ཟླ་རེའི་གསར་འགྱུར།

རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

༄༅། །འདི་གའི་བོད་ཡིག་ཚན་པའི་གསར་འགོད་པས་རྡོར་གླིང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་རྒྱ་གར་བྱང་ཤར་བྷན་གྷལ་མངའ་སྡེའི་ཁོངས་སུ་ཡོད་པའི་རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་པ། ཉིན་དེའི་སྔ་དྲོ་ཆུ་ཚོད་ ༨ ཐོག་གངས་ཅན་རིར་དགེ་ལས་སློབ་ཕྲུག་ཡོངས་ཀྱི་བསང་གསོལ་གནང་སྟེ་ཆུ་ཚོད་ ༩ ཐོག་སློབ་གྲྭའི་རྒྱལ་སྒོའི་མདུན་སློབ་སྤྱིས་དབུས་དགེ་ལས་དང་སློབ་ཕྲུག་གི་རོལ་དབྱངས་དཀྲོལ་བཞིན་སྐུ་མགྲོན་གཙོ་བོ་རྣམ་པ་ཕེབས་བསུ་ཞུས་པའི་ཐོག་སློབ་གྲྭའི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་རིག་འགན་འཛིན་སྐུ་ཞབས་ཨེས་པི་རཱ་ན་ (S.P Rana)ལགས། རྡོར་གླིང་ས་གནས་སློབ་སྟོན་པའི་ཚོགས་གཙོ་དང་རྫོང་དཔོོན་ལས་རོགས་སྐུ་ཞབས་གྷོ་པལ་བླ་མ་ (Gopal Lama) ལགས། སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཟུར་རྣམ་པ། ས་གནས་འགོ་འཛིན་དང་ཚོགས་སྐྱིད་ཁག་གི་སྐུ་མགྲོན་རྣམ་པ། སློབ་ཕྲུག་གི་ཕ་མ་བཅས་ཁྱོན་མི་གྲངས་ ༧༠༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱལ་བ་བྱམས་པའི་སྐུ་བརྙན་དང་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མདུན་དུ་སྒྲོན་མེ་ཞལ་འབྱེད་གནང། དེ་རྗེས་བོད་བསྟན་སྲིད་ཆེད་རང་ལུས་ཞུགས་མེར་བསྒྲོན་པའི་དཔའ་བོ་དཔའ་མོ་རྣམས་སླད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་རྗེས་སློབ་ཕྲུག་རྣམས་ཀྱིས་སློབ་གྲྭའི་ཞལ་འདོན་དང་བསྟོད་གླུ་མཉམ་གཞས་བཏང་གྲུབ་མཚམས་སློབ་སྤྱི་བཀྲིས་དོན་གྲུབ་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་གནང།
    དེ་ནས་སློབ་ཟུར་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་འདུན་ངག་དབང་བསྟན་འཛིན་ལགས་ཀྱིས་གསུང་བཤད་གྲུབ་མཚམས་རྡོར་གླིང་ས་གནས་སློབ་སྟོན་པའི་ཚོགས་གཙོ་དང་རྫོང་དཔོོན་ལས་རོགས་སྐུ་ཞབས་གྷོ་པལ་བླ་མ་ལགས་ཀྱིས་གསུང་བཤད་གནང་། དེ་རྗེས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་རིག་འགན་འཛིན་སྐུ་ཞབས་ཨེས་པི་རཱ་ན་ལགས་ཀྱིས་གསུང་བཤད་རྗེས་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་གསུང་གནང་དོན། དེ་རིང་འདིར་དུས