སློབ་ཐུན་ལེགས་པོ་ཞིག་བྱེད་པ་ནི་སློབ་ཁྲིད་བྱ་བ་བཟང་སྒྲུབ་བྱེད་པའི་ལྷུ་ཚིགས་གཙོ་བོ་ཡིན། སློབ་ཁྲིད་སྤུས་ཚད་མཐོར་འདེགས་བྱེད་ན། ངེས་པར་དུ་སློབ་ཁྲིད་བཟང་པོ་བྱེད་པ་སྨོས་ཅི་དགོས། འོ་ན། དགེ་རྒན་གྱིས་ཇི་ལྟར་བྱས་ན་ད་གཟོད་སློབ་ཁྲིད་ལེགས་པོ་ཞིག་བགྱིད་ཐུབ་ཅེ་ན། སྤྱིར་བཏང་གིས་བཤད་ན། སློབ་ཐུན་ལེགས་པོ་ཞིག་ལ་ཚད་གཞི་མི་འདྲ་བ་འགའ་ཡོད་པ་གཤམ་གསལ།
དང་པོ། སློབ་ཁྲིད་ལ་དམིགས་ཡུལ་གསལ་བོ་ཞིག་ཡོད་དགོས།
དེ་ཡང་དགེ་རྒན་གྱིས་སློབ་ཁྲིད་རྩ་གནད་ལ་བརྩོན་ཞིབ་བྱས་ནས་བསླབ་དེབ་ཀྱི་ནང་དོན་ཁོང་དུ་ཆུད་པ་དང། སློབ་མའི་གནས་ཚུལ་རྒྱུས་བླངས་པའི་རྨང་གཞིའི་སྟེང། ཡང་དག་པའི་སྒོ་ནས་སློབ་ཐུན་གཅིག་གི་སློབ་ཁྲིད་དམིགས་ཡུལ་གཏན་ལ་འབེབས་དགོས། སློབ་ཁྲིད་དམིགས་ཡུལ་གྱི་ནང་དུ་ཕྱོགས་གང་དག་འདུ་ཞེ་ན། འདི་ལྟ་སྟེ། རིག་གནས་ཚན་རིག་གི་ཤེས་བྱ་འཆད་ཁྲིད་བྱེད་པ་དང། རིག་པའི་མཐུ་རྩལ་གོང་འཕེལ་དུ་གཏོང་བ། ནུས་ཤུགས་བསྐྱེད་བསྲིངས་ཏེ་མཐོང་ཐོས་རྒྱ་ཁྱོན་ཇེ་ཡངས་སུ་གཏོང་བ། ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་ཞིང་སློབ་མའི་ལུས་ཤུགས་ལ་སྟོབས་སྣོན་པ་སོགས་ཡིན། བསླབ་དེབ་ཀྱི་ནང་དོན་མི་འདྲ་བར་གཞིགས་ནས་སློབ་ཁྲིད་ཀྱི་དམིགས་ཡུལ་མི་འདྲ་བ་གཏན་ལ་འབེབས་དགོས། སློབ་ཁྲིད་དམིགས་ཡུལ་ནི་སློབ་ཁྲིད་ཀྱི་བླང་བྱ་གཙོ་བོ་ཡིན་ལ། དགེ་སློབ་ཟུང་གིས་ཆབས་ཅིག་ཏུ་འབད་བརྩོན་བསྐྱེད་པ་བརྒྱུད་ན་སླེབས་ཐུབ་པའི་དམིགས་འབེན་ཞིག་ཀྱང་ཡིན། དེ་ལྟར་བྱས་ན་དགེ་རྒན་གྱིས་འཆད་ཁྲིད་བྱེད་པར་དམིགས་ཡུལ་ལྡན་པ་དང་སློབ་མས་སློབ་སྦྱོང་བྱེད་པར་དོན་སྙིང་བདོག་པར་ཁག་ཐེག་བྱེད་ཐུབ་ཅིང་སློབ་ཁྲིད་ལ་འབྲས་བུ་ངེས་ཅན་ཐོན་པར་གདེང་འཇོག་ཡོད།
གཉིས་པ། སློབ་ཁྲིད་ལ་ནང་དོན་ཡང་དག་པ་ཞིག་ཡོད་དགོས།
དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་ནང་དོན་ལ། ཁ་དམ་པའི་ཚན་རིག་རང་བཞིན་དང་ཚད་མཐོ་བའི་བསམ་བློའི་རང་བཞིན་ལྡན་དགོས། སློབ་ཚན་བཀོད་སྒྲིག་བྱེད་པའི་སྟེང། སློབ་ཚན་གྱི་གནད་ས་འབུར་དུ་ཐོན་པར་དོ་སྣང་བྱེད་དགོས་པ་ཕུད། སློབ་ཚན་གྱི་མ་ལག་རང་བཞིན་དང་འབྲེལ་ཆགས་པའི་རང་བཞིན་ལའང་མནོ་བསམ་གཏོང་དགོས། སློབ་ཁྲིད་གོ་རིམ་ཁྲོད་དུ་དགེ་རྒན་གྱིས་ཤེས་བྱ་འཆད་སྤེལ་བགྱིད་པ་དང་ལྷན་དུ་དམིགས་ཡུལ་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས། སློབ་མའི་རིག་པའི་མཐུ་རྩལ་གོང་འཕེལ་དང་ནུས་ཤུགས་བསྐྱེད་བསྲིང་དགོས། འདི་ལྟར་བྱས་ན། ད་གཟོད་སློབ་ཁྲིད་ཀྱི་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོན་པོར་ཁག་ཐེག་བྱེད་ཐུབ་བོ། །
གསུམ་པ། ཡང་དག་པ་དང་ཕྱོགས་ཡོངས་ནས་སློབ་ཁྲིད་རྩ་དོན་ལག་བསྟར་མཐར་ཕྱིན་བྱེད་དགོས།
སློབ་ཁྲིད་རྩ་དོན་ནི་སློབ་ཁྲིད་བྱ་བའི་གཞི་རྩའི་ཆོས་ཉིད་ཀྱི་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་ཞིག་ཡིན། དེས་སློབ་ཁྲིད་ཀྱི་རྒྱལ་ཕམ་ལ་རྩ་བའི་སྟེང་ནས་ནུས་པ་ངེས་ཅན་ཐོན་ཐུབ། སློབ་ཁང་སློབ་ཁྲིད་ཁྲོད། སློབ་ཁྲིད་ཀྱི་གནས་ཚུལ་ངོ་མའི་རྨང་གཞིའི་སྟེང་སློབ་ཁྲིད་རྩ་དོན་རེ་རེ་ལག་ལེན་མཐར་ཕྱིན་བྱེད་དགོས། སློབ་ཁྲིད་རྩ་དོན་གཞིར་བཟུང་ནས་སློབ་ཁྲིད་བྱེད་པ་དེ་ནི་སློབ་ཁྲིད་ཆོས་ཉིད་ལྟར་སྒྲུབ་པ་ཞིག་ཡིན་པས། དེ་ལྟར་བྱས་ན་སློབ་ཁང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ལ་ཁག་ཐེག་བྱེད་ཐུབ།
བཞི་པ། ཡང་དག་པའི་སྒོ་ནས་སློབ་ཁྲིད་བྱེད་ཐབས་གདམ་བཀོལ་བགྱིད་པ།
སློབ་ཁྲིད་ལས་འགན་ངེས་ཅན་ཞིག་ཡོངས་འགྲུབ་བྱེད་པ་དང། སློབ་ཁྲིད་ཀྱི་རེ་འདུན་ངེས་ཅན་ཞིག་ལ་སླེབས་པ་དེ་ན། སློབ་ཁྲིད་བྱེད་ཐབས་ལེགས་པོ་ཞིག་བཀོལ་བར་འབྲེལ་བ་ཤིན་ཏུ་ཆེ། དགེ་རྒན་གྱིས་སློབ་ཁྲིད་ལས་འགན་དང། སློབ་ཚན་ནང་དོན། སློབ་མའི་བསམ་བློའི་ཁྱབ་ཁོངས། རིག་གནས་ཆུ་ཚད། སློབ་གྲྭའི་བཀོད་སྒྲིག་གི་ཆ་རྐྱེན་སོགས་གནས་ཚུལ་ངོ་མ་གཞིར་བཟུང་སྟེ་འོས་འཚམ་གྱི་སློབ་ཁྲིད་བྱེད་ཐབས་གདམ་གསེས་བྱེད་དགོས། སློབ་ཁྲིད་བྱེད་ཐབས་རེ་རེ་བཀོལ་སྤྱོད་བྱེད་དུས་དེ་དག་གི་ཁྱད་ཆོས་དང་རེ་འདུན་མི་འདྲ་བར་དོ་