཁྱེན་དགོས། དཔེར་ན། སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་ལས་ལྷག་པའི་བཀུར་སྟི་ཞུ་ཡུལ་གཞན་ཞིག་མེད་ཀྱང་སྟོན་པ་ལ་ཆེ་མགོ་མི་འབྲི་བ་ཡིན། ྋགོང་ས་མཆོག་ལ་ཆེ་མགོ་ཕུལ་བའི་རྒྱུ་མཚན་ནི་ཕལ་ཆེར་གང་ཉིད་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་འཁྲིད་ཡིན་པའི་ཆ་ནས་སོ།།
     ཡང་འགའ་ཞིག་གི་མིང་རྐྱང་ཚང་མར་ད་ལྟ་བ་འབྲི་དགོས་པར་སེམས་ཏེ་དྲིལ་བསྒྲགས་དང་ཁྱབ་བསྒྲགས་ཀྱི་དོད་དུ་དྲིལ་སྒྲོག་དང་ཁྱབ་སྒྲོག་ཅེས་པ་བྲིས་པའང་སྣང༌། ཐ་སྙད་འདི་རིགས་ལ་ཅུང་ཟད་དཔྱད་ན། གཉན་ཆེན་ཐང་ལྷའི་གསར་ཤོག་ཏུ་རང་རེ་ཚང་མས་རྒྱུན་དུ་བེད་སྤྱོད་བྱེད་བཞིན་པས་མ་ཚད་དེ་སྔ་བོད་གཞུང་ལས་ཁུངས་གཅིག་གི་མིང་དུ་ཡང་གྱུར་པའི་དྲིལ་བསྒྲགས་ཞེས་པའི་ཐ་སྙད་དེའི་དག་ཆར་འགྱུར་བ་ཞིག་བཏང་སྟེ་ཁྱབ་སྒྲོག་ཅེས་བཀོད་འདུག དེ་ལས་འཕྲོས་ཏེ་ཁྱབ་བསྒྲགས་ཞེས་པའི་ཐ་སྙད་དེའི་དག་ཆར་འགྱུར་བ་ཞིག་བཏང་སྟེ་་དྲིལ་སྒྲོག་ཅེས་བཀོད་འདུག དཔེ་མཚོན་དུ་གསར་ཤོག་དེའི་འདོན་ཐེངས་བཅུ་དགུ་པའི་ཤོག་ངོས་གཉིས་པར་བཀའ་སློབ་དྲིལ་སྒྲོག་ཅེས་དང༌། ཤོག་ངོས་གསུམ་པར་མགྲིན་པ་ན་རག་བར་ཁྱབ་སྒྲོག་བྱེད་པའི་མཇུག་འབྲས། དེ་བཞིན་ཤོག་ངོས་བཞི་པར་རང་བཙན་ཁྱབ་སྒྲོག་ཅེས་བཀོད་འདུག
    སྤྱིར་བཏང་རང་རེའི་བོད་ཡིག་ནང་དག་ཆ་མི་མཐུན་པ་མི་ཉུང་བ་ཞིག་ཡོད་པ་དེ་དག་ལ་མཁས་པ་སོ་སོའི་བཞེད་པ་མི་འདྲ་བ་ཡོད་པ་སྨྲོས་མེད་ཐོག་སྔོན་བྱོན་མཁས་པའི་གསུང་རབ་གང་རུང་ཞིག་ལ་གཞི་བཅོལ་བ་མ་གཏོགས་རྟོག་བཟོའི་དབང་གིས་བྲིས་པ་དཀོན། ལྷག་པར་ཐ་སྙད་གསར་པ་བཟོ་བའམ་ཡང་ན་སྔར་ཡོད་ཐ་སྙད་ལ་འགྱུར་བ་ཞིག་གཏོང་བར་འདོད་ན་རྟགས་འཇུག་ནས་གསུངས་པའི་སྒྲ་མཐུན་གྱི་སྐོར་དང་ཡུལ་སྲོལ་གོམས་གཤིས་དང་བེད་སྤྱོད་ཀྱི་དབང་གིས་ཡོངས་གྲགས་སུ་གྱུར་པའི་ཐ་སྙད་རྣམས་ལ་དམིགས་བསལ་གྱི་ཐུགས་སྣང་གནང་དགོས་པ་ལས་སྣང་མེད་དུ་འཇོག་མི་རུང༌། སྤྱིར་ན་འོལ་ཚོད་ཅིག་བྱས་པ་ཡིན་ན་གཉན་ཆེན་ཐང་ལྷའི་གསར་ཤོག་ཏུ་དྲིལ་སྒྲོག་དང་ཁྱབ་སྒྲོག་ཅེས་བཀོད་པའི་སྐབས་སུ་དགོངས་པ་བཞེས་ས་ནི་ཁྱབ་བསྒྲགས་དང༌། དྲིལ་བསྒྲགས་ནི་མིང་རྐྱང་ཡིན་པ་དང༌། མིང་རྐྱང་ཡིན་ན་ད་ལྟ་བའི་དག་ཆ་འབྲི་དགོས་པར་བསམ་པར་ཡིན་པར་དོགས། ཡིན་ནའང་རང་ཉིད་ཀྱིས་ཁ་ཚོན་གཅོད་ག་ལ་ནུས་ཏེ་མི་ཡི་རྒྱུད་ཚོད་མི་ཡིས་ལོངས་དཀའ་བའི་ཕྱིར། གལ་ཏེ་རང་ཉིད་ཀྱི་འོལ་ཚོད་དེ་བདེན་པ་ཡིན་