ཚེ་རིང་བསམ་གྲུབ།

དོན་གཉིས་མཐར་སོན་མི་འགྱུར་ལྷུན་པོའི་སྐུ། །བདེན་བཞི་གནས་ལུགས་འགྲོ་བ་སྒྲོལ་སླད་གསུང༌། །
ཉེ་རིང་ཀུན་བྲལ་བྱམས་དང་བརྩེ་ཆེན་ཐུགས། །འགྲོ་ཀུན་སྙོམས་གཟིགས་ཤཱཀྱའི་ཏོག་ལ་འདུད། །
འཇ༷མ་མགོ༷ན་ཡེ་ཤེས་སེམས་པའི་རྣམ་རོལ་གྱིས། །ས༷་ལམ་སྐྱ༷་རེངས་སྣང་བའི་དམ་ཆོས་བཅུད། །
པ༷ཎ་ཆེ༷ན་གང་གིས་སྟོང་གསུམ་ཀུ༷ན་བསྒྲགས་ནས། །དག༷འ་བ་རྒྱ༷ལ་མཚ༷ན་ཕྱོགས་བཅུར་སྒྲེང་པོར་འདུད། །
ག༷ངས་ཅ༷ན་བསྟན་འགྲོའི་བགོ་སྐལ་དུ་གྲུབ་པའི། །ག༷ངས་ཅ༷ན་རིས་མེད་འགྲོ་བ་ཀུན་གྱི་མགོན། །
ག༷ངས་ཅ༷ན་ཆོས་རྒྱུད་ཡོངས་ཀྱི་གཙུག་རྒྱན་མཆོག །ག༷ངས་ཅ༷ན་མགོན་པོ་མཆོག་ལ་གུས་བཏུད་ནས། །
གངས་ལྗོངས་བརྡ་སྤྲོད་སྨྲ་ལ་དབང་ཐོབ་པའི། །བདག་གི་བཤེས་གཉེན་དམ་པའི་ཞལ་སྒོ་ནས། །
བྱུང་བའི་ཚིག་གི་བདུད་རྩིའི་ཟེགས་མ་འགའ། །རང་མཉམ་ཚོགས་ལ་ཕན་རེས་དགོད་ལ་སྤྲོ། །

    མཚན་དོན། དེ་ཡང་བསྟན་བཅོས་འདིའི་མཚན་ལ། དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །ཞེས་པའི་དོན་ནི། བོད་ཁ་བ་གངས་ཅན་ལྗོངས་ཀྱི་མིང་ཚིག་རྣམས་ལ་སྔོན་རྗེས་སོགས་གང་ལ་གང་ཐོབ་པའི་གནད་རྣམས་ལེགས་པར་ཤེས་ཤིང་འཁྲུལ་བའི་ཚོགས་ཀུན་དག་པར་བྱེད་པའི་ཚིག་གི་སྡེབ་ལེགས་ཤིང་ཡིད་ལ་གཟུང་བདེ་བར་སྦྱོར་བའི་བསྟན་བཅོས་རིན་པོ་ཆེའི་རྒྱ་མཚོ་ལྟ་བུ་ཞེས་བྱ་བ་བཞུགས་སོ། །ཞེས་པའོ། །ཡང་བློ་གསར་ལས་དང་པོ་བ་རྣམས་ཀྱི་བསླབ་པའི་གཞི་གཙོ་བོར་གྱུར་བའི་ཆ་ནས་བསྟན་བཅོས་འདིའི་མཚན་ལ་བྱིས་པ་དག་ཡིག་ཅེས་ཀྱང་གྲགས་སོ། །
    ལྷག་པའི་ལྷ་ལ་ཕྱག་འཚལ་བ། རྩ་བ་ལས། བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།།
    རྗེ་བཙུན་ས་སྐྱ་པཎ་ཆེན་རང་ཉིད་ཀྱི་བླ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་ཤེས་རབ་ཀྱི་ལྷ་མགོན་པོ་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་ངོ་བོ་དབྱེར་མེད་དུ་ལྟ་བའི་སྒོ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་བསྟན་བཅོས་རྩོམ་པའི་ཐོག་མ་བར་ཆད་ཟློག་པ་སོགས་ཀྱི་ཆེད་དུ་བསྟོད་ཕྱག་མཛད་དོ། །
