ཟླ་རེའི་གསར་འགྱུར།

ཁྱིམ་བདག་དབྱིག་པ་ཅན།

འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
དེའི་ཚེ་ཡུལ་དེ་ན་བྲམ་ཟེ་ཕྱིན་ཏེ་ལོ་ཤུ་ཤ་ཞེས་བྱ་བ་ཞིག་ཡོད་དེ། བྲམ་ཟེ་དེའི་ཆུང་མ་དེ་རབ་ཏུ་མི་སྡུག་ཅིང་མིག་གཉིས་ཀྱང་མི་མཐོང་སྟེ། མི་མཐོང་བ་དེ་ལ་བུ་ཕོ་ནི་མེད་ཀྱི་བུ་མོ་བདུན་ཡོད་དེ་རབ་ཏུ་དབུལ་ཕོངས་སོ། །
བྲམ་ཟེའི་བུ་མོ་དེ་དག་ཀྱང་སོ་སོར་བག་མར་བཏང་སྟེ་ཕྱིས་མག་པ་དག་འདུ་ནས་བྲམ་ཟེའི་ཆུང་མ་ཡང་ཁྲོ་ཞིང་གཏུམ་མོ་ཞིག་སྟེ། བུ་མོ་དང་མག་པ་དག་འོང་བ་ལ་ཁྲོས་ནས་བུ་མོ་དག་ཀྱང་ཕྱིར་མ་ལ་གཤེའོ། །དེའི་ཚེ་ཞིང་དག་ཀྱང་བརྔ་རན་ནས་ཁྱིམ་མཚེས་ལ་བ་ལང་ཞིག་བརྙས་ཏེ་ཞིང་ཐོག་ཏུ་སོང་སོང་བ་ལས། ལེགས་པར་མ་བསྲུངས་བས་སྟོར་རོ། །དེའི་ཚེ་ཕྱིན་ཏེ་ལོ་ཤུ་ཤས་འདི་སྙམ་དུ་བསམས་སོ། །བདག་གིས་སྔོན་ཉེས་པ་ཅི་ཞིག་བྱས་ན་ཁྱིམ་དུ་འོངས་ན་ནི་ཆུང་མས་རྟག་ཏུ་སྤྱོ་ཞིང་བུ་མོ་བདུན་དང་མག་པ་རྣམས་ཀྱིས་འདུག་ཏུ་མི་སྟེར། ད་ཁྱིམ་མཚེས་ཀྱི་བ་ལང་བརྙས་ན་ནི་སྟོར་བར་གྱུར་ཏེ་བདག་གིས་བཙལ་ཀྱང་མ་རྙེད་ན། ཇི་ལྟར་བྱ་སྙམ་མྱ་ངན་གྱིས་ཡི་མུག་སྟེ་འདུག་འདུག་པ་ལས་རྒྱང་མ་ནས་དེ་བཞིན་གཤེགས་པ་ཤིང་དྲུང་ན་དབང་པོ་ཀུན་ཞི་ཞིང་བདེ་བར་བཞུགས་པ་མཐོང་ངོ། །
བྲམ་ཟེ་དེས་འཁར་བ་ལས་སྐོམ་ཚུགས་བཅས་ཏེ་རྒྱང་ཚད་ཀྱི་བར་དུ་བརྟགས་ནས་ཡང་འདི་སྙམ་དུ་བསམས་སོ། །དགེ་སྦྱོང་གཽ་ཏ་མ་ནི་རབ་ཏུ་བདེ་སྐྱིད་དོ། །དེ་ལ་ནི་ཆུང་མས་སྤྱོ་བ་ཡང་མེད། བུ་མོ་ངན་པ་དང། མག་པས་གཙེ་བ་ཡང་མེད། ཞིང་བརྔ་རན་ཏེ་གླང་བརྙ་ཡང་མི་དགོས་ཏེ་མྱ་ངན་མེད་དོ་སྙམ་བསམས་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