པའི་དབང་དུ་བཏང་ན་ནི། ཁྱེད་རྣམས་ཀྱིས་ཁྱབ་སྒྲོག་དང་དྲིལ་སྒྲོག་བེད་སྤྱོད་བྱས་པ་དེ་མི་འཐད་ཅེས་བརྗོད་འདོད་ཡོད། གང་ཡིན་ཟེར་ན། དུས་གསུམ་ཅི་རིགས་དང༌། དུས་གསུམ་གང་རུང་མ་ཡིན་པ། དེ་བཞིན་སྐུལ་ཚིག་དང་བཅས་པ་ལས་གྲུབ་པའི་མིང་རྐྱང་དུ་མ་ཡོད་པའི་ཕྱིར། དཔེ་མཚོན་ལྟ་བུར། སློབ་དཔོན་ལྟ་བུ་ད་ལྟ་བ་དང༌། བསླབ་བྱ་ལྟ་བུ་མ་འོངས་པ་དང༌། དགྲ་བཅོམ་པ་ལྟ་བུ་འདས་པ་དང༌། ཐོངས་མཆན་ལྟ་བུ་སྐུལ་ཚིག་དང༌། སྐྱབས་འགྲོ་ལྟ་བུ་དུས་གསུམ་གང་རུང་མ་ཡིན་པ་ལས་གྲུབ་པའི་མིང་རྐྱང་གི་དཔེར་བརྗོད་ཡིན།
   འོ་ན་དེང་ཕྱོགས་བསྒྲིགས་ལ་ཕྱོགས་སྒྲིག་དང༌། སྒྲིགས་གཞི་ལ་སྒྲིག་གཞི་ལྟ་བུ་བྲིས་པ་མང་པོ་འདུག་ན། དེ་དག་ལ་ཁྱེད་ཀྱིས་ཅི་ཟེར་རྒྱུ་ཡིན་ཞེས་གལ་ཏེ་དྲི་བ་འདོན་པ་བྱུང་ན། དེ་ལ་འདི་ལྟར་སྨྲ་སྟེ། དྲིལ་བསྒྲགས་ལ་དྲིལ་སྒྲོག་ཅེས་པ་རྟགས་འཇུག་ནས་གསུངས་པའི་སྒྲ་མཐུན་གྱི་ལེགས་བཤད་དང་འགལ་བས་ཐད་པ་མ་ཡིན་ལ། ཕྱོགས་སྒྲིགས་ལ་ཕྱོགས་སྒྲིག་ཅེས་པ་དེ་རྟགས་འཇུག་གི་སྒྲ་མཐུན་གྱི་ལེགས་བཤད་དང་མི་འགལ་བས་འཐད་དོ། །དེ་བཞིན་ཁྱབ་བསྒྲགས་ལ་ཁྱབ་སྒྲོག་ཅེས་པ་དེ་རྟགས་འཇུག་གི་སྒྲ་མཐུན་གྱི་ལེགས་བཤད་དང་འགལ་བ་ཡིན་པས་འཐད་པ་མ་ཡིན་ལ། དེ་ལས་ལྡོག་སྟེ་སྒྲིགས་གཞི་ལ་སྒྲིག་གཞི་ཞེས་བྲིས་པ་དེ་རྟགས་འཇུག་གི་སྒྲ་མཐུན་གྱི་ལེགས་བཤད་དང་མི་འགལ་བས་འཐད་པར་ཁས་འཆེས་སོ། །དྲིལ་བསྒྲགས་དང་དྲིལ་སྒྲོག་གཉིས་ཀར་རྟགས་མཚུངས་མེད་པར་མཉམ་ནའང༌། དང་པོ་དེར་བརྗོད་བདེ་ཡོད་པ་དང༌། ཕྱི་མ་དེར་བརྗོད་བདེ་མེད་པ་དེས་དང་པོ་དེར་སྒྲ་མཐུན་ཡོད་པ་དང༌། ཕྱི་མ་དེར་སྒྲ་མཐུན་མེད་པར་བསྟན་ཡོད། འོན་ཀྱང་ཕྱོགས་བསྒྲིགས་དང་ཕྱོགས་སྒྲིག་གཉིས་ཀར་རྟགས་མཚུངས་མེད་པར་མཉམ་ནའང་གཉིས་ཀར་བརྗོད་བདེ་ཡོད་པས་དང་པོ་དེ་འཐད་པ་དང་ཕྱི་མ་དེ་མི་འཐད་ཅེས་རང་ཉིད་སྨྲ་བར་མི་འདོད། དྲིལ་བསྒྲགས་དང་དྲིལ་སྒྲོག་གཉིས་ལ་སྒྲ་མཐུན་ཡོད་མེད་ཀྱི་ཁྱད་པར་གཙོ་བོ་ནི་འཕུལ་དང་ཡང་འཇུག་ཡོད་མེད་དེ་ལ་ཐུག་པ་མ་ཡིན། དེ་གཉིས་སུ་བརྗོད་བདེ་ཡོད་མིན་ནི་དབྱངས་ཀྱིས་བརྒྱན་མ་བརྒྱན་ལ་ཐུག་པ་ཡིན།