་དྲན་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། སློབ་སྤྱི་དབུས་པའི་དགེ་ལས་སློབ་ཕྲུག་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དེ་ཡང་དག་པ་ཞིག་སྲུང་བརྩི་ཞུ་དགོས་ན། ད་ལྟ་བར་དུ་མ་བྱུང་ལབ་ནའང་གྲུབ་འབྲས་ཡག་པོ་ཐོབ་པ་དེ་དག་ལས་གསལ་པོ་ཡིན། ཤེས་ཡོན་ཐད་ད་ལྟའི་གནས་སྟངས་ལ་བལྟས་ན་ཡིད་ཚིམས་པ་ཞིག་མེད་ཀྱང་། སྔོན་གྱི་དངོས་ཡོད་གནས་སྟངས་དང་བསྡུར་ན་གྲུབ་འབྲས་ཆེན་པོ་ཡིན་པར་བརྟེན་འདས་པའི་ལོ་ངོ་ལྔ་བཅུའི་རིང་སློབ་སྤྱི་རིམ་པས་གཙོས་པའི་དགེ་ལས་ཕ་མའི་ཚོགས་ཆུང་མང་དག་ཅིག་གིས་དཀའ་ལས་སྐྱོན་མཁན་ཚོར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ད་ལྟའི་ང་ཚོའི་སློབ་གྲྭ་རྣམ་པའི་ཤེས་ཡོན་གནས་སྟངས་བསྐྱར་ཞིབ་ཡག་པོ་ཞིག་བྱས་པའི་ཐོག་གདོང་ལེན་མ་བྱས་པར་མུ་མཐུད་འཐུས་ཤོར་ཕྱིན་ན། ལོ་ངོ་ལྔ་བཅུའི་ནང་ཐོབ་པའི་གྲུབ་འབྲས་དེ་དག་ཀྱང་ལས་སླ་པོས་འཕྲོ་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད་སྟབས། དགེ་ལས་སློབ་ཟུར་གླེང་མོལ་སྐབས་གནས་དོན་དེ་དག་ཐད་འབོད་སྐུལ་ཞུ་རྒྱུ་དང་།
    ལྷག་པར་དུ་བོད་པའི་དགེ་ལས་རྣམ་པས་བོད་མི་རིགས་ཀྱི་གནས་སྟངས་ལ་གཞིགས་པའི་དམིགས་བསལ་ཐུགས་འགན་བཞེས་རོགས། ཞེས་རྗེས་དབྱིན་སྐད་ཐོག་གསུང་བཤད་སྒྲོགས་སྦྱང་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་དུས་དྲན་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། སློབ་སྤྱི་དང་རེག་ཊར་སློབ་ཟུར། སློབ་ཕྲུག་ཚང་མར་བཀྲིས་བདེ་ལེགས་འཚམས་འདྲི་ཞུ་རྒྱུ་ཡིན། འདི་ལོ་བཀའ་བློན་ལས་འཁྱུར་རྗེས་བོད་མིའི་སྤྱི་ཚོགས་ལས་དོན་ནང་ཞུགས་མི་དགོས་གཙོ་དོན་བྱེད་ཀྱི་ཡོད། རྡོར་གླིང་གཏན་སློབ་འདི་རང་ཉིད་གཞོན་ནུའི་སྐབས་སློབ་དགེ་བྱེད་མྱོང་བའི་ས་ཆ་འདིར་སླེབས་པ་ཡིན་ན། མི་ཚེའི་རྗེས་དྲན་དང་འདོད་བློ་འཚིམ་པ་ཞིག་ཆེད་བཅར་བ་ཡིན། སློབ་གྲྭ་འདི་ནས་ཆོས་ཕྱོགས་མཁན་པོ་སློབ་དཔོན་དང་ཆབ་སྲིད་འཛིན་སྐྱོང་གི་ལས་དོན་ཞབས་ཞུ་མཁན་མང་པོ་ཐོན་ཡོད།