    གཞུང་དོན་ནི། རྩ་བ་ལས། སྤྱིར་ནི་ཡི་གེ་སུམ་བཅུ་ལ། །ཡེ་གེ་ཞེས་པ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་འགྱུར་བའི་སྐད་ཀྱི་གདངས་ཤིག་ལ་འཇོག །དེ་ལ་དབྱེ་ན་དབྱངས་དང་གསལ་བྱེད་གཉིས་ཡོད། དབྱངས་དང་གསལ་བྱེད་གཉིས་མཚོན་བྱེད་ཀྱི་ཡིེ་གེའི་གཟུགས་ལའང་ཡེ་གེ་ཞེས་བརྗོད་རུང་ཞིང༌། དེས་ན་དབྱངས་གསལ་གཉིས་ལའང་ཐ་སྙད་འདི་ལྟར་འཇུག་རིགས་པས་ན་འདིར་བསྟན་གྱི་སྤྱིར་ཡེ་གེ་ཞེས་པ་ནི་གསལ་བྱེད་སུམ་ཅུ་སྟེ། ཀ་ནས་ཨ་བར་སུམ་ཅུ་ལ་གོ་དགོས།
    དབྱངས་ཀྱི་གོ་དོན་ནི། གསལ་བྱེད་ཀྱི་བརྗོད་དོན་གསལ་བར་བྱེད་པ་ལ་ཕན་འདོགས་པའི་ང་རོའི་རྣམ་པ་ཅན་གྱི་ཡེ་གེ་ཞིག་ལ་ཟེར། དེ་ལ་དབྱེ་ན། ཨི་ཨུ་ཨེ་ཨོ་བཞིའོ།།
    གསལ་བྱེད་ཀྱི་གོ་དོན་ནི། རང་གི་བརྗོད་དོན་གསལ་བར་བྱེད་པ་ལ་རང་གྲོགས་དབྱངས་ལ་ལྟོས་དགོས་པའི་ཡེ་གེ་ཞིག་ལ་ཟེར། དེ་ལ་དབྱེ་ན།  ཀ་ནས་ཨའི་བར་སུམ་ཅུའོ།།
    རྩ་བ་ལས། སྔོན་འཇུག་ལྔ་དང་མཐའ་བརྟེན་༼རྟེན༽བརྒྱད།།
          ཡི་གེ་ཕྱེད་དང་བཅུ་གསུམ་ཡིན།། 
    གོང་དུ་བསྟན་པའི་གསལ་བྱེད་སུམ་ཅུ་དེ་དག་ལས་མིང་གཞིའི་སྔོན་དུ་འཇུག་པའི་ཡེ་གེ་ལྔ་དང་མིང་གཞིའི་མཐའ་རྟེན་པ་སྟེ་རྗེས་སུ་འཇུག་པའི་ཡི་གེ་བརྒྱད་ཅེས་ཁྱོན་བསྡོམས་ཡེ་གེ་ཕྱེད་དང་བཅུ་གསུམ་ཡོད། དེ་ཡང་ཡོངས་སུ་གྲགས་པའི་རྗེས་འཇུག་བཅུ་ལས་ད་དང་ས་གཉིས་ཡང་འཇུག་ཡིན་པས་ལོགས་སུ་བཏོན་ནས་མཐའ་རྟེན་ཡེ་གེ་བརྒྱད་དང༌། ག་ཡིག་སྔོན་འཇུག་གི་ནང་ནས་འགྲོ་རྒྱུག་ཆུང་བས་ཕྱེད་ཀར་བརྩིས་ནས་ཕྱེད་དང་བཅུ་གསུམ་སྟེ་བཅུ་གཉིས་དང་ཕྱེད་ཀ་ཞེས་པའི་དོན་ནོ།།
    རྩ་བ་ལས།     ག་ད་བ་མ་འ་རྣམས་ནི།།
            ཕུལ་༼འཕུལ༽ཕྱེད་ལྔ་རུ་གྲགས་པ་ཡིན།།