   དེར་བརྟེན་མིང་རྐྱང་ལ་ད་ལྟ་བའི་དག་ཆ་འབྲི་བའི་རྩོལ་བ་དེ་མི་འཐད་པ་མིན་ནའང༌། གལ་ཏེ་དེར་དབྱངས་ཀྱི་འགྱུར་བ་འགྲོ་གི་འདུག་ན་ཤིན་ཏུ་གཟབ་དགོས་པ་ཡིན། ཁྱེད་རང་གིས་ཅི་བཤད་ཀྱང་མིང་རྐྱང་ལ་ད་ལྟ་བ་འབྲི་བ་དེ་ང་རང་གི་ལུགས་ཡིན་ཞེས་ལུགས་ངན་མི་འདོར་ན་ནི་གོང་དུ་འཁོད་པའི་བསླབ་བྱ་ལ་སློབ་བྱེད་དང༌། དགྲ་བཅོམ་པ་ལ་དགྲ་འཇོམས་པ། ཐོངས་མཆན་ལ་གཏོང་མཆན། སྐྱབས་འགྲོ་ལ་སྐྱོབ་འགྲོ་ཞེས་འགྱུར་བ་ཞིག་བཏང་སྟེ་འབྲི་དགོས་པར་ཐལ། གང་ལགས་ཤེ་ན། དྲིལ་བསྒྲགས་ལ་དྲིལ་སྒྲོག་དང༌། ཁྱབ་བསྒྲགས་ལ་ཁྱབ་སྒྲོག་ཅེས་བྲིས་ཟིན་པ་དང༌། གསལ་བསྒྲགས་ལ་གསལ་སྒྲོག་དང་ཆེད་བསྒྲགས་ལ་ཆེད་སྒྲོག་ཅེས་འབྲི་བར་འགྱུར་བ་རྣམས་དང་འབྲེལ་ཆགས་པར་ཡོང་བར་ཕན་ངེས། ཡང་རྒྱུ་མཚན་གཞན་ཞིག་གསལ་བཤད་གནང་རྒྱུ་ཡོད་ན་ནི་དགའ་བའི་འཛུམ་གྱིས་བསུ་བར་སྤྲོའོ། །མིང་རྐྱང་ལ་དུས་གསུམ་ཅི་རིགས་དང་ཡང་ན་དུས་གསུམ་གང་རུང་མིན་པར་འབྲི་དགོས་པ་བཤད་པ་འདིར་བསྟན་བཅོས་ཀྱི་རྒྱབ་རྟེན་ཡང་ཡོད་དེ། ཇི་སྐད་དུ། དེར་མ་ཟད་བོད་སྐད་ཀྱི་མིང་འདོགས་ཚུལ་དུ་མ་ཡོད་དེ། བྱེད་ཚིག་སྒོ་ནས་བརྗོད་ཚུལ། ལས་སམ་བྱ་ཡུལ་གྱི་སྒོ་ནས་བརྗོད་ཚུལ། བྱ་བ་བྱས་པའི་འབྲས་བུའི་སྒོ་ནས་བརྗོད་ཚུལ། སྐུལ་ཚིག་གིས་བརྗོད་ཚུལ། བྱ་བྱེད་སོགས་གང་དུའང་མི་གཏོགས་པའི་བརྗོད་ཚུལ་སོགས་ཡོད་པ་ལས། བྱེད་ཚིག་གིས་བརྗོད་པའི་མིང་ནི་སྒྲུབ་ཐབས་ཞེས་པའི་སྒྲུབ་དང༌། ཆོས་སྲུང་ཞེས་པའི་སྲུང་སོགས་ལྟ་བུ་དང༌། བྱ་ཚིག་གིས་བཏགས་པའི་མིང་ནི་བྱིན་བརླབ་ཅེས་པའི་བརླབ་དང༌། བསྟན་བཅོས་ཞེས་པའི་བསྟན། བསླབ་གསུམ་ཞེས་པའི་བསླབ་པ་ལ་སོགས་པ་ལྟ་བུ་ཡིན། བྱ་བ་བྱས་པའི་འབྲས་བུའམ་འདས་ཚིག་གིས་མིང་བཏགས་པ་ནི། སྡོང་པོ་བཀོད་པའི་མདོ་ཞེས་པའི་བཀོད་པ་དང༌། དགྲ་བཅོམ་པ་ཞེས་པའི་བཅོམ་པ་ལྟ་བུ་ཡིན། སྐུལ་ཚིག་གིས་མིང་བཏགས་པ་ནི་ཡིད་སྲུབས་ཞེས་པའི་སྲུབས་དང༌། མགུལ་ཆིངས་ཞེས་པའི་ཆིངས། ཟློས་སྐྱོན་ཞེས་པའི་ཟློས་པ་རྣམས་ཡིན། བྱ་བྱེད་སོགས་གང་དུ་ཡང་མི་གཏོགས་པའི་མིང་ནི་བྱིན་རླབས་དང༌། ཁང་བརྩེགས་ཞེས་པའི་བརྩེགས་དང༌། དུལ་བ་ཞེས་པའི་དུལ་བ་དང༌། ཚོང་པ་ཞེས་པའི་ཚོང་ལྟ་བུ་རྣམས་ཡིན། ཞེས་གསུངས་སོ། །
  གཞན་ཡང་སྐབས་དོན་ལ་བལྟ་དགོས་པ་ནི་ཤིན་ཏུ་གལ་ཆེ་སྟེ། དཔེར་ན། བསྟན་འགྱུར་དང་བརྟེན་འགྱུར་གཉིས་ནས་གང་ཞིག་འཐད་པ་ཡིན་ནམ་ཞེ་ན། གཉིས་ཀ་འཐད་པ་ཡིན། འོན་ཀྱང་གདམ་ང་མིན། བསྟན་འགྱུར་འབྲི་སར་བརྟེན་འགྱུར་འབྲི་མི་རུང༌། དེ་བཞིན་བརྟེན་འགྱུར་འབྲི་སར་ཡང་བསྟན་འགྱུར་འབྲི་མི་རུང༌། ཐུབ་པ་ཤཱཀྱ་ཐུབ་པའི་དགོངས་འགྲེལ་བསྟན་བཅོས་བོད་སྐད་དུ་བསྒྱུར་བ་རྣམས་ལ་བསྟན་འགྱུར་དང༌། བོན་གྱི་གཞུང་ལུགས་གང་ཞིག་བོན་སྟོན་གཤེན