ཁྱོད་ཀྱིས་བསམས་པ་བཞིན་ཏེ། ང་ལ་ཡང་དག་པར་ཉེས་པའི་སྐྱོན་གང་ཡང་མེད། ཆུང་མ་ངན་པ་ཡང་མེད་ན། གཤེ་ཞིང་སྤྱོ་བ་ལྟ་ཅི་སྨོས། བུ་མོ་བདུན་གྱི་འཚེ་བ་ཡང་མེད། མག་པ་ཁྱིམ་དུ་འདུ་བ་ཡང་མེད། ཞིང་བརྔ་རན་པ་དང། གླང་སྟོར་བའི་མྱ་ངན་བྱེད་པ་ཡང་མེད་དོ། །ཁྱོད་རབ་ཏུ་འབྱུང་བར་དགའ་འམ་ཞེས་བཀའ་སྩལ་པ་དང། བྲམ་ཟེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བདག་ད་ལྟར་ཁྱིམ་ལ་དུར་ཙམ་དུ་འཛིན་ཏེ། ཆུང་མ་དང་བུ་མོ་ལ་དགྲ་ཙམ་དུ་སེམས་སོ། །བཅོམ་ལྡན་འདས་ཀྱིས་རབ་ཏུ་འབྱུང་བར་གནང་ན་བདག་རབ་ཏུ་འབྱུང་ངོ། །ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་ནས་དེ་ཉིད་དུ་དྲི་མ་ཀུན་ཟད་དེ་དགྲ་བཅོམ་པར་གྱུར་ཏོ། །
དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། ལེགས་སོ། །བཅོམ་ལྡན་འདས་སེམས་ཅན་གྱི་དོན་མཛད་པ་བསམ་གྱིས་མི་ཁྱབ་བོ། །བྲམ་ཟེ་འདིས་སྔོན་ལེགས་པ་ཅི་ཞིག་བགྱིས་ན། ཉེས་པའི་སྐྱོན་ཀུན་དང་བྲལ་ཏེ་རས་དཀར་པོ་གཙང་མ་ལ་ཚོན་ཞེན་སླ་བ་ལྟར་དགེ་བ་ལ་ཕན་པའི་དོན་བྱེད་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ།
བྲམ་ཟེ་འདི་ད་ལྟར་འབའ་ཞིག་ངས་ཕན་བཏགས་ཏེ་བདེ་བར་བྱས་པ་མ་ཟད་ཀྱི། སྔོན་འདས་པའི་དུས་ན་ཡང་ཉེས་པ་ཀུན་ལས་ཐར་ཅིང་བདེ་བར་བྱས་སོ། །ཀུན་དགའ་བོས་གསོལ་པ།
འདས་པའི་དུས་ན་བྲམ་ཟེ་འདི་ཇི་ལྟར་བདེ་བར་མཛད་རྒྱས་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཤིན་ཏུ་ལེགས་པར་ཉོན་ལ་ཟུངས་ཤིག་དང། ཁྱོད་ལ་བསྟན་པར་བྱའོ། །ཀུན་དགའ་བོས་གསོལ་པ། དེ་བཞིན་དུ་ཐོས་པར་འཚལ་ལོ། །ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