སྣང་བྱེད་དགོས། དགེ་རྒན་གྱིས་ད་དུང་སློབ་ཁྲིད་ཀྱི་དགོས་མཁོ་ལྟར། འོས་འཚམ་སྒོས་སྤྱིར་བཏང་གི་སློབ་ཆས་དང་དེང་རབས་ཅན་གྱི་སློབ་ཁྲིད་བྱེད་ཐབས་བཀོལ་སྤྱོད་བྱེད་པ། དེའི་ནང་དོན་དང་རྣམ་པ། བཀོལ་སྤྱོད་བྱེད་ཐབས་སོགས་སློབ་ཁྲིད་རེ་འདུན་དང་མཐུན་པར་བྱས་ནས་སློབ་ཆས་ཀྱིས་སློབ་ཁྲིད་ལ་རམ་འདེགས་ཀྱི་ནུས་པ་ངེས་ཅན་ཐོན་དགོས།
ལྔ་པ། དགེ་རྒན་གྱི་སྐད་ཆ་གསལ་ཞིང་གནད་ལ་འཁེལ་བ་དང་བློ་སྒོ་འབྱེད་པ་དང་སློབ་གསོའི་རང་བཞིན་ལྡན་དགོས།
དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས། ཡང་དག་པའི་སྒོ་ནས་གོ་དོ་བེད་སྤྱོད་པ་དང། ཚན་རིག་གི་སྒོ་ནས་ཁ་ཚོན་གཅོད་པ། གཏན་ཚིགས་དང་མཐུན་པའི་ངང་ནས་རྗེས་དཔོག་བྱེད་དགོས། དེ་ལྟར་བྱས་ན། སློབ་མ་རྣམས་དགེ་རྒན་གྱིས་ཕྱེས་པའི་ལམ་དུ་ཞུགས་ནས་། ཧུར་བརྩོན་གྱིས་བསམ་བློ་གཏོང་བའི་བྱ་འགུལ་སྤེལ་ནུས།
སློབ་ཁྲིད་སྟེང། ཚིག་རྙོག་མང་ཞིང་ཡིན་མིན་ཐག་གཅོད་བྲལ་བ། གོང་འོག་འགལ་བའི་སྐད་ཆ་སོགས་ཅི་ནུས་ཀྱིས་སྔོན་འགོག་བྱས་ཏེ་ཚིག་ཉུང་ལ་ཁ་གསལ་བ། གསོན་ཉམས་ལྡན་པའི་སྐད་ཆས་བྱ་དངོས་ཀྱི་ནང་དོན་མཚོན་པར་བྱེད་དགོས། སྐད་ཆའི་བཀོལ་སྤྱོད་ལ་བློ་སྒོ་འབྱེད་པའི་རང་བཞིན་དང་སློབ་གསོའི་རང་བཞིན། སྐུལ་སློང་རང་བཞིན་བཅས་ལྡན་དགོས། དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་སྐད་གདངས་མཐོ་དམའ་འགུགས་མཚམས་དང་དལ་བྲེལ་རན་པའི་ཕྱོགས་ལའང་གཟབ་ནན་བྱེད་དགོས། སློབ་ཁང་སློབ་ཁྲིད་ལ་འབྲས་བུ་ལེགས་པོ་ཐོབ་ཐུབ་མིན་དེ་དགེ་རྒན་གྱི་སྐད་ཆ་ནི་རྐྱེན་གལ་ཆེན་ཞིག་ཡིན།
དྲུག་པ། དགེ་རྒན་གྱི་གཙོ་ཁྲིད་ནུས་པ་དང་སློབ་མའི་ཧུར་བརྩོན་རང་བཞིན་ཚང་མ་མཐོར་འདེགས་བྱེད་དགོས།
སློབ་ཁྲིད་ཀྱི་གོ་རིམ་ཁྲོད། དགེ་རྒན་གྱི་གཙོ་ཁྲིད་ནུས་པ་དང་སློབ་མའི་རང་བཞིན་རང་སྟོབས་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས། དེ་ཡང་དགེ་སློབ་ཕྱོགས་གཉིས་ཀས་རང་འགུལ་སྒོས་ཧུར་བརྩོན་བྱེད་པ་ལས་ཕྱོགས་གཅིག་གི་ཧུར་བརྩོན་ཁོ་ནས་སློབ་ཁྲིད