་རབ་ཀྱི་གསུང་རབ་ལ་བརྟེན་པ་བོད་སྐད་དུ་བསྒྱུར་བ་རྣམས་ལ་བརྟེན་འགྱུར་ཞེས་འབྲི་དགོས་པ་ཡིན། དེ་བཞིན་གནས་བརྟན་དང་གནས་རྟེན། རྒྱལ་གཅེས་དང་རྒྱས་བཅད། གནའ་འབྲེལ་དང་མནའ་འབྲེལ། བྱ་བྲལ་དང་བྱ་བྲེལ། བོང་དང་བོངས། ཕས་རྒོལ་དང་ཕར་རྒོལ། བརྩེ་དང་རྩེ། འཇིག་དང་འཇིགས། མངོན་བརྗོད་དང་མངོན་སྤྱོད། བཤད་སྒྲུབ་དང་དངོས་གྲུབ། ས་བཅད་དང་ས་དཔྱད། ལུང་རིགས་དང་ཤེས་རིག མཆོད་བརྗོད་དང་ཆོས་སྤྱོད། མཆོད་པ་དང་ཆོས་པ། སུམ་ཅུ་དང་གསུམ་བཅུ། སྐད་གདངས་དང་སྐས་གདང་ལ་སོགས་པ་རྣམས་ཚིག་གི་སྒྲ་ཙམ་འདྲ་ནའང་དོན་ལ་ཁྱད་པར་ཤིན་ཏུ་ཆེ་བས་གཟབ་དགོས་སོ།།
    དེ་ཡང་རྒྱལ་གཅེས་དང་རྒྱས་བཅད་ལ་དཔྱད་པ་ཐུང་ངུ་ཞིག་བྱས་པ་ཡིན་ན་རྒྱལ་གཅེས་ཞེས་པ་ནི་རང་གི་རྒྱལ་ཁབ་དང་མི་རིགས་ལ་གཅེས་ཞེན་ཆེ་ཞིང༌། དེ་ཡི་དོན་དུ་དགོས་གལ་བྱུང་བསྟུན་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡང་བློས་གཏོང་བྱ་རྒྱུར་ཐེ་ཚོམ་སྤུ་ཙམ་མི་བྱེད་པའི་བསམ་བློ་བཟང་པོ་ཞིག་ལ་ཟེར། དེ་འདྲ་གང་ལ་ལྡན་པའི་སྐྱེས་བུ་དེ་ལ་རྒྱལ་གཅེས་པ་ཟེར་ཞིང༌། སྐྱེས་བུ་དེ་ལ་རྒྱལ་ཁབ་ཀྱི་གཞུང་མང་ཡོངས་ནས་བསྟོད་བཀུར་བསྔགས་པར་འོས་པ་ཡིན། དཔེར་ན་རྒྱལ་གཅེས་པ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལྟ་བུའོ། །འོན་ཀྱང་རྒྱས་བཅད་ཅེས་པ་ནི་གཞུང་ངམ་སྒྲིག་འཛུགས་གང་ཡང་རུང་བ་ཞིག་ན་ཡོངས་ཁྱབ་གཏན་འབེབས་བྱས་ཏེ་ཚང་མས་རྩ་འཛིན་བྱ་རྒྱུའི་ཁྲིམས་ཀྱི་ཕྱག་རྒྱས་བཅིངས་པའམ་བཅད་པའི་བཀས་བཅད་ལྟ་བུ་ཞིག་ལ་ཟེར། དེང་དུས་མང་པོ་ཞིག་གིས་རང་རེའི་དེབ་ལྗང་ཁུ་དེར་རྒྱལ་གཅེས་མ་དངུལ་དང༌། སྐབས་རེ་རང་བཙན་ལག་དེབ་ཀྱང་ཟེར་བ་ཡིན། འོན་ཀྱང་ལག་དེབ་ལྗང་ཁུའི་དངུལ་འབུལ་བྱེད་པ་ནི་དང་ཐོག་བོད་མི་མང་པོ་ཞིག་གིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དཔལ་འབྱོར་གྱི་རྒྱབ་རྟེན་དུ་ཕུལ་བ་ཡིན་ཡང་རིམ་གྱིས་དེ་ཉིད་རང་གི་རྒྱལ་ཁབ་དང་མི་རིགས་ལ་གཅེས་མིན་གྱི་སོ་མཚམས་ཤིག་མིན་པར། བོད་གཞུང་ནས་ཁྲིམས་སུ་བཅས་པའི་རྒྱས་བཅད་ཀྱི་བསྡུ་དངུལ་ཞིག་ཏུ་གྱུར་ཡོད། དེས་ན་རང་གི་བསམ་ངོར་བོད་ཀྱི་ཡུལ་མི་ཚང་མས་ངེས་པར་དུ་འབུལ་དགོས་པའི་བསྡུ་དངུལ་དེ་དག་ལ་རྒྱས་བཅད་ཀྱི་བསྡུ་དངུལ་ཟེར་དགོས། དེ་ནི་བོད་མི་ཡིན་ནོ་ཅོག་གིས་དབུལ་རྒྱུའི་བསྡུ་དངུལ་དེ་ཡིན་ནའང་འདྲ། ཡང་ན་དེ་ལས་གཞན་པའི་བརྒྱ་ཆ་བསྡུ་དངུལ་དེ་ཡིན་ནའང་