    གོང་དུ་བསྟན་པའི་སྔོན་འཇུག་ལྔ་ནི།  ག་ད་བ་མ་འ་རྣམས་སོ། །དེ་དག་ལ་འཕུལ་ཕྱེད་ལྔ་རུ་གྲགས་ཏེ་དེ་དག་གིས་མིང་གཞི་ཡི་གེར་འཕུལ་བར་བྱེད་པས་སོ། །འདིར་འཕུལ་ཕྱེད་ལྔ་ཞེས་པ་ནི་སྔོན་འཇུག་བཞི་དང་ཕྱེད་ཀའི་དོན་ཡིན་ཞིང༌། ཕྱེད་ནི་སྔོན་འཇུག་དང་པོ་ག་ཡིག་ཡིན་ཏེ། སྔོན་འཇུག་ནང་ཁུལ་འགྲོ་རྒྱུག་ཆེ་ཆུང་དབང་གིས་སྔོན་འཇུག་ག་ཡིག་ཕྱེད་ཀར་བཞག་ཅིང༌། དེ་ཡང་སྔོན་འཇུག་ལྔ་ཡི་ནང་ནས་བ་ཡིག་རྐྱང་བརྩེགས་འདོགས་གསུམ་ལ་འཇུག་པས་འགྲོ་རྒྱུག་ཆེ་ཤོས་ཡིན། གཞན་སྔོན་འཇུག་ད་མ་འ་གསུམ་ནི་རྐྱང་འདོགས་གཉིས་ཙམ་ལ་འཇུག་པ་དང༌། ག་ཡིག་གཅིག་པུ་མིང་གཞི་རྐྱང་པ་ཁོ་ནར་མ་གཏོགས་མི་འཇུག་པས་ཕྱེད་ཀར་བཞེད་དོ། །འདིར་བསྟན་གྱི་རྐྱང་པའི་གོ་དོན་བརྩེགས་འདོགས་མེད་པའི་ཡི་གེ་ལ་གོ་དགོས་སོ། ༼རྐྱང་པའི་གོ་དོན་གཤམ་དུ་འཆད་པར་བྱ།༽ སྔོན་འཇུག །འཕུལ། འཕུལ་རྟེན་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན། སྔོན་འཇུག་ལྔའི་དཔེར་བརྗོད་ནི། གསང༌། དབང༌། བསལ། མཁྱེན། འཁོར་ལྟ་བུའོ། །གཞན་ཡང་སྤྱིར་ལ་བཏགས་མགོ་ཅན་མ་ཡིན་ཡང་སྐབས་འགར་ལ་བཏགས་བརྩེགས་མར་བརྩིས་པའི་རྒྱུ་མཚན་ནི། ལ་བཏགས་ལ་སྔོན་འཇུག་ཐོབ་ན་བ་ཡིག་ཁོ་ན་ལས་མི་འཇུག་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་འཇོག་པར་སྙམ་མོ།།
    རྩ་བ་ལས།    ག་ང་ད་ན་བ་མ་དྲུག །
            ར་ལ་ས་དང་བཅས་པ་རྣམས།།
            མཐའ་བརྟེན་༼རྟེན༽ཡི་གེ་དགུ་ཡིན་ནོ།།
    གསལ་བྱེད་སུམ་ཅུའི་ནང་ནས། ག་ང་ད་ན་བ་མ་དྲུག་དང༌།  ར་ལ་ས་བཅས་པ་རྣམས་ལ་མཐའ་རྟེན་ཡི་གེ་དགུ་ཞེས་བརྗོད་རུང་ཏེ། མིང་གཞིའི་ཡི་གེའི་མཐའ་ན་རྟེན་པའམ་གནས་པས་སོ། །རྗེས་འཇུག ། མཐའ། མཐའ་རྟེན།  རྟེན། འཇུག་པ། མིང་མཐའ་བཅས་དྲུག་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན།  རྗེས་འཇུག་བཅུའི་དཔེར་བརྗོད་ནི།  ལོག    །གང༌།    བདེན། ལབ།  བསམ། ཐར། ཐལ། ལས་ལྟ་བུའོ། །འོ་ན་གོང་དུ་མཐའ་རྟེན་ཡི་གེ་བརྒྱད་བསྟན་པ་དང་འགལ་ལོ་སྙམ་ན་སྐྱོན་མེད་དེ། གོང་དུ་ད་དང་ས་གཉིས་ཡང་འཇུག་ཏུ་ཤེས་ཆེད་མཐའ་རྟེན་ཡེ་གེ་དགུར་གསུངས་པ་དང༌། འདིར་རྗེས་འཇུག་འ་ཡིག་འཇུག་ཚུལ་ཤེས་ཆེད་དུ་གསུངས་ཏེ།
    རྩ་བ་ལས།     འ་ནི་མཐའ་རྟེན་ཕྱེད་དྲུག་འདོད།།
            དགའ་མདའ་དམའ་ལ་སོགས་པའོ།།བུ་དྲུག་ཅན་ལ་འ་མཐའ་སྤོངས།།
