ཟླ་རེའི་གསར་འགྱུར།

ཕྱི་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་སློབ་གྲྭར་ཞུགས་ཚུལ།

ཡོང་ཁུངས། དགེ་འདུན་ཆོས་འཕེལ་དྲ་བ། རྩོམ་པ་པོ། ཁྱུང་བཟང་།

ལྗར་པན།
ལྗར་པན་དུ་སློབ་ཆུང་སློབ་མ་རྣམས་སྤྱིར་བཏང་དུ་སྔ་དྲོའི་དུས 8 དང་སྐར་མ 30 ཡས་མས་སུ་སློབ་གྲྭར་ཐོན་དགོས་པ་དང་། ཉིན་རེར་སློབ་ཐུན་དྲུག་ཙམ་ལས་བཀོད་སྒྲིག་བྱས་མེད་པ་རེད། ཕྱི་དྲོའི་དུས་ཚོད 3 དང་སྐར་མ 45 ཡས་མས་སུ་སློབ་གྲྭ་གྲོལ་བ་ཡིན།
ཨུ་རུ་སུ།
ཨུ་རུ་སུའི་སློབ་མ་ཆུང་བ་རྣམས་སྔ་དྲོའི་དུས་ཚོད 8 དང་སྐར་མ 30 སྟེང་སློབ་ཁྲིད་བྱེད་པ་དང་། ཕྱི་དྲོའི་དུས་ཚོད 2 སྟེང་སློབ་གྲྭ་གྲོལ་ཏེ་ཕྱིར་རང་ཁྱིམ་དུ་ལོག་པ་རེད། ཁོ་ཚོར་བསླབས་ཕྱིའི་ལས་བྱ་ཤིན་ཏུ་ཉུང་བས། དུས་ཚོད་མང་ཆེ་བར་ཕྱི་རོལ་དུ་རྩེད་མོ་རྩེ་བ་ཡིན། ལོ་རིམ་དང་པོའི་སློབ་མ་གསར་བར་ཉིན་རེར་སློབ་ཐུན་བཞི་ལས་མེད་པས། ཁོ་ཚོར་མཚོན་ན་སློབ་གྲྭར་འགྲིམ་རྒྱུ་ནི་སྐྱིད་སྣང་ཞིག་ཏུ་བསམ་ཡོད།
ཨ་མེ་རི་ཁ།
ཨ་མེ་རི་ཁའི་ས་གནས་སོ་སོར་སློབ་མ་སློབ་གྲྭར་ཡོང་བའི་དུས་ཚོད་ལ་གཅིག་གྱུར་གྱིས་གཏན་འབེབས་བྱས་མེད། སྤྱིར་བཏང་དུ་ན་ཆུང་བྱིས་པ་རྣམས་སློབ་གྲྭར་འགྲོ་འཕྱི་བ་དང་། མཐོ་འབྲིང་གི་སློབ་མ་རྣམས་འགྲོ་སྔ་བ་རེད། … … གྲ་སྒྲིག་འཛིན་གྲྭའི་སློབ་མ་རྣམས་སློབ་གྲྭར་དུས་ཚོད 3 ཙམ་ལས་སྡོད་མི་དགོས་པ་དང་། སློབ་ཆུང་གི་སློབ་ཁྲིད་དུས་ཚོད་ཐད་ལ་སློབ་གྲྭ་སོ་སོར་རང་རང་ལ་བཀོད་སྒྲིག་རེ་ཡོད་དེ། སྔ་དྲོའི་དུས་ཚོད8 དང་སྐར་མ10 སྟེང་སློབ་གྲྭར་ཐོན་དགོས་པ་དང་སློབ་གྲྭ་ལ་ལར་དུས་ཚོད 9 དང་སྐར་མ 30 སྟེང་ཐོན་ཆོག་པའང་ཡོད། ཕྱི་དྲོའི་དུས་ཚོད 2 དང 30 དང་ཡང་ན་དུས་ཚོད་ 3 དང་སྐར་མ་ 30 སྟེང་སློབ་གྲྭ་གྲོལ་བ་རེད། སློབ་འབྲིང་གི་སློབ་མ་མང་ཆེ་ཤོས་དུས་ཚོད་ 8 ཡས་མས་སུ་སློབ་མགོ་རྩོམ་པ་དང་། མཐོ་འབྲིང་གི་སློབ་མ་རྣམས་སྤྱིར་བཏང་དུ་དུས་ཚོད་ 7 དང་སྐར་མ་ 40 ཡས་མས་སུ་སློབ་མགོ་རྩོམ་པ་རེད།
གླིང་ཆེན་ཡོ་རོབ།
འཇར་མན་རྒྱལ་ཁབ་ཏུ་སློབ་ཆུང་རྣམས་སྤྱིར་བཏང་དུ་སྔ་དྲོའི་དུས་ཚོད་8 ནས་སློབ་ཁྲིད་ཀྱི་མགོ་རྩོམ་པ་དང་། ཉིན་གུང་གི་དུས་ཚོད་ 12 སྟེང་སློབ་གྲྭ་གྲོལ་བ་རེད། གླིང་ཆེན་ཡོ་རོབ་ཏུ་དབྱར་ཁའི་དུས་ཚོད་ལག་བསྟར་བྱེད་བཞིན་ཡོད་པས། དོན་དངོས་ཐོག་དབྱར་ཁའི་སྐབས་སུ་ཁོ་ཚོ་སྔ་དྲོའི་དུས་ཚོད་ 7 སྟེང་སློབ་གྲྭར་འབྱོར་དགོས་པ་རེད། ……
༢༠༠༨ ལོའི་<<བོད་ཀྱི་སློབ་གསོ>> དེབ་བཞི་བ་ལས་ཚན་བཤུ་བྱས།