འདྲ། གང་ལྟར་གཉིས་ཀར་རྒྱས་བཅད་ཡིན་པ་ལས་རྒྱལ་གཅེས་བསྡུ་དངུལ་མིན། བརྒྱ་ཆ་དེ་རྒྱས་བཅད་ཡིན་པར་བརྟེན་བོད་མི་ཁེ་ཡོད་ཚང་མས་འབུལ་དགོས། འོན་ཀྱང་མི་མང་གིས་འབུལ་མ་ཐུབ་པ་དང་གཞུང་གིས་ལེན་མ་ཐུབ་པ་ནི་གཞུང་མང་གཉིས་ཀའི་ངོས་ནས་མ་འཇོན་པའི་རྟགས་ལྟ་བུ་ཡིན། དེ་ལས་གཞན་པ་དང་བླངས་ཀྱིས་གཞུང་ལ་དངུལ་ཞལ་འདེབས་སུ་ཕུལ་བ་ཡིན་ན་དེ་ནི་རྒྱས་གཅེས་ཡིན་ལ་རྒྱས་བཅད་མིན། གང་ལྟར་རྒྱས་བཅད་བསྡུ་དངུལ་ནི་དཔྱ་ཁྲལ་ཡིན་ཞིང་རྒྱལ་གཅེས་མ་དངུལ་ནི་དཔྱ་ཁྲལ་མིན།
      གནས་བརྟན་དང་གནས་རྟེན་ལ་དཔྱད་པ་ཐུང་ངུ་ཞིག་བྱས་ན། གནས་བརྟན་ནི་དམ་ཆོས་འདུལ་བ་ནས་གསུངས་པའི་དགེ་སློང་བསྒྲུབས་ནས་ལོ་ངོ་ཉི་ཤུར་སོན་པའི་བསླབ་པ་བགྲེས་པའི་དགེ་སློང་རྣམས་ལ་ཞུ་བ་ཡིན། དཔེར་ན། གནས་བརྟན་དབུ་དཀར་པོ་ཞལ་མར་གཟིགས་ལྟ་བུ་དང༌། ཡང་ན་འཕགས་པའི་གནས་བརྟན་བཅུ་དྲུག་ལ་ཟེར། འོན་ཀྱང་གནས་རྟེན་ནི་གནས་རྩ་ཆེན་རྒྱ་གར་རྡོ་རྗེ་གདན་ལྟ་བུ་དང༌། རྟེན་རྩ་ཆེན་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་རྟེན་ལྟ་བུ་ལ་གོ་བ་ཡིན། དཔེར་ན། རྒྱ་གར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་བྱིན་གྱིས་བརླབས་པའི་གནས་རྟེན་བསམ་གྱིས་མི་ཁྱབ་པ་བགྲང་བ་ལས་འདས་པ་མཇལ་དུ་ཡོད་ལྟ་བུའོ།།
      གནའ་འབྲེལ་དང་མནའ་འབྲེལ་གཉིས་ནས་གས་འཕུལ་གནའ་འབྲེལ་ནི་ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུལ་དབར་ལོ་རྒྱུས་རིང་མོ་ལྡན་པའི་ཆེས་གནའ་བོའི་འབྲེལ་ལམ་དེ་ལ་ཞུ་བ་ཡིན། དཔེར་ན། རྒྱ་གར་དང་བོད་དབར་ཆོས་དང་རིག་གཞུང་གི་གནའ་འབྲེལ་ཡོད་པ་ལ་བརྟེན་ནས་དུས་དེང་སང་ཡང་རྒྱལ་ཁབ་ཕན་ཚུན་དབར་ཕུ་ནུ་བཞིན་དུ་གནས་ཐུབ་པ་བྱུང་བ་ཡིན། མས་འཕུལ་མནའ་འབྲེལ་ནི་ཁྱིམ་མཆེས་རྒྱལ་ཁབ་གཉིས་སོགས་ཀྱི་དབར་མནའ་འམ་ཁས་ལེན་གྱིས་བཅིངས་པའི་འབྲེལ་ལམ་ལ་ཞུ་བ་ཡིན། དཔེར་ན། རྒྱལ་ཁབ་གཉིས་དབར་དམག་དང་དཔལ་འབྱོར་གྱི་མནའ་འབྲེལ་བཞག་པ་ལྟ་བུ་ཡིན།
    གོང་གསལ་དཔེ་མཚོན་འགའ་ཞིག་ནི་ཚིག་སྒྲ་འདྲ་ནའང་དོན་མི་འདྲ་ཙམ་ལས་དོན་དུ་དག་ཆ་གཉིས་ཀ་འགྲིགས་པ་ཡིན། གཞན་ཡང་ཚིག་སྒྲ་འདྲ་ནའང་གཅིག་འགྲིགས་ལ་གཅིག་ཤོས་ནོར་བ་དེ་འདྲ་ལ་ཡང་ང་ཚོས་ངེས་པར་དོ་སྣང་བྱེད་དགོས། དཔེར་ན། ཚར་དུ་དངར་བ་ལ་མཚར་དུ་དངར་བ། གདུག་རྩུབ་ལ་སྡུག་རྩུབ། བདེན་མཐའ་གསལ་ཆེད་ལ་བདེན་མཐའ་སེལ་ཆེད། ཁ་ཚོན་ལ་ཁ་མཚོན། དབུ་སྔས་ལ་དབུ་རྔས། ཅོད་པན་ལ་ཅོད་པཎ། ཐོངས་མཆན་ལ་ཐོང་ཆེན་ལྟ་བུའོ། །གཞན་ཡང་དེང་ཆེད་དུ་གཉེར་ནས་ལྷར་བཅས་ལ་ལྷ་བཅས་དང༌། དཔེར་བརྗོད་ལ་དཔེ་བརྗོད། དཔེར་ན་ལ་དཔེ་ན། གདེང་ཐོབ་ལ་གདེངས་ཐོབ་སོགས་ནི་ལེགས་བཤད་དུ་མངོན་སྲིད་ཀྱང་བསྟན་བཅོས་དང་མཁས་པ་ལ་ཡེ་ནས་མ་གྲགས་པའི་སྡེབ་སྦྱོར་དུ་ཟད་པས་ཉེས་བཤད་ལྟ་བུར་མངོན། ལྷར་བཅས་ལ་ལྷ་བཅས་འབྲི་མཁན་རྣམས་ནས་དགོངས་པ་བཞེས་ས་ནི་འདིར་ལ་དོན་གྱི་ཕྲད་དགོས་པ་མེད་པར་མཐོང་སྲིད། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ་སྐབས་འདིར་བསྟན་གྱི་ར་སྒྲས་ལ་དོན་གྱི་བྱ་བ་མི་བྱེད་ཅིང་དང་སྒྲའི་བྱ་བ་བྱེད་པ་ཡིན། དེ་ཡི་གོ་དོན་ནི་ལྷ་དང་བཅས་པ་ཞེས་པའི་དོན་ཡིན། དེ་བཞིན་དཔེར་བརྗོད་ཀྱི་ར་སྒྲས་ཀྱང་དཔེ་དང་བཅས་ཏེ་བརྗོད་པ་དང་དཔེར་ནའི་ར་སྒྲས་དཔེ་དང་བཅས་ཏེ་བརྗོད་ན་ཞེས་པའི་གོ་དོན་མིན་ནམ་སྙམ། དཔེར་བརྗོད་ལ་དཔེ་བརྗོད་བྲིས་ཚེ་བོད་ཀྱི་གཏན་དཔེར་ཡིག་ཕྱེད་གོ་བས་ཀློག་ཅེས་པ་ལྟར་གོ་ནོར་ཤོར་ས་མེད་ཀྱང་ཡི་གེ་མ་དག་པས་མི་འཐད་ཅིང༌། འོན་ཀྱང་དཔེར་ན་ལ་དཔེ་ན་ཞེས་བྲིས་ཚེ་མཚན་གཞི་བརྗོད་པའི་དོན་དུ་མི་གོ་བར་དེ་ལས་ལྡོག་སྟེ་གཏམ་གྱི་དཔེ་ན་ཞེས་པའི་དོན་དུ་གོ་སྲིད། དེ་ལྟ་ན་དོན་ལ་ཡང་གོ་ནོར་ཤོར་ཉེན་ཡོད། ར་སྒྲ་ལ་དོན་ཡིན་ཡང་ལ་དོན་གྱི་བྱེད་ལས་མི་བྱེད་པ་དེ་རིགས་ཀྱི་ཕྲད་གཞན་ཡང་མང་པོ་ཡོད། དཔེར་ན། ནས་སྒྲ་འབྱུང་ཁུངས་ཀྱི་ཕྲད་ཡིན་ཡང་འབྱུང་ཁུངས་ཀྱི་བྱེད་ལས་མི་བྱེད་ཅིང་དེ་ལས་ལྡོག་སྟེ་ལྷག་བཅས་དང་བྱེད་སྒྲའི་བྱེད་ལས་བྱེད་པ་མང་པོ་ཡོད། དཔེར་ན། འཇམ་དཔལ་དབྱངས་ལ་གུས་བཏུད་ནས། །ཞེས་པའི་ནས་སྒྲ་ལྷག་བཅས་དང༌། ྋགོང་ས་མཆོག་ནས་བཀའ་གནང༌། ཞེས་པའི་ནས་སྒྲ་བྱེད་སྒྲ །གཞན་ཡང་དྲུག་པའི་ཕྲད་ཡིན་ལ་དྲུག་པ་མིན་པ་དེ་འདྲའང་ཡོད་པ་དཔེར་ན། ལེགས་བཤད་མཁས་པའི་བློས་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །བསད་པར་ནུས་ཀྱི་ཁྭ་ཏས་མིན། །ཞེས་པའི་སྐབས་ཀྱི་ཡི་སྒྲ་དང་ཀྱི་སྒྲ་གཉིས་དྲུག་པའི་ཕྲད་ཡིན་པ་ཤྀན་དུ་གསལ་ཡང༌། །འབྲེལ་སྒྲ་མིན་པའང་ཆེས་ཤིན་ཏུ་གསལ་ལོ། །ཡང་འགའ་ཞིག་གིས་ར་ཡིག་ཐོབ་སར་ར་ཡིག་མ་བྲིས་པ་དེ་འདྲའང་འདུག་ན་ཚིག་སྦྱོར་ལ་དོ་སྣང་བྱེད་མཁན་རྣམས་ཀྱིས་གཟབ་དགོས་སོ། དཔེར་ན། ཉེར་མཁོ་ལ་ཉེ་མཁོ། ཉེར་སྦས་ལ་ཉེ་སྦས་བྲིས་པ་ལྟ་བུ་ཡིན།