        ཞེས་པས་བསྟན་ཏེ།  དེ་ཡང་རྗེས་འཇུག་འ་ཡིག་རང་ཉིད་ཀྱི་འཇུག་ཡུལ་ཁྱད་པར་མི་འདྲ་བའི་དབང་གི་མཐའ་རྟེན་ཕྱེད་དྲུག་ཏེ་ལྔ་དང་ཕྱེད་ཀར་འདོད་དེ། དེ་ཡང་མཐའ་རྟེན་ཕྱེད་དྲུག་ཅེས་པའི་ལྔ་ནི་ལེགས་བཤད་ལྗོན་དབང་ལས། རྐྱང་པ་ཕུལ་ལ་འ་མཐའ་དགོས། །ཞེས་པ་ལྟར་སྐབས་འདིར། དགའ་མདའ་དམའ་ལ་སོགས་པའོ། །ཞེས་པ་རྐྱང་པའི་ཡི་གེ་ལ་སྔོན་འཇུག་ཡོད་པ་དང་རྗེས་འཇུག་འ་ཡིག་ལས་གཞན་མེད་ན། འ་མཐའ་ངེས་པར་ཐོབ་པ་མ་ཟད་དངོས་སུ་འབྲི་དགོས་པའི་དཔེ་ནི། གཟའ། དམའ། བདའ། མདའ། འདའ། ལྟ་བུའོ། །
    དེས་ན་རྐྱང་པ་ལ་སྔོན་འཇུག་ལྔ་ཀར་འཇུག་པ་ལ་ལྟོས་ནས་རྗེས་འཇུག་འ་ཡིག་གི་འཇུག་ཡུལ་གྱི་སྡེ་ཚན་ཡང་སྔོན་འཇུག་གི་གྲངས་དང་མཉམ་པས་ལྔར་གསུངས་པ་དང༌། ཕྱེད་ནི། ལྗོན་དབང་ལས༌། གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤངས། །ཞེས་པ་ལྟར་འདིར། བུ་དྲུག་ཅན་ལ་འ་མཐའ་སྤོངས། །ཞེས་པའི་བུ་དྲུག་ཅན་ལ་དོན་གྱིས་འ་མཐའ་ཐོབ་ཀྱང་ཡི་གེ་ཟོར་ཡང་བའི་ཕྱིར་སྐད་གསར་བཅད་སྐབས་སུ་འབྲི་མི་དགོས་པར་གཏན་ལ་ཕབ་ཟིན་པས་ཕྱེད་ཀར་བརྩིས་སྟེ་ལྔ་དང་ཕྱེད་ཀར་འདོད་དོ། །བུའི་ཡི་གེ་དོན་ནི། མཁས་པའི་ཁ་རྒྱན་ལས།  ཕ་མའི་ཡེ་གེ་ལ་ཕར་ལྟོས་ཤིང་གདགས་སུ་རུང་ལ་ཕ་མའི་ཡི་གེ་དེ་དག་ལ་མ་ལྟོས་ཤིང་གདགས་སུ་མེད་པས་སོ། །ཞེས་པ་ལྟར་དེ་ལྟ་བུའི་བུའི་ཡི་གེ་ནི་དེ་ཉིད་ལས། སྟེང་ན་ཞྭ་ལྟར་མཛེས་པའི་ཡི་གེ་གསུམ་ནི།  གི་གུ    འགྲེང་བུ། ན་རོ་གསུམ་དང༌། འོག་ན་གདན་ལྟར་མཛེས་པ་གསུམ་ནི། ཞབས་ཀྱུ།    ཡ་བཏགས། ར་བཏགས་བཅས་སོ། །སྐབས་འདིར་བསྟན་པའི་བུ་དྲུག་གོང་དུ་བཀོད་པ་བཞག་ན་ཁྱབ་ཆུང་བར་མངོན་ཏེ། བརྩེགས་མ་དང་ཝ་བཏགས། ལ་བཏགས་མ་འདུས་པས་སོ། །དེ་ལྟར་ན་བརྩེགས་མ་དང་ཝ་བཏགས། ལ་བཏགས་ཅན་ལ་འ་མཐའ་དངོས་སུ་འབྲི་དགོས་པར་བསྟན་པར་ཐལ་པར་གྱུར་བས་བཀས་བཅད་དང་འགལ་ལོ། །དེས་ན་འདིར་བསྟན་གྱི་བུ་དྲུག་ནི།  དབྱངས་བཞི་དང་བརྩེགས་འདོགས་གཉིས་ལ་བཤད་དོ། །འདིར་བསྟན་གྱི་བུ་དྲུག་ནི་ལྗོན་དབང་སྐབས་ཀྱི་རྩ་བ་དང་མཐུན་ཆེ་བའོ།།
