ལེའུ་དང་པོ། མི་རྟག་པའི་ཚོམས།

༄༅། །རྒྱ་གར་སྐད་དུ། ཨུདཱནབརྒ། བོད་སྐད་དུ། ཆེད་དུ་བརྗོད་པའི་ཚོམས། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་པར་གྱུར་ཅིག །རྒྱལ་བས་ཆེད་དུ་བརྗོད་གསུངས་པ། །བདག་གིས་རབ་ཏུ་བཤད་པར་བྱ། །གཉིད་དང་རྨུགས་པ་རྣམས་སོལ་ལ། །ཡིད་ལ་དགའ་བ་བསྐྱེད་དེ་ཉོན། །
    ཐམས་ཅད་མཁྱེན་པ་སྐྱོབ་པ་པོ། །ཐུབ་པ་རྗེས་སུ་ཐུགས་བརྩེ་བ། །སྐུ་ཡི་ཐ་མ་འཛིན་པ་ཡི། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །དེ་ལྟར་རབ་ཏུ་འབར་བ་ལ། །ཅི་ཞིག་དགར་ཡོད་མགུར་ཅི་ཡོད། །མུན་པའི་ནང་ཞུགས་གནས་པ་དག །ཅི་ཕྱིར་སྒྲོན་མ་ཚོལ་མི་བྱེད། །རུས་པ་ཐི་བའི་མདོག་འདྲ་བ། །བོར་བ་གང་ཡིན་འདི་དག་ནི། །ཕྱོགས་དང་ཕྱོགས་སུ་རྣམ་འཐོར་བ། །དེ་མཐོང་འདི་ལ་ཅི་ཞིག་དགའ། །གང་གི་ནུབ་མོ་ཁོ་ན་ནས། །མངལ་དུ་དང་པོར་འཇུག་པའི་མི། །དེ་ནི་སྡོད་མེད་འགྲོ་འགྱུར་ཞིང༌། །སོང་བ་ལས་ཀྱང་ལྡོག་པ་མེད། །སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དང༌། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུུང་བ་བཞིན། །དཔེར་ན་འབྲས་བུ་སྨིན་པ་རྣམས། ལྟུང་བས་རྟག་ཏུ་འཇིག་པ་ལྟར། །དེ་བཞིན་སྐྱེས་པར་གྱུར་པའི་མི། །རྟག་ཏུ་འཆི་བས་འཇིགས་པར་འགྱུར། །དཔེར་ན་རྫ་མའི་མཁན་པོ་ཡིས། །འཇིམ་པ་ལས་ནི་སྣོད་བྱས་པ། །ཐམས་ཅད་ཐ་མར་འཇིག་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ཐགས་ནི་བརྐྱང་པ་ལ། །སྤུན་ནི་གང་དང་གང་བཅུག་པའི། །སྤུན་གྱིས་རྟིང་ལ་གཏུགས་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ངེས་པར་བསད་པ་དག །གོམ་པ་གང་དང་གང་བོར་བས། །བསད་སའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །དཀའ་བ་ཉིད་དང་ཐུང་བ་དང༌། །དེ་ཡང་སྡུག་བསྔལ་ལྡན་པ་དག །མྱུར་བ་ཁོ་ནར་འཇིག་འགྱུར་ཏེ། །ཆུ་ལ་དབྱུག་གུས་བྲིས་པ་བཞིན། །དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས། །ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར། །དེ་བཞིན་ནད་དང་རྒ་བ་ཡིས། །མི་རྣམས་འཆི་བདག་དྲུང་དུ་སྐྱེལ། །ཆུ་བྲན་གྱི་ནི་ཆུ་ལྟ་བུར། །ཉིན་དང་མཚན་མོ་འདས་པ་ཡིས། །མི་རྣམས་ཚེ་ཡང་ཟད་འགྱུར་ཞིང༌། །སྲོག་ཀྱང་ཉེ་བར་འཇིག་པར་འགྱུར། །མེལ་ཚེ་བྱེད་ལ་མཚན་མོ་རིང༌། །ལམ་གྱིས་དུབ་ལ་རྒྱང་གྲགས་རིང༌། །དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་རྣམས་ལ་འཁོར་བ་རིང༌། །བདག་ལ་བུ་ཡོད་དེ་བཞིན་དུ། །ནོར་ཡོད་ཅེས་པས་བྱིས་པ་བརླག །ཕྱི་རོལ་ནང་ན་བདག་མེད་ན། །སུ་ཡི་བུ་ཡིན་ཅི་ཞིག་ནོར། །སྐྱེས་པ་བུད་མེད་རྣམས་ཀྱི་རིགས། །བརྒྱ་དང་སྟོང་ཕྲག་མང་པོ་དང༌། །ལོངས་སྤྱོད་ལེགས་པར་བསྒྲུབས་པ་ཡང༌། །འཆི་བདག་དབང་དུ་འགྲོ་བར་འགྱུར། །བསགས་པ་ཀུན་གྱི་མཐའ་ཟད་ཅིང༌། །བསླང་བའི་མཐའ་ནི་འགྱེལ་བར་འགྱུར། །ཕྲད་པའི་མཐའ་ན་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །གསོན་མཐའ་འཆི་བ་ཡིན་པས་ན། །སེམས་ཅན་ཐམས་ཅད་འཆི་འགྱུར་ཞིང༌། །དགེ་སྡིག་འབྲས་བུ་ཉེར་འགྲོ་བའི། །ཇི་བཞིན་ལས་ཀྱི་རྗེས་སུ་འབྲང༌། །སྡིག་པའི་ལས་ཀྱིས་དམྱལ་བ་དང༌། །བསོད་ནམས་བྱས་པ་བདེ་འགྲོ་སྟེ། །གཞན་དག་གིས་ནི་ལམ་བསྒོམས་པས། །ཟག་མེད་མྱ་ངན་འདས་པར་འགྱུར། །གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང༌། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་
མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱིས་ཏེ། །ཆོས་ལ་གནས་ཀྱིས་ཚངས་པར་སྤྱད་པ་སྤྱོད། །རྒ་བ་མཐོང་ཞིང་ནད་ཀྱིས་སྡུག་བསྔལ་དང༌། །སེམས་དང་བྲལ་བའི་ཤི་བ་མཐོང་ནས་ནི། །བརྟན་པས་བཙོན་ར་འདྲ་བའི་ཁྱིམ་སྤངས་ཀྱི། །འཇིག་རྟེན་ཕལ་པས་འདོད་སྤང་ནུས་རེ་སྐན། །རྒྱལ་པོའི་ཤིང་རྟ་ཤིན་ཏུ་བཀྲ་བའང་འཇིག །དེ་བཞིན་ལུས་ཀྱང་ཉེ་བར་རྒ་བར་འགྱུར། །དམ་པ་རྣམས་ཀྱི་ཆོས་འདི་དམ་པ་སྟེ། །མི་མཆོག་གཞན་རྟོགས་བྱེད་ཅིང་རྒ་མི་འགྱུར། །རྒ་བ་ཁྱོད་ནི་བླུན་ཞིང་ངན། །ཁྱོད་ནི་མི་རིགས་བྱེད་པ་སྟེ། །ཡིད་དུ་འོང་བའི་གཟུགས་འདི་ཡང༌། །ཁྱོད་ཀྱིས་མངོན་པར་བཅོམ་པར་གྱུར། །གང་ཞིག་ལོ་ནི་བརྒྱར་འཚོ་བ། །དེ་ཡང་འཆི་བདག་ཉིད་ཀྱིས་ཁྲིད། །འདི་དག་རྒ་བར་འགྱུར་བ་འམ། །ཡང་ན་ན་བའམ་འཆི་བས་འཇོམས། །རྟག་ཏུ་ལྡོག་པ་མེད་པར་འགྲོ་འགྱུར་ཞིང༌། །ཉིན་དང་མཚན་དུ་རབ་ཏུ་འཇིག་པ་དང༌། །སྐྱེ་དང་འཆི་བའི་སྡུག་བསྔལ་དང་ལྡན་པ། །ཆུ་ཚན་ནང་དུ་གདུངས་པའི་ཉ་དང་འདྲ། །ཚེ་འདི་ཉིན་དང་མཚན་མོ་དང༌། །འགྲོ་བ་དང་ནི་འདུག