    ཡང་འགའ་ཞིག་ནས་མིང་འབྲི་བའི་སྐབས་སུ་དང་པོར་མིང་དངོས་དང་དེ་ནས་ཁྱིམ་ཚང་གི་མིང་བྲིས་པ་དེ་འདྲ་འདུག་པ་དཔེར་ན་བསྟན་འཛིན་རྣམ་རྒྱལ་བཀྲས་མཐོང་ལྟ་བུ་མི་འཐད་པ་ཡིན། བོད་པའི་ཚིག་སྦྱོར་འབྲི་བའི་སྐབས་དང་པོར་ཁྱིམ་ཚང་གི་མིང་དང་དེ་ནས་མིང་དངོས་འབྲི་དགོས་པ་ཡིན། གལ་ཏེ་རང་གི་གོ་གནས་མིང་དང་སྦྱར་ཏེ་འབྲི་དགོས་ཚེ་ཐོག་མར་གོ་གནས་དང་དེ་ནས་ཁྱིམ་ཚང་གི་མིང༌། དེ་རྗེས་མིང་འབྲི་བ་ཡིན། དཔེར་ན། རིམ་བཞི་བསམ་ཕོ་བསྟན་འཛིན་དོན་གྲུབ་དང་ཛ་སག་ཁེ་སྨད་བསོད་ནམས་དབང་འདུས། མཁན་དྲུང་ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་ལྟ་བུ་ཡིན། གོ་གནས་དང་མིང་དངོས་གཅིག་པུ་འབྲི་དགོས་ཚེ་དང་པོར་གོ་གནས་དང་དེ་ནས་མིང་དངོས་འབྲི་དགོས། དཔེར་ན། མཁན་ཆུང་ཐུབ་བསྟན་ལེགས་སྨོན་ལྟ་བུའོ། །ཡང་འགའ་ཞིག་ནས་ལྷ་ལྕམ་ལ་སྐུ་ལྕམ་བྲིས་པ་དེ་འདྲ་འདུག་ན་འདི་ཡང་མི་འཐད་པ་ཡིན། སྐུ་ངོའི་ལྕམ་ཞེས་བྲིས་ན་མི་འཐད་པ་ཅི་ཡོད་ཅེ་ན། འོ་ན་སྐུ་ངོའི་གཅེན་པོ་དང་གཅེན་མོ་ལ་སྐུ་གཅེན་དང༌། སྐུ་ངོའི་གཅུང་པོ་དང་གཅུང་མོ་ལ་སྐུ་གཅུང་ཟེར་རྒྱུ་ཡིན་ནམ། ལེགས་པར་སོམས་ཤིག དེ་བཞིན་འགའ་ཞིག་ནས་བླ་མ་འཚོ་ཞིང་གཞེས་པའི་སྐབས་སུ་ཡང་བླ་མའི་མཚན་གྱི་དབུར་མཚན་བརྗོད་པར་དཀའ་བ་ཞེས་དང༌། རང་གི་དགེ་རྒན་འཚོ་ཞིང་གཞེས་པའི་གནས་སྐབས་སུའང་རྒན་དམ་པ་ཞེས་པ་དང༌། དེ་བཞིན་ཕ་རྒན་བཞུགས་པའི་གནས་སྐབས་སུའང་ཕ་དམ་པ་ཞེས་བྲིས་པ་དེ་འདྲ་མཐོང་རྒྱུུ་འདུག་ན་དེ་དག་འབྲི་མི་རུང༌། བླ་མ་འཚོ་ཞིང་གཞེས་པ་དཔེར་ན། བླ་མར་བརྟན་བཞུགས་འབུལ་བའི་གནས་སྐབས་སུ་བླ་མའི་མཚན་གྱི་དབུར་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ཞེས་བརྗོད་དགོས་པ་ཡིན། འདི་འདྲའི་གནད་ཀ་ཕྲ་མོ་ནི་མན་ངག་ཞལ་ཤེས་ལས་མཁྱེན་དགོས་པ་ལས་སྤྱིར་བཏང་རྟོག་དཔྱོད་ཀྱི་ཡུལ་ཞིག་མིན། ཕ་དམ་པ་སངས་རྒྱས་དང་ཁལ་ཁ་རྗེ་བཙུན་དམ་པ་ནི་གོང་དང་མི་མཚུངས་པར་རྒྱུན་དུ་གསུང་སྲོལ་ཡོད་པ་ཡིན།
    གཞན་ཡང་ངག་འདོན་བྱེད་པའི་ཚེ་མིང་གཞི་སྡེ་པ་བཞི་པའི་གསུམ་པ་བ་ལ་རང་སྡེའི་བཞི་པ་མ་ཡིག་བཞིན་དུ་ཀློག་ཀྱང་རིགས་པའི་དཔེ་ནི། སྐྱབས་འགྲོ་ལ་སྐྱམས་འགྲོ་དང༌། རབ་འབྱམས་ལ་རམ་འབྱམས་དང༌། ཞབས་འདྲེན་ལ་ཞམས་འདྲེན། གྲུབ་འབྲས་ལ་གྲུམ་འབྲས་ལ་སོགས་པ་ལྟ་བུའོ། །དེ་བཞིན་མིང་མཐའི་སྔོན་འཇུག་སྔ་མའི་མཐའ་རྟེན་བཞིན་དུ་ཀློག་ཀྱང་རིགས་པའི་དཔེ་ནི། ལོ་མཆོད་ལ་ལོམ་ཆོད་དང༌། རྒྱ་མཚོ་ལ་རྒྱམ་ཚོ་དང༌། བླ་མཆོད་ལ་བླམ་ཆོད། ཨ་མདོ་ལ་ཨམ་མདོ་ལྟ་བུ་དང༌། གཞན་ཡང་མིང་མཐའི་ར་མགོ་སྔ་མའི་མཐའ་རྟེན་བཞིན་ཀློག་པའང་ཡོད་དེ་དཔེར་ན། སྔ་རྒོལ་ལ་སྔར་རྒོལ། ཕྱི་རྒོལ་ལ་ཕྱིར་རྒོལ། ལ་རྒྱ་ལ་ལར་རྒྱ་ལ་སོགས་པ་ལྟ་བུ་ཡིན། དེ་བཞིན་མཐའ་རྟེན་ས་ལ་ན་བཞིན་དུ་ཀློག་ཀྱང་རིགས་པའི་དཔེ་ནི། ཤེས་ཀྱི་ཡོད་ལྟ་བུ་ལ་ཤེན་གྱི་ཡོད་ལྟ་བུ་བཅས་ཞོར་འཕྲོས་དང༌། །ཡང་འགའ་ཞིག་གིས་བོད་རབ་རྒྱལ་ཞེས་པ་དེ་རབ་བྱུང་གི་ལོ་དང་བོད་རྒྱལ་ལོར་བཀྲལ་བ་དེ་ལྟར་འདུག་ན་དེ་ལྟར་མིན་ཅིང༌། དེ་ནི་རབ་བྱུང་བཅུ་དྲུག་ཅེས་པའི་དོན་ནོ། །དཔེར་ན་རབ་གནས་དང་རབ་བྱུང་རི་ཟླ་ཞེས་པ་རབ་བྱུང་བཅུ་བདུན་ལ་གོ་བ་བཞིན་ནོ། །
  འགའ་ཞིག་གིས་རྩ་ཤེ་ལ་རྩ་ཤེས་དང་ཤེར་ཕྱིན་ལ་ཤེས་ཕྱིན། པཎ་ཆེན་བློ་བཟང་ཆོས་རྒྱན་ལ་པཎ་ཆེན་་བློ་བཟང་ཆོས་རྒྱལ། བཀྲས་ལྷུན་ལ་བཀྲ་ལྷུན་བྲིས་པ་དེ་ལྟར་སྣང་ན་དེ་དག་སྔ་མ་འཐད་ཅིང་ཕྱི་མ་མི་འཐད་དོ། །ཕྱི་མས་སྔ་མ་བཞིན་གོ་ཐུབ་པའི་དབང་དུ་བཏང་ནའང་ཚིག་སྦྱོར་མི་ལེགས་པས་སྤང་བར་བྱའོ། །
     གནད་དོན་གལ་ཆེན་གཞན་ཞིག་ནི་གཏམ་དཔེ་རྣམས་ལ་གོ་བ་ཡག་པོ་ཆགས་དགོས་པ་དེ་ཡིན། དེ་མིན་ཉེ་བའི་གྲོས་ཚོགས་ལས་རིམ་གསར་ཤོག་ནང་བཟོ་ཆེན་འོག་གི་བཟོ་ཆུང་ཟེར་རྒྱུ་ལ་ཟུར་མཆན་འོག་གི་ཟུར་ཆུང་ལྟ་བུ་གོ་རྒྱུ་གཏན་ནས་མེད་པ་དེ་འདྲ་འབྲི་འོང༌། མཐའ་དོན། ཆེད་རྩོམ་གང་ཞིག་ནས་ཚན་རིག་དང་མཐུན་པའི་ཆེད་རྩོམ་འབྲི་དགོས་ཚེ་རྩོམ་དེ་ཉིད་ལུང་རིགས་ཀྱི་སྒོ་ནས་ཁུངས་སྐྱེལ་བྱེད་དགོས། དེར་བརྟེན་ལུང་འདྲེན་ཞིག་ལ་མཆན་ལྟ་བུ་ཞིག་དགོད་དགོས་ཚེ་དེང་སྲོལ་བཞིན་ཐོག་མར་རྩོམ་པ་པོ་དེའི་མིང་དང༌། དེ་ནས་དེབ་དེའི་མིང༌། དེ་རྗེས་ཤོག་གྲངས། དེ་རྗེས་གང་ནས་གང་དུ་དཔར་སྐྲུན་བྱས་པ། དེ་ནས་ལོ་གང་དུ་དཔར་སྐྲུན་བྱས་པ་བཅས་དགོད་དགོས། དེའི་སྟེང་དེབ་དེའི་ཤོག་བུ་གཡས་ཀྱི་སྟེང་དུ་རབ་བྱེད་དམ་ལེ་ཚན་དེའི་མིང་མདོར་བསྡུས་དང༌། གཡོན་གྱི་སྟེང་དུ་དེབ་དེ་ཉིད་ཀྱི་མིང་བྲིས་ན་སྤྱི་སྲོལ་དང་མཐུན་པ་ཡིན། རབ་བྱུང་ན་ལེ་ཚན་གསར་པ་ནམ་ཡིན་ལ་ཤོག་ངོས་ཡ་ནས་འགོ་བཙུགས་ན་ལེགས།

ཁྱུགས་ཡིག་འབྲི་སྟངས།

     ན་ག་སངས་རྒྱས་བསྟན་དར་ལགས་ནི། ད་ལྟ་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་འགྱུར་སྡེ་ཚན་གྱི་འགན་འཛིན་དང༌། སྐད་ཡིག་སློབ་དཔོན། བོད་ཀྱི་ཚན་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་བཅས་གནང་བཞིན་ཡོད།  །

མདུན་ཤོག