    ལོ་ངོ་ལྔ་བཅུ་ཟེར་བ་དེ་མི་སྒེར་ཞིག་གི་མི་ཚེའི་དོན་སྙིང་ལ་བསམ་བློ་བཏང་བ་ཡིན་ན་རིང་པོ་རེད། འོན་ཀྱང་མི་རིགས་དང་རྒྱལ་ཁབ་ཡང་ན་སྒྲིག་འཛུགས་ཤིག་གི་བྱུང་རབས་ལ་བལྟས་པ་ཡིན་ན། ལོ་ངོ་ལྔ་བཅུ་ཟེར་བ་ཐུང་ཐུང་རེད། སློབ་གྲྭ་ཞིག་ལ་མཚོན་ན་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ལོ་སུམ་བརྒྱ་བཞི་བརྒྱ་ཕྱིན་པ་མང་པོ་ཡོད། བོད་པར་ཆ་བཞག་ན་སློབ་གཉེར་གྱི་བསྟི་གནས་ཆོས་སྡེ་ཆེན་པོ་དང་དགོན་སྡེ་དེ་དག་བོད་ལ་སངས་རྒྱས་བསྟན་པ་དར་ནས་ཚུགས་ཏེ་ལོ་ངོ་གཅིག་སྟོང་སུམ་བརྒྱ་བརྒལ་བ་དང་ལོ་སུམ་བརྒྱ་བཞི་བརྒྱ་བརྒལ་བ་ཤ་སྟག་རེད། དུས་དྲན་སྲུང་བརྩི་དེ་དག་ཤར་ཕྱོགས་ཀྱི་སྔར་གྱི་ལམ་སྲོལ་མ་རེད། ཤར་ཕྱོགས་པས་དམིགས་བསལ་བྱུང་བ་དེ་ཚོར་དུས་ཚོད་ཁྱད་པར་བཟུང་སྟེ་རྗེས་དྲན་བྱེད་ཀྱི་ཡོད། སངས་རྒྱས་རྗེས་འཇུག་པར་མཚོན་ན་སྟོན་པ་སྐུ་བལྟམས་པའི་དུས་ཆེན་སོགས་རྗེས་དྲན་དུས་སྟོན་བྱེད་པའི་ལམ་སྲོལ་ཡིན་སྐོར་དང་། ད་ལྟའི་བསམ་ཕྱོགས་ནུབ་ཕྱོགས་པའི་རྗེས་ཟློས་བྱེད་ཀྱི་ཟློས་བྱེད་སྟངས་དེའང་ཕྱེད་ཀ་ཐུན་མོང་མ་ཡིན་པའི་རིག་གཞུང་ཐོག་ནས་བྱས་པ་ཡིན་ན་ཕན་ཐོགས་ཆེ་བ་ཡོད། སློབ་གྲྭ་འདིར་ཐོག་མར་ནས་ལོ་ངོ་ལྔ་བཅུའི་རིང་དཀའ་ངལ་སྐྱོན་མཁན་དེ་དག་ལ་བཀའ་དྲིན་རྗེས་དྲན་བྱས་པ་ཡིན་ན།
    དོན་དང་མཐུན་པའི་བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་སྲུང་བརྩི་བྱ་རྒྱུ་དེ་ང་ཚོ་ཤར་ཕྱོགས་དང་ནང་པའི་བསམ་ཚུལ་རེད་། སློབ་གྲྭ་ཁག་གི་དུས་སྟོན་སྲུང་བརྩི་བྱ་རྒྱུ་དེས་དགེ་ལས་སློབ་ཕྲུག་ཡོངས་ཀྱི་དུས་ཡུན་ཟླ་བ་མང་པོ་ཕྱིན་པའི་གྱོང་གུན་གསབ་པའི་ཐོག་བྱེད་དགོས་སྐོར་དང་། གཉིས་པ་ལོ་ངོ་ལྔ་བཅུའི་རིང་འཐུས་ཤོར་དང་རྗེས་ལུས་ནོར་འཁྲུལ་གང་ཕྱིན་པ་དག་སྐྱོན་འདོནལ་ཡོ་བསྲང་ཕྱོགས་ལ་འབད་བརྩོན་གནང་དགོས་སྐོར་དང་། འདས་པའི་བྱུང་རབས་ནས་ཉམས་མྱོང་བླང་སྟེ་མ་འོངས་པའི་ལས་འཆར་ཐོག་ལེགས་སྤེལ་ཉེས་འགོག་གི་སློབ་སྦྱོང་དང་བཟང་སྤྱོད་ཉམས་ཆག་འགྲོ་བཞིན་ཡོད་པ་དེ་དག་ལ་ངེས་པར་དུ་གཟབ་ནན་བྱས་ཏེ་སླར་གསོ་བྱེད་དགོས། བོད་པ་སྐྱབས་བཅོལ་བའི་ཆེད་སློབ་གྲྭ་ཟུར་འཛུགས་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་རྒྱུད་འཛིན་གྱིས་འདབ་གཤོག་གཉིས་ལྡན་གྱིས་སློབ་ཕྲུག་ཚོའི་བསམ་བློའི་ནང་བོད་པ་རང་ཞིག་ཆགས་པ་དགོས་སྐོར། དེ་བཞིན་བོད་ཀྱི་གནས་སྟངས་རྒྱུན་མཐུད་ཛ་དྲག་དང་ཉེ་རབས་ཟླ་ཤས་ནང་བོད་མི་ན་གཞོན་མང་པོས་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད་པས། ང་ཚོས་གང་བྱེད་དགོས་སྐོར་སོགས་རྗེས་ཧིན་སྐད་ཐོག་གསུང་བཤད་གནང་རྗེས་སྐུ་མགྲོན་གལ་ཆེ་རྣམ་པས་ལས་བྱེད་དང་ལས་ཟུར་རྣམས་ལ་ལེགས་སྐྱེས་གཟེངས་རྟགས་གནང་།
  དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ལོ་ངོ་ལྔ་བཅུའི་སྙན་དེབ་ཅིག་དབུ་འབྱེད་གནང་སྟེ་སྐུ་མགྲོན་རྣམ་པར་དྲན་རྟེན་གཟེངས་རྟགས་གནང། དེ་ནས་རེག་ཌར་ལས་ཚབ་དགེ་རྒན་ཟླ་བ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་ཏེ་མཛད་སྒོ་དངོས་གཞི་གྲོལ། རྡོར་གླིང་ཀ་སྦུག་ས་ཁུལ་འདི་ནི་ལོ་རྒྱུས་དང་རིག་གཞུང་ཆ་ནས་བོད་དང་འབྲེལ་ཐག་ཉེ་ཞིང་། བོད་ལ་རྒྱ་མིས་དབང་བསྒྱུར་མ་བྱས་སྔོན་བོད་པའི་ཚོང་འབྲེལ་བྱེད་ཡུལ་ཞིག་དང་། ཕྱི་ལོ་ ༡༩༥༩ རྗེས་བོད་མི་བཙན་བྱོལ་འདུ་སྡོད་གཙོ་བོ་ཞིག་ཡིན་པ་མ་ཟད། རྡོར་གླིང་ཁུལ་འདིར་ཁ་འཐོར་གཞིས་ཆགས་བརྒྱད་དང་། ཆོས་བརྒྱུད་རིགས་སུ་མ་ཕྱེ་བའི་དགེ་སྡེ་གྲྭ་ཚང་དགུ འཕྲོད་བསྟེན་ཡན་ལག་སྨན་ཁང་དང་སྨན་རྩིས་ཁང་། བོད་རིགས་རང་འཚོའི་བཟོ་གྲྭ་དང་། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག སམ་བྷོ་ཊ་སློབ་གྲྭ་དང་།
    ལྷག་པར་རྡོར་གླིང་དབུས་བོད་མིའི་གཏན་སློབ་འདི་ནི་༸གོང་ས་མཆོག་གིས་བོད་མིའི་ངོ་བོ་དང་རིག་གཞུང་མི་ཉམས་སླད་རྒྱ་གར་སྲིད་བློན་ཇ་ཝ་ཧར་ལལ་ནེ་རུ་མཆོག་ལ་བཀའ་མོལ་གྱིས་བོད་མིའི་གཏན་སློབ་གྲངས་ ༧༦ ཟུར་འཛུགས་བྱུང་བའི་ནང་ནས་གཅིག་ཡིན་པ་དང་ཐོག་མར་ཕྱི་ལོ་ ༡༩༦༡ ཟླ་ ༡ ཚེས་ ༡༠ ཉིན་མཐུན་རྐྱེན་ཧ་ཅང་ཞན་པའི་ཛ་དྲག་ཕྲུ་གུ་གྲངས་ ༣༠ བདག་ཉར་གྱི་སྔོན་འགྲོ་ལྟ་བུ་ཚུགས་ཤིང་ཕྱི་ཟླ་ ༩ ཚེས་ ༡ ཉིན་ནས་དངོས་སུ་སློབ་ཕྲུག་གྲངས་ ༥༠༠ འཆར་འགོད་ཐོག་རྒྱ་སྐྱེད་ཕྱིན་ཏེ་ད་ལྟའི་ཆར་དགེ་ལས་གྲངས་ ༤༧ དང་བོད་པ་ ༢༡ ཡུལ་མི་ ༢༧ སློབ་ཕྲུག་གྲངས་ ༤༣༧ འཛིན་རིམ་དང་པོ་ནས་བཅུ་གཉིས་བར་ཡོད་པ་མ་ཟད། འདས་པའི་ལོ་ངོ་ལྔ་བཅུའི་ནང་ཁྱོན་བསྡོམས་གྲངས་ ༤༠༠༠༠ བཞི་ཁྲི་བརྒལ་བ་སློབ་ཐོན་བྱུང་སྟེ་སྤྱི་ཚོགས་མཐོ་དམན་གང་སར་ཞབས་ཞུ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྣམ་གཉིས་ཀྱང་སློབ་གྲྭ་འདི་ནས་སློབ་ཐོན་བྱུང་འདུག

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
ཨིན་ཡུལ་རི་ཅཌ་སན་དགེ་རྩ་ཚོགས་པའི་སློབ་ཡོན་ཕྱིར་འགྱངས་ཞུས་པ།
ཕྱི་མ།
བཀའ་ཁྲི་མཆོག་གིས་རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུའི་དུས་དྲན་ཉིན་གསུམ་པར་གསུང་བཤད་གནང་བ།