་ཀྱི་ལས་འགན་འགྲུབ་མི་ཐུབ། དགེ་རྒན་གྱིས་འཆད་ཁྲིད་བྱེད་པ་ནི་ཆུ་ཀླུང་རྒྱུག་པ་བཞིན་འདྲ་ན་ཡང་སློབ་མས་ནན་ཏན་གྱིས་མ་ཉན་ན། སློབ་ཁྲིད་ལ་ཕན་འབྲས་ལེགས་པོ་ཞིག་འབྱུང་མི་སྲིད། དེ་བས་དགེ་རྒན་གྱིས་སློབ་ཁྲིད་ལ་ཧུར་བརྩོན་ནུས་པ་ཆེར་བསྐྱེད་བྱེད་པ་དང་ལྷན་དུ་སློབ་མས་ཀྱང་ནན་ཏན་གྱིས་ཉན་ཞིང་འབད་པས་ཟིན་བྲིས་སུ་འདེབས་པ། བསམ་བློ་ཡང་ཡང་གཏོང་བ་བཅས་བྱས་ན། དགེ་རྒན་གྱིས་ཁྲིད་པའི་ཤེས་བྱ་མཐའ་དག་སློབ་མའི་རྒྱུད་ལ་ཆགས་ཐུབ། དགེ་རྒན་གྱིས་སློབ་མའི་བཟང་ངན་གྱི་ཁྱད་པར་ལའང་དོ་སྣང་གང་ལེགས་སྒོས་རབ་འབྲིང་ཐ་གསུམ་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ་སློབ་མའི་ལྟོ་བ་མི་འགྲངས་པ་ཞེས་པ་དང་ཟ་མི་ནུས་པ་ཞེས་པའི་འགལ་བ་སོགས་ལ་དབྱེ་ཞིབ་འཐུས་ཚང་བྱེད་དགོས། འདི་ལྟར་བྱས་ན་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་རང་འགུལ་ཧུར་བརྩོན་བསྐྱེད་དེ་སློབ་ཁྲིད་བརྒྱུད་རིམ་རེ་རེའི་བྱ་འགུལ་དུ་ཞུགས་ཐུབ་བོ། །
བདུན་པ། ཁ་དམ་པའི་འཆར་གཞིའི་རང་བཞིན་དང་རྩ་འཛུགས་རང་བཞིན་ལྡན་དགོས།
སློབ་ཐུན་གཅིག་ལ་དུས་ཚོད་སྐར་མ་ཞེ་ལྔ་ཡོད་པ་དེ། དགེ་རྒན་གྱིས་འཆར་གཞི་ལྡན་པའི་སྒོ་ནས་བཀོད་སྒྲིག་ལེགས་པོ་བྱེད་དགོས། དཔེར་ན། སློབ་ཁྲིད་བྱེད་སྐབས་ཐོག་མར་ཅི་ཞིག་བཤད་པ་དང་རྗེས་ནས་ཅི་ཞིག་བཤད་པ། དུས་ནམ་ཞིག་ལ་བཤད་པ་དང། ནམ་ཞིག་ལ་བསྐྱར་སྦྱོང་བྱེད་པ། ནམ་ཞིག་ལ་སྒོ་སམ་(ནག་པང)སྟེང་དུ་ཡི་གེ་འབྲི་བ། ཡི་གེ་རེ་རེ་སྒོ་སམ་སྟེང་གི་གནས་གང་ལ་འབྲི་བ་སོགས་བཀོད་སྒྲིག་འོས་འཚམ་བྱས་ན། སློབ་ཁང་སློབ་ཁྲིད་ཡོངས་ཀྱི་གོ་རིམ་ཐམས་ཅད་མ་འཆོལ་བར་དུས་ཚོད་སྐར་མ་གཅིག་ཀྱང་ཆུས་ཟོས་སུ་མི་འགྲོ་ལ། དེ་དང་མཉམ་དུ་སློབ་ཁྲིད་རྩ་འཛུགས་བཟང་པོ་བྱེད་དགོས་ཤིང་སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་གང་ལའང་སྒྲིག་ལམ་ལྡན་པ་བྱས་ཏེ་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་མནོ་བསམ་གཏོང་བའི་ཐད་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཞིང་ཚད་ཡོད་པའི་དུས་ཚོད་ཁྲོད་དུ་སློབ་མའི་རྒྱུད་ལ་ཤེས་བྱ་མང་ཙམ་འབྱོར་ཐུབ་པ་བྱས་ནས་སློབ་ཐུན་རེ་རེའི་སློབ་ཁྲིད་སྤུས་ཚད་ལ་ཁག་ཐེག་བྱེད་དགོས།