སྔོན་འདས་པའི་བསྐལ་པ་གྲངས་མེད་ཚད་མེད་པའི་ཕ་རོལ་ན་རྒྱལ་པོ་མཛེས་པ་ཞེས་བྱ་བ་ཞིག་བྱུང་སྟེ། ཆོས་བཞིན་དུ་སྲིད་འཚོའོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་དབྱིག་པ་ཅན་ཞེས་བྱ་བ་ཞིག་འདུག་སྟེ་རབ་ཏུ་དབུལ་ཕོངས་པ། བཟའ་བ་དང་བགོ་བ་མེད་པ་ཞིག་གོ། །དེས་ཁྱིམ་བདག་ཅིག་ལ་གླང་ཞིག་བརྙས་ཏེ་ཉིན་པར་སྤྱད་ནས་གླང་དེ་ཁྲིད་དེ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང། དེ་ན་ཁྱིམ་བདག་ནི་ཟན་ཟ་སྟེ། དབྱིག་པ་ཅན་གྱིས་གླང་དེ་ཁྱིམ་གྱི་ནང་དུ་བཏང་བ་དང། གླང་སྒོ་གཞན་དུ་སོང་ནས་སྟོར་ཏོ། །
ཁྱིམ་བདག་དེ་ཟན་ཟོས་ནས་ལངས་པ་དང། དེ་ན་གླང་མ་མཐོང་ནས་དེས་དབྱིག་པ་ཅན་ལ་གླང་ག་རེ་ཞེས་བྱས་པ་དང། དེ་སྨྲས་པ། ཁྱོད་ཀྱི་ཁྱིམ་དུ་བཏང་ངོ། །ཁྱོད་ཀྱིས་ངའི་གླང་བོར་གྱི་གླང་སླར་བྱིན་ཅིག་ཅེས་སྨྲས་པ་དང། དེས་སྨྲས་པ། ངས་མ་བོར་རོ། །དེ་ནས་དེ་གཉིས་འགྲོགས་ཏེ་རྒྱལ་པོའི་ཐད་དུ་འདོང་བ་དང། འུ་བུ་ཅག་གི་རིགས་པ་དང། མི་རིགས་པ་རྟོགས་སོ། །ཞེས་སྨྲས་ནས་དེ་གཉིས་དོང་བ་དང།
མི་གཞན་ཞིག་གི་རྟ་རྒོད་མ་ཞིག་བྲོས་ནས། དེས་དབྱིག་པ་ཅན་ལ་སྨྲས་པ། རྟ་རྒོད་མ་མ་བཏང་ཞེས་སྨྲས་ནས། དེས་རྡོ་བ་ཞིག་བླངས་ཏེ་འཕངས་པ་དང། རྟའི་རྐང་པ་ལ་ཕོག་ནས་རྐང་པ་ཆག་གོ །དེས་སྨྲས་པ། ཁྱོད་ཀྱིས་ངའི་རྟ་བསད་ཀྱི། ངའི་རྟ་བྱིན་ཅིག ཅིའི་ཕྱིར་རྟ་སྦྱིན། དེས་སྨྲས་པ། ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་དང། འུ་བུ་ཅག་གི་ཞལ་ཆེ་གཅོད་དོ། །ཞེས་སྨྲས་ནས་དེ་དག་དེར་སོང་བ་དང།
དབྱིག་པ་ཅན་དེ་འབྲོས་པར་བརྩམས་ཏེ། དེས་རྩིག་པ་ཞིག་གི་སྟེང་ནས་མཆོངས་པ་དང། དེའི་དྲུང་ན་ཐ་ག་པ་ཞིག་ཐགས་འཐག་ཅིང་འདུག་པའི་སྟེང་དུ་ལྷུང་ནས་ཐ་ག་པ་དེ་ཚེ་འཕོས་པ་དང། ཐ་ག་པའི་ཆུང་མས་དབྱིག་པ་ཅན་དེ་བཟུང་ནས་ཁྱོད་ཀྱིས་ངའི་ཁྱོ་བསད་ཀྱི། ངའི་ཁྱོ་བྱིན་ཅིག་ཅེས་སྨྲས་པ་དང། ངས་ཁྱོད་ཀྱི་ཁྱོ་ཇི་ལྟར་སྦྱིན་ཞེས་སྨྲས་ནས། ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་དང། འུ་བུ་ཅག་གི་ཞལ་ཆེ་གཅོད་དོ། །ཞེས་དེ་དག་དོང་བ་ལས། ལམ་གྱི་བར་དེ་ན་ཆུ་བོ་གཏིང་ཟབ་པ་ཞིག་ཡོད་དོ། །ཆུ་དེའི་ནང་ནས་ཚུར་ཤིང་མཁན་ཞིག་སྟེའུ་ཁ་ནས་ཁྱེར་ཏེ་འོང་ངོ། །