་པ་ན། །ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ། །ཕྱིར་མི་ལྡོག་པར་འགྲོ་བར་འགྱུར། །ཆུ་ཆུང་ནང་གི་ཉ་ལྟ་བུར། །གང་ཞིག་ཉིན་མཚན་འདའ་བ་ཡིས། །ཚེ་འདི་ཤིན་ཏུ་ཐུང་འགྱུར་ན། །དེ་ལ་དགའ་བར་བྱར་ཅི་ཡོད། །གསོན་མཐའ་འཆི་བ་ཡིན་པའི་ཕྱིར། །ལུས་འདི་ཡོངས་སུ་རྒ་བ་དང༌། །ནད་ཀྱི་ཚང་འདི་མྱུར་འཇིག་ཅིང༌། །སྣག་གི་ཚོགས་ཀྱང་འཇིག་པར་གྱུར། །ཀྱེ་མ་ལུས་འདི་མི་ཐོགས་པར། །སྟོང་ཞིང་རྣམ་ཤེས་དང་བྲལ་ནས། །དུར་ཁྲོད་བོར་བའི་མགལ་དུམ་ལྟར། །ས་ཡི་སྟེང་དུ་འགྱེལ་བར་འགྱུར། །རྒྱུན་དུ་ནད་ཀྱིས་མངོན་གདུང་ཞིང༌། །རྟག་ཏུ་མི་གཙང་འཛག་པ་དང༌། །རྒ་དང་འཆི་བས་འཚེར་འགྲིབ་པའི། །ལུས་འདི་དོར་བ་ཅིར་མི་རུང༌། །མྱུར་དུ་འཇིག་ཅིང་ན་བ་དང༌། །རྣག་དང་ལྡན་པའི་ལུས་འདི་ཡིས། །གྲུབ་དང་བདེ་བ་བླ་མེད་པ། །ཞི་མཆོག་དོན་དུ་གཉེར་བར་གྱིས། །དགུན་ཁ་དང་ནི་དཔྱིད་ཀ་དང༌། །དབྱར་ཁ་འདི་དག་བྱའོ་ཞེས། །བྱིས་པ་རྣམ་པར་སེམས་བྱེད་པས། །བར་ཆད་མཐོང་བར་མ་གྱུར་ཏོ། །བུ་དང་ནོར་ཕྱུགས་འབྱོར་པ་ལ། །མི་ཡི་ཡིད་ནི་རྣམ་ཆགས་པ། ། འཆི་བདག་གིས་ནི་བླངས་ནས་འགྲོ། །ཉལ་གྲོང་ཆུ་བོས་བདས་པ་བཞིན། །འཆི་བའི་དུས་ལ་བབ་པ་ན། །བུ་རྣམས་སྐྱབས་སུ་མི་འགྱུར་ཞིང༌། །ཕ་ཡང་མ་ཡིན་གཉེན་འདུན་མིན། །ཁྱོད་ལ་སྐྱབས་སུ་འགྱུར་བ་མེད། །འདི་ནི་བྱ་བ་བྱས་ཟིན་དོན་འདི་བྱ། །དེ་དག་བྱས་ནས་བདག་གིས་འདི་བྱ་ཞེས། །དེ་ལྟར་མི་ནི་ཡོངས་སུ་ཤོམ་པ་ན། །རྒ་དང་ནད་བཅས་འཆི་བས་མངོན་དུ་བཅོམ། །དེ་ལྟས་རྟག་ཏུ་ཏིང་འཛིན་ལ་དགའ་མཉམ་པར་ཞོག །བརྩོན་པ་སྐྱེད་ལ་སྐྱེ་དང་རྒ་བའི་མཐའ་མ་ལྟོས། །བདུད་རྣམས་སྡེ་དང་བཅས་པ་མངོན་པར་ཟིལ་ནོན་ལ། །དགེ་སློང་དག་གོ་སྐྱེ་ཤིའི་ཕ་རོལ་འགྲོ་བར་གྱིས། །མི་རྟག་པའི་ཚོམས་ཏེ་དང་པོའོ།། །།

ལེའུ་གཉིས་པ། འདོད་པའི་ཚོམས།    

    ཀུན་རྟོག་ལས་ནི་འདོད་སྐྱེས་པས། །འདོད་པའི་རྩ་བར་ཤེས་བགྱིས་ཏེ། །ཁྱོད་ནི་ཀུན་རྟོག་མ་བྱེད་དང༌། །དེས་ན་ཁྱོད་ལ་འབྱུང་མི་འགྱུར། །འདོད་པ་རྣམས་ལས་མྱ་ངན་སྐྱེས། །འདོད་པ་རྣམས་ལས་འཇིགས་པ་འབྱུང༌། །འདོད་པ་དག་ནི་རྣམ་སྤངས་ན། །མྱ་ངན་མེད་ཅིང་འཇིགས་པ་མེད། །དགའ་བ་རྣམས་ལས་མྱ་ངན་སྐྱེས། །དགའ་བ་རྣམས་ལས་འཇིགས་པར་འབྱུང༌། །དགའ་བ་དག་ནི་རྣམ་སྤངས་