ཕྲན་བཤད། (ངས་འདིར་རྒྱབ་ཁབ་འདི་དག་གི་སློབ་ཞུགས་དུས་ཚོད་འདྲེན་དོན་ནི་ང་ཚོའི་དུས་ཚོད་བཀོད་སྒྲིག་འགའ་ཞིག་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མི་འཚམ་པར་མ་ཟད། འགའ་རེར་མི་རྒན་གྱི་ཨུ་ཚུགས་དང་སྒེར་གཅོད་ཀྱི་ཆའམ་གླེན་ཞད་ཅིག་ཡོད་པར་བརྡ་ཙམ་སྤྲོད་ཆེད་ཡིན )
གོང་གི་རྒྱལ་ཁབ་འདི་དག་གི་སློབ་མའི་སློབ་ཞུགས་ཀྱི་དུས་ཚོད་བཀོད་སྒྲིག་དེ། ང་ཚོའི་དུས་ཚོད་བཀོད་སྒྲིག་དང་མི་འདྲ་ལ། བར་ཁྱད་ཆེན་པོ་ཡོད་པ་ནི་མི་སུས་བལྟས་ཀྱང་ཐད་ཀར་མཐོང་ཐུབ་པ་ཞིག་རེད། ཡིན་ནའང། འདིའི་སྐབས་སུ་མི་ཕལ་ཆེ་བས་ལྗར་པན་ལྗར་པན་རེད། ཨ་རི་ཨ་རི་རེད། ལྗར་པན་ཀྲུང་གོ་མ་རེད། ཨ་རི་ཐུ་བྷོད་མ་རེད་སོགས་ཟེར་ངེས་ཤིང་། རྒྱལ་ཁབ་དེ་དག་དང་ཀྲུང་གོ ལྷག་པར་དུ་བོད་ཁུལ་གྱི་སློབ་གསོའི་མ་ལག་སྒྲིག་འཛུགས་དང་། དམངས་ཡོངས་ཀྱི་བསམ་པའི་གོ་རྟོགས། སློབ་མའི་རང་རྟོགས་རང་འགུལ་སོགས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་རབ་སོགས་ཀྱི་གཏམ་དང་གནས་ལུགས་ཀྱང་རི་བཞིན་བརྩིགས་ངེས་ཤིང་། དེ་དག་དངོས་ཡོད་གནས་ཚུལ་ལགས་པས་བདེན་ཁ་མི་སྦྱིན་ག་མེད་དུ་འགྱུར་ངེས་མོད། འོན་ཀྱང་ང་ཚོས་ཚིག་ཐག་ཆོད་པོས་སྨྲས་ཆོག་པ་ཞིག་ནི་ལྗར་པན་དང་ཨ་རིའི་བྱིས་པ་བྱིས་པ་ཡིན་ལ། ཨུ་རུ་སུ་དང་ཡོ་རོབ་གླིང་གི་བྱིས་པ་ཡང་བྱིས་པ་ཡིན་པ་དང་། ང་ཚོ་བོད་པའི་བྱིས་པ་ཡང་བྱིས་པ་ལས་གཞན་གང་ཡང་མིན་ཞིང་། བྱིས་པ་ཚོར་མི་རྒན་དང་མི་འདྲ་བའི་དམིགས་བསལ་ཅན་གྱི་ན་ཚོད་དང་སེམས་ཁམས། ཁྱད་གཤིས། འཇོན་ཚད་སོགས་ཡོད་པ་དེ་རེད།
དེས་ན་རྒྱལ་ཁབ་དང་ས་ཁུལ་གཞན་གྱིས་བྱིས་པའི་མི་གཞི་ཁེ་དབང་དང་། ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་གདེང་འཇོག་གིས་སློབ་གསོའི་བྱ་བ་ཆེ་ཕྲ་ཐམས་ཅད་ལག་ལེན་དུ་བསྟར་བ་དང་། ང་ཚོས་སྲིད་གཞུང་གི་བཀའ་ཡིག་དང་མི་རྒན་གྱི་ཚད་བརྒལ་རེ་བ་སྙིང་བོར་བཞག་སྟེ་སློབ་གསོའི་བྱ་གཞག་དོན་དུ་གཉེར་བའི་མཛད་སྤྱོད། དེས་བསྐྱེད་ཅིང་བསྲིངས་པའི་མི་གཤིས་འཁྱོག་བསྒྱུར་གྱི་ནག་ཉེས་རང་བཞིན་ནམ། འཇིགས་ཉེན་རང་བཞིན་ལ་དོགས་སློང་དང་གསར་སྙེག་གང་ཡང་མ་བྱས་ན། ང་ཚོ་ཅང་མི་འགོར་བར་ཆུ་འཁྱིལ་བཞིན་རུལ་བར་འགྱུར་ལ། ང་ཚོ་ལ་ནམ་ཡང་མིའི་སྒལ་ཚིགས་ཡོད་ཅིང་། མིའི་རྒྱལ་ཁམས་ལ་མིའི་སྟོབས་ཀྱིས་འགྲིམ་ཞིང་སྙེག་ཕོད་པའི་མི་རབས་ཤིག་ནམ་ཡང་འབྱུང་ཐུབ་རྒྱུ་མ་རེད་ཨང་སྙམ་པ་འཛེམ་མེད་དུ་བཀོད་པ་ལགས།

སྔོན་མ།
རྒྱལ་ཞེན་ལྷག་བསམ་ཅན་གྱི་གནང་སྟངས་ལ་བསྔགས་བརྗོད།
ཕྱི་མ།
བོད་ཀྱི་སློབ་གསོའི་ཁྲོད་སྐྱེས་མའི་སློབ་གསོའི་གོ་གནས་སྐོར་རགས་ཙམ་གླེང་བ།