དེ་ལ་དབྱིག་པ་ཅན་གྱིས་ཆུའི་གཏིང་ཇི་ཙམ་ཞེས་དྲིས་པ་དང། ཆུ་གཏིང་ཟབ་བོ། །ཞེས་སྨྲས་པས་སྟེའུ་ཆུར་ལྷུང་སྟེ་སྟེའུ་དེ་མ་རྙེད་པ་དང། དེས་དབྱིག་པ་ཅན་བཟུང་ནས་ཁྱོད་ཀྱིས་ངའི་སྟེའུ་ཆུར་བསྐུར་རོ། །དེས་སྨྲས་པ། ངས་མ་བསྐུར་རོ། །ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་དང། འུ་བུ་ཅག་གི་ཞལ་ལྕེ་གཅོད་དོ། །ཞེས་སྨྲས་ནས་དོང་ངོ། །
དེ་ལུས་ངལ་ནས་ཆང་ཚོང་གི་ཁྱིམ་དུ་སོང་སྟེ་ཆང་བསླངས་ནས་ཆང་ཚོང་མ་དེ་ལ་བུ་ཕོ་ཞིག་བཙས་ཏེ། བུ་གོས་ཀྱིས་གཡོགས་ཏེ་བསྙལ་བ་ལས། དབྱིག་པ་ཅན་དེའི་སྟེང་དུ་འདུག་པ་དང། ཁྱེའུ་དེ་སྲོག་དང་བྲལ་བར་གྱུར་ཏོ། །དེས་ཀྱང་དབྱིག་པ་ཅན་དེ་བཟུང་སྟེ། ཁྱོད་ཀྱིས་ངའི་བུ་བསད་ཀྱི་ངའི་བུ་བྱིན་ཅིག དེས་སྨྲས་པ། ངས་ནི་མ་བསད་ན་ཁྱོད་ཀྱི་བུ་ངས་ཇི་ལྟར་སྦྱིན། དེས་ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་དང། འུ་བུ་ཅག་གི་ཞལ་ཆེ་གཅོད་དོ། །ཞེས་སྨྲས་ནས་དེ་དག་དོང་བ་ལས་གནས་གཞན་ཞིག་ན་ཤིང་ཤ་ཀོ་ཏ་ཀ་ལ་བྱ་རོག་ཅིག་འདུག་པས། དེས་དབྱིག་པ་ཅན་དེ་མཐོང་ནས་གར་འགྲོ་ཞེས་སྨྲས་པ་དང། ང་ནི་མི་འགྲོ་ན། འདི་དག་གིས་ང་ཁྲིད་དོ། །གང་དུ་ཁྲིད། རྒྱལ་པོའི་དྲུང་དུའོ། །
འོ་ན་ཁོ་བོའི་འཕྲིན་ཞིག་ཀྱང་རྒྱལ་པོ་ལ་བྱོས་ཤིག གནས་འདི་ཞེས་བགྱི་བ་ན། ཤིང་ཤ་ཀོ་ཏ་ཀ་དེ་ལ་བྱ་རོག་ཅིག་འདུག་པ། བདག་ཤིང་གཞན་གྱི་ཁ་ན་འདུག་པའི་ཚེ་སྐད་མི་སྙན་ལ་ཤིང་འདིའི་ཁར་འོངས་ན་སྐད་ངོ་མཚར་དུ་སྙན་ན། དེ་ཅིའི་ཕྱིར་ཞེས་སྐད་མཆིའོ། །ཞེས་སྨྲོས་ཤིག