བརྒྱད་པ། སློབ་ཁྲིད་ཀྱི་ཕན་འབྲས་ལ་བལྟ་དགོས།
སློབ་ཐུན་གཅིག་གི་རྒྱལ་ཕམ་ནི་ཆེས་གལ་ཆེ་བའི་ཚད་གཞི་ཞིག་ཡིན། དགེ་རྒན་གྱིས་ཁྲིད་པའི་ཤེས་བྱ་གསར་པ་རྣམས་དོན་དངོས་སུ་སློབ་མའི་རྒྱུད་ལ་འབྱོར་ཡོད་མེད་དང། དཀའ་གནད་ལ་འགྲེལ་རྒྱག་པ་དང་ཐག་གཅོད་པའི་རིག་རྩལ་གོང་དུ་འཕེལ་ཡོད་མེད་དེ་ནི། སློབ་ཁྲིད་ཀྱི་གནས་ཚུལ་དང་སློབ་མའི་བཤད་ཚུལ། ལས་བྱ་སྣ་ཚོགས་ཀྱི་སྤུས་ཚད། དེ་མིན་ད་དུང་རྒྱུགས་བླངས་པ་སོགས་ཀྱི་ཁྲོད་ནས་རྒྱུས་ལོན་དང་ཞིབ་བཤེར་བྱེད་དགོས། སྤྱིར་བཏང་གིས། སློབ་ཁྲིད་ལས་འགན་ཡོངས་སུ་གྲུབ་ནས་སྔོན་དཔག་གི་རེ་འདུན་ལ་སླེབས་ཚེ། སློབ་ཐུན་དེ་ནི་རྒྱལ་ཁ་ཐོབ་པའི་དམག་འཁྲུག་ཅིག་དང་འདྲ། དེ་ལས་ལྡོག་ན་སད་ཀྱིས་ཁྱེར་བའི་ལོ་ཏོག་དང་མཚུངས་སོ། །
གོང་གསལ་གྱི་རྨང་གཞིའི་བླང་བྱ་འདི་དག་གིས་སློབ་ཐུན་བཟང་པོ་གཅིག་གི་སྤྱིར་བཏང་གི་ཚད་གཞི་ག་འདྲ་ཞིག་ཡིན་པ་བསྟན་ཞིང་དགེ་རྒན་གྱིས་རེ་བ་འདི་དག་གཞིར་བཟུང་ནས་གང་ཐུབ་ཅི་ཐུབ་ཀྱིས་སློབ་ཐུན་ལེགས་པོ་གཅིག་ཁྲིད་སླད་དུས་ཚོད་སྐར་མ་ཞེ་ལྔའི་ནུས་པ་ཅི་ཡོད་འདོན་དགོས། སློབ་ཐུན་གཅིག་གི་བཟང་ངན་དཔྱད་བསྡུར་བྱེད་སྐབས། གོང་གསལ་གྱི་ཚད་གཞི་དེ་དག་ངེས་པར་དུ་བྱས་ཟིན་པའམ་མ་འོངས་པ་ན་བྱ་དགོས་པའི་སློབ་ཁྲིད་ཀྱི་ཁྱོན་ཡོངས་སུ་བཞག་ནས་ཞིབ་བཤེར་བྱེད་དགོས་ལ། འོན་ཀྱང་སྐྱོན་ཆ་གཏན་ནས་མེད་པའི་རེ་བ་བྱེད་ག་ལ་རུང། སློབ་ཁྲིད་ནི་སྒྱུ་རྩལ་གྱི་གསར་བཏོད་རྣམ་པ་ཞིག་ཡིན་པས་ནམ་ཡང་རྫོགས་མཐའ་བྲལ་བ་ཞིག་རེད།
མཆན།
རྨ་ལྷོ་ཁུལ་རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་བསྟན་འཛིན་རྒྱ་མཚོས་བརྩམས་ཏེ། ཕྱི་ལོ་༡༩༨༥ ལོའི་མཚོ་སྔོན་སློབ་གསོ་དེབ་དྲུག་པར་སྤེལ་ཞིང། ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་སློབ་དེབ་ལས་བདམས་བཀོད་བྱས།