བྱིས་པ་དག་ཡིག་གི་རྐྱང་པའི་ཡི་གེ་ནི།  དབྱངས་བཞི་དང་བརྩེགས་འདོགས་མེད་པ་ཞིག་ལ་འཇོག་པས་ལེགས་བཤད་ལྗོན་དབང་སྐབས་ནས་བསྟན་པ་དང་མཚུངས། དེ་གཉིས་སྐབས་སུ་བསྟན་པའི་རྐྱང་པ་ནི་འ་རྗེས་འཇུག་དངོས་སུ་འབྲི་དགོས་དང་མི་དགོས་པའི་ཁྱད་པར་ཤེས་པའི་ཆེད་དུའོ།།
    རྟགས་འཇུག་སྐབས་ཀྱི་རྐྱང་པ་ནི།    བརྩེགས་འདོགས་མེད་པ་ཞིག་ལ་གོ་དགོས། དེའི་སྐབས་སྔོན་འཇུག་གི་འཕུལ་ཚུལ་ལས་བྱུང་བའི་རྐྱང་པའོ།།
དག་ཡིག་ངག་སྒྲོན་དང་ཟ་མ་ཏོག་གི་སྐབས་ཀྱི་རྐྱང་པ་ནི།  སྔོན་འཇུག་དང་བརྩེགས་མ་མེད་པ་ཙམ་ལའོ། ། དེ་ཡང་དག་ཆ་ཙམ་ཤེས་བྱེད་ཀྱི་རྐྱང་པ་ཡིན་ནོ།།
            ག་ང་གཉིས་ལ་གི་འོང་སྟེ། །བདག་གི་ཁོང་གི་ལྟ་བུའོ། །
            ན་མ་ར་ལ་བཞི་པོ་གྱི། །གནམ་གྱི་བར་གྱི་གཞན་གྱི་དང༌། །
            ད་བ་ས་ཡི་རྗེས་སུ་ཀྱི། །ཡོད་ཀྱི་ཆུབ་ཀྱི་སེམས་ཀྱི་ནི། །
            ཁྲུས་ཀྱི་བག་ཡོད་ཀྱི་ཞེས་པ། །དེ་འདྲའི་བྱེ་བྲག་དགོས་པར་བཤད། །
    ཅེས་ཚིགས་སུ་བཅད་པ་གཉིས་ཀྱིས་སུམ་ཅུ་པ་ལྟར་ཨི་ལྡན་གྱི་སྒྲའི་འཇུག་ཚུལ་གསལ་བར་བསྟན་པས་གཞན་དོན་སྦྱོར་ལ་སོགས་པ་རྣམས་སྐབས་འདིར་བསྟན་བྱའི་གཙོ་བོ་མིན་ཡང་ཁོང་དུ་ཆུད་དགོས་པ་ཤུགས་ལ་བསྟན་ཏེ། དེ་ཡང༌། རྗེས་འཇུག་ཡེ་གེ་ག་དང་ང་གཉིས་ལ་ཨི་ལྡན་ཕྲད་གི་དང་མཐུན་པར་འོང་སྟེ། བདག་གི    ཁོང་གི་ལྟ་བུའོ།    །རྗེས་འཇུག་ན་མ་ར་ལ་བཞི་པོ་རྣམས་ལ་ཨི་ལྡན་ཕྲད་གྱི་འཇུག་སྟེ།  གནམ་གྱི།  བར་གྱི།  གཞན་གྱི་ལྟ་བུ་དང༌། ལ་མཐར་གྱི་འཇུག་པའི་དཔེར་བརྗོད་རྩ་བར་མ་གསལ་ཡང༌། ཞལ་གྱི་ལྟ་བུའོ།  །རྗེས་འཇུག་ད་བ་ས་རྣམས་ཀྱི་རྗེས་སུ་ཨི་ལྡན་ཕྲད་ཀྱི་ཐོབ་སྟེ། ཡོད་ཀྱི། སེམས་ཀྱི། ཁྲུས་ཀྱི།  བག་ཡོད་ཀྱི་ལྟ་བུའོ། །དེ་འདྲའི་ཕྲད་རྣམས་ཀྱི་སྒྲ་དང་དོན་གྱི་འཇུག་ཚུལ་བྱེ་བྲག་གསལ་བར་ཕྱེ་དགོས་པ་སུམ་ཅུ་པའི་གཞུང་ནས་བསྟན་པས་རྒྱས་པར་དེར་གཟིགས་ནས་ཁོང་དུ་ཆུད་ཐབས་ལ་བརྩོན་དགོས་པར་བསྟན་ཏོ།། །།

ཚེ་རིང་བསམ་གྲུབ་ལགས་ནི། ད་ལྟ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་རེད།

མདུན་ཤོག