དེ་ནས་ཡང་གནས་གཞན་ཞིག་ཏུ་སྦྲུལ་ཞིག་གིས་མཐོང་ནས་སྔ་མ་བཞིན་དུ་བདག་གི་འཕྲིན་འདི་ཡང་ཞུས་ཤིག བདག་ནམ་ཁུང་ནས་ཕྱིར་བྱུང་བའི་ཚེ་ནི་བདེ། སླར་འཇུག་པའི་ཚེ་སྡུག་བསྔལ་ན། ཅིའི་ཕྱིར་དེ་ལྟར་གྱུར་ཅེས་ཞུས་ཤིག
དེ་དག་དོང་བ་ལས་གནས་གཞན་ཞིག་ན་ན་ཆུང་མ་གཞོན་ནུ་ཞིག་གིས་མཐོང་ནས་སྔ་མ་བཞིན་ཁོ་མོའི་འཕྲིན་ཡང་ཞུས་ཤིག ནམ་ཁོ་མོའི་ཕའི་ཁྱིམ་ན་འདུག་པའི་ཚེ་ན་གྱོས་པོའི་ཁྱིམ་འདོད། གྱོས་པོའི་ཁྱིམ་ན་འདུག་པའི་ཚེ་ཕའི་ཁྱིམ་འདོད་ན་ཅིའི་ཕྱིར་ཞུས་ཤིག་ཅེས་སྨྲས་ནས་དེ་དག་དོང་བ་ལས་རྒྱལ་པོའི་དྲུང་དུ་ཕྱིན་པ་དང། དེ་དག་གིས་དབྱིག་པ་ཅན་དང་ཁྱིམ་བདག་རྩོད་པ་དེ་དག་ཐམས་ཅད་ལ་སྨྲས་སོ། །
རྒྱལ་པོས་དབྱིག་པ་ཅན་ལ་སྨྲས་པ། ཁྱོད་ཀྱིས་གླང་བརྙས་སམ། བརྙས་སོ། །འོ་ན་ཕྱིར་བྱིན་ནམ། གླང་བདག་གིས་མཐོང་བར་བྱིན་ཏེ་ཁས་ནི་མ་གཏད་དོ། །རྒྱལ་པོས་སྨྲས་པ། དབྱིག་པ་ཅན་འདིས་གླང་ཕྱིར་བྱིན་ཏེ་མ་སྨྲས་པས་ན་ལྕེ་ཆོད་ཅིག ཁྱིམ་བདག་ཀྱང་གླང་འོངས་པར་མཐོང་ལ་མ་བཏགས་པས་ན་མིག་ཕྱུང་ཞིག་ཅེས་བཅད་དོ། །
ཁྱིམ་བདག་གིས་སྨྲས་པ། དབྱིག་པ་ཅན་འདིས་གཅིག་ཏུ་ན་བདག་གི་གླང་འཕྲོག གཉིས་སུ་ན་བདག་གི་མིག་ཕྱུང་བ་པས། དབྱིག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །
མི་གཅིག་གིས་ལྷ། དབྱིག་པ་ཅན་འདིས་བདག་གི་རྟ་རྒོད་མ་བཀུམ་མོ། །ཞེས་སྨྲས་པ་དང། རྒྱལ་པོས་དབྱིག་པ་ཅན་ལ་ཁྱོད་ཀྱིས་རྟ་ཇི་ལྟར་བསད་ཅེས་དྲིས་ན། བདག་ལམ་དུ་ཞུགས་ཏེ་མཆི་བ་ལས། མི་འདིས་རྟ་མ་གཏང་ཞིག་ཅེས་མཆིས་ནས་བདག་གིས་རྡོ་བ་ཞིག་བླངས་ཏེ་འཕངས་པ་ལས་རྟ་གུམ་མོ། །རྒྱལ་པོས་སྨྲས་པ། རྟ་བདག་གིས་རྟ་མ་གཏང་ཞིག་ཅེས་སྨྲས་པས། རྟ་བདག་ནི་ལྕེ་ཆོད་ཅིག དབྱིག་པ་ཅན་ནི་རྡོ་བ་འཕངས་པས་ལག་པ་ཆོད་ཅིག
མི་དེས་སྨྲས་པ། གཅིག་ཏུ་ན་བདག་གི་རྟ་བསད། གཉིས་སུ་ན་བདག་གི་ལྕེ་བཅད་པ་བས་དབྱིག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །
ཤིང་མཁན་གྱིས་སྨྲས་པ། དབྱིག་པ་ཅན་གྱིས་བདག་ལ་ཆུའི་གཏིང་ཇི་ཙམ་དུ་ཟབས་སམ་ཞེས་དྲིས་པས། ཁ་ནས་སྟེའུ་ཐོགས་པ་ཆུར་ལྷུང་ངོ། །ཞེས་གསོལ་བ་དང། རྒྱལ་པོས་སྨྲས་པ། རྫས་ཅི་འཁྱེར་ཡང་ཕྲག་པ་ལ་བཀུར་བའི་རིགས་ཀྱི་ཁ་ནས་ཁྱེར་བས་ཤིང་མཁན་གྱི་མདུན་སོ་གཉིས་ཆོག་ཅིག དབྱིག་པ་ཅན་ནི་ཆུ་གཏིང་ཟབས་སམ་ཞེས་དྲིས་པས་ལྕེ་ཆོད་ཅིག
ཤིང་མཁན་གྱིས་སྨྲས་པ། གཅིག་ཏུ་ན་བདག་གི་སྟེའུ་སྟོར། གཉིས་སུ་ན་བདག་གི་སོ་བཅག་པ་བས་དབྱིག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །
ཆང་ཚོང་མས་སྨྲས་པ། དབྱིག་པ་ཅན་གྱིས་བདག་གི་བུ་བསད་དོ། །དབྱིག་པ་ཅན་གྱིས་སྨྲས་པ། བདག་ངལ་བས་ཆང་སློང་དུ་མཆིས་པས་སྟན་ལ་མ་བལྟས་པར་སྟན་ལ་འདུག་པས། འོག་ན་བུ་མཆིས་པ་མ་ཚོར་ཏེ་བུ་གུམ་མོ། །
རྒྱལ་པོས་སྨྲས་པ། ཆང་ཚོང་མ་ཁྱོད་བུ་གོར་བསྙལ་ལ་གོས་ཀྱིས་མི་མངོན་པར་གཡོགས་པས་ཉེས་སོ། །དབྱིག་པ་ཅན་ཁྱོད་སྟན་ལ་མི་རྟོག་པར་འདུག་པ་ཡང་ཉེས་ཀྱི། དབྱིག་པ་ཅན་ཁྱོད་ཁྱོར་བྱོས་ལ་བུ་ཡོད་པར་གྱིས་ཤིག་ཅེས་སྨྲས་སོ། །
ཆང་ཚོང་མས་སྨྲས་པ། གཅིག་ཏུ་ན་བདག་གི་བུ་བསད། གཉིས་སུ་ན་ཁྱོ་བྱས་པ་བས་དབྱིག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །
ཐ་ག་པའི་ཆུང་མས་སྨྲས་པ། དབྱིག་པ་ཅན་གྱིས་བདག་གི་ཁྱོ་བཀུམ་མོ། །དབྱིག་པ་ཅན་གྱིས་སྨྲས་པ། བདག་ལ་དགྲ་མང་བས་འཇིགས་ཏེ་རྩིག་པ་རྒལ་ནས་བྲོས་པ་ལས་ཕག་ན་མི་ཡོད་པ་མ་མཐོང་སྟེ་གུམ་མོ། །རྒྱལ་པོས་སྨྲས་པ། སོང་ལ་འདི་ཉིད་ཁྱོད་ཀྱི་ཁྱོར་གྱིས་ཤིག
དེས་སྨྲས་པ། གཅིག་ཏུ་ན་བདག་གི་ཁྱོ་བསད། གཉིས་སུ་ན་བདག་གི་ཁྱོ་བྱས་པ་བས། དབྱིག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །དེ་དག་སོ་སོ་ནས་ཞལ་ཆེ་བཅད་དེ་དབྱིག་པ་ཅན་ཡུས་བྱིན་ནས་ཉེས་པ་ཀུན་ལས་ཐར་ཏོ། །
རྒྱལ་པོ་དེ་ལ་ཡང་བུད་མེད་གཉིས་ཤིག་བུ་གཅིག་ལ་རྩོད་དེ། རྒྱལ་པོ་བློ་མཁས་པས་བརྟགས་ནས་བུད་མེད་གཉིས་ལ་འདི་སྐད་ཅེས་བསྒོའོ། །ཁྱེད་གཉིས་ཀྱིས་བུའི་ལག་པ་རེ་རེ་ནས་བཟུང་སྟེ་དྲོངས་ལ་གང་གིས་ཐོབ་པ་བུར་ཁྱེར་ཅིག་ཅེས་བསྒོ་བ་དང། བུའི་མ་མ་ཡིན་པ་དེས་ནི་བུ་ལ་སྙིང་རྗེ་མེད་པས་སྣད་ཀྱིས་མི་དོགས་ཏེ་མཐུ་ཅི་ཡོད་པས་དྲངས་སོ། །བུའི་མ་གང་ཡིན་པ་དེས་ནི་བུ་ལ་བྱམས་པས་སྣད་ཀྱིས་དོགས་ཏེ་སྟོབས་ཀྱིས་ཐུབ་ཀྱང་དྲག་ཏུ་མི་འདྲེན་ནོ། །རྒྱལ་པོས་ཀྱང་རྟོགས་ནས་དྲག་ཏུ་དྲངས་པ་དེ་ལ་འདི་ནི་ཁྱོད་ཀྱི་བུ་མ་ཡིན་ཏེ་བུད་མེད་གཅིག་ཤོས་ཀྱི་བུ་ཡིན་པས་ན་དྲང་བོར་སྨྲོས་ཤིག་ཅེས་བྱས་པ་དང། དལ་གྱིས་འདྲེན་པའི་བུ་ཡིན་པར་གྱུར་ཏེ་བུ་ཁྱེར་རོ། །དེ་ནས་ཡང་མི་གཉིས་ཤིག་རས་ཡུག་ཅིག་ལ་རྩོད་དེ། རྒྱལ་པོའི་དྲུང་དུ་འོངས་པ་ལས་རྒྱལ་པོས་བརྟགས་ནས་ཞལ་ཆེ་གོང་མ་བཞིན་དུ་བཅད་དོ། །
དེ་ནས་དབྱིག་པ་ཅན་གྱིས་རྒྱལ་པོ་ལ་འདི་སྐད་ཅེས། འདི་དག་གིས་བདག་བཟུང་སྟེ་ཁྲིད་ཅིང་མཆི་བ་ན་སྦྲུལ་ཞིག་གི་འཕྲིན་དུ་འདི་སྐད་ཅེས་མཆིའོ། །བདག་ཁུང་བུ་ནས་ཕྱིར་འབྱུང་བའི་ཚེེ་ནི་བདེ། སླར་འཇུག་པའི་ཚེ་ནི་སྡུག་བསྔལ་ན་ཅིའི་ཕྱིར་དེ་ལྟར་གྱུར་པ་ཞུས་ཤིག རྒྱལ་པོས་སྨྲས་པ། སྦྲུལ་དེ་ལ་ཁྱོད་ཀྱིས་འདི་སྐད་ཅེས་གྱིས་ཤིག ཁྱོད་མ་ཁྲོ་ཞིང་བཀྲེས་པས་ཁུང་ནས་བྱུང་བའི་ཚེ་བདེའོ། །ཕྱིར་བྱུང་ནས་ཁ་ཟས་མང་དུ་ཟོས་ལ་བྱ་རྣམས་ཀྱིས་གཙེས་པས་ཁྱོད་ཁྲོས་ཏེ་སྦོམ་པོར་གྱུར་པས་སླར་འཇུག་པའི་ཚེ་ཁུང་བུ་ལ་ཐོགས་སྡུག་བསྔལ་ལོ། །ཞེས་གྱིས་ཤིག ཁྱོད་ཀྱིས་དེ་སྟེ་ཁ་ཟས་ཀྱི་ཚོད་ཤེས་ལ་མི་ཁྲོ་ན་ཇི་ལྟར་ཕྱིར་འབྱུང་བ་དང་འདྲ་བར་བདེ་བར་འཇུག་གོ །ཞེས་སྨྲོས་ཤིག
དེ་ནས་ན་ཆུང་མ་གཞོན་ནུའི་འཕྲིན་སྨྲས་པ་དང། རྒྱལ་པོས་སྨྲས་པ། ན་ཆུང་མ་གཞོན་ནུ་དེ་ལ་ཁྱོད་ཀྱི་ཕའི་ཁྱིམ་ན་མཛའ་བོ་ཞིག་འདུག་སྟེ། ནམ་གྱོས་པོའི་ཁྱིམ་ན་འདུག་པ་དེའི་ཚེ་ནི། མཛའ་བོ་ལ་ཆགས་པས་ཕའི་ཁྱིམ་དུ་འགྲོ་འདོད་དོ། །ནམ་ཕའི་ཁྱིམ་ན་འདུག་པ་དེའི་ཚེ་ནི་མཛའ་བོར་སྐྱོ་སྟེ་ཁྱོ་ལ་ཆགས་པས་གྱོས་པོའི་ཁྱིམ་དུ་འགྲོ་འདོད་པ་ཡིན་གྱི་གནས་གཅིག་སྤོངས་ལ་གཅིག་ལེགས་པར་ཟུངས་ཤིག་དང། དེ་ལྟ་བུའི་གནོད་པ་མེད་པར་འགྱུར་རོ། །ཞེས་སྨྲོས་ཤིག
གནས་གཞན་ཞིག་ན་ཤིང་ཤ་ཀོ་ཏ་ཀ་ལ་བྱ་རོག་ཅིག་འདུག་པའི་འཕྲིན་སྨྲས་པ་དང། རྒྱལ་པོས་སྨྲས་པ། ཤིང་དེའི་འོག་ན་གསེར་ཡོད་པས་ཁྱོད་ཀྱི་སྐད་སྙན་པ་ཡིན་ནོ། །ཤིང་གཞན་གྱི་དྲུང་ན་གསེར་མེད་པས་སྐད་མི་སྙན་ནོ། །ཞེས་གྱིས་ཤིག
རྒྱལ་པོས་དབྱིག་པ་ཅན་ལ་སྨྲས་པ། ཁྱོད་ལ་ཉེས་པ་མང་དུ་བྱུང་ཡང་ངས་བཏང་ངོ། །ཁྱོད་ནི་དབུལ་ཕོངས་ཀྱི། ཤིང་གི་འོག་ན་གསེར་གྱི་གཏེར་ཡོད་པ་རྐོས་ལ་ཁྱེར་ཅིག དབྱིག་པ་ཅན་གྱིས་རྒྱལ་པོས་བསྒོ་བ་བཞིན་དུ་སོ་སོའི་འཕྲིན་ཡང་བསྒོས་ནས་ཤིང་དྲུང་ནས་གསེར་ཡང་བྱུང་སྟེ་ཁྱེར་རོ། །དེ་ཕྱིན་ཆད་སོ་ཆེས་ཚུགས་ནས་ཅིས་ཀྱང་མི་བྲེལ་ཏེ་ཚེ་གཅིག་ཏུ་ཕྱུག་ཅིང་བདེ་སྐྱིད་པར་གྱུར་ཏོ། །
ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་རྒྱལ་པོ་མཛེས་པ་དེ་ལ་གཞན་དུ་མ་སེམས་ཤིག དེ་ནི་ད་ལྟར་ང་ཡིན་ནོ། །དེའི་ཚེ་དེའི་དུས་ན་བྲམ་ཟེ་དབྱིག་པ་ཅན་དེ་ནི་བྲམ་ཟེ་ཕྱིན་ཏེ་ལོ་ཤུ་ཤ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །ཁྱིམ་བདག་དབྱིག་པ་ཅན་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་དགུ་པའོ། །

སྔོན་མ།
འཛིན་གྲྭའི་དགེ་རྒན་གྱིས་སློབ་མར་རྒྱུས་ལོན་པའི་ཐབས་ལམ་སྐོར་རགས་ཙམ་གླེང་བ།
ཕྱི་མ།
མོ་སྟོན་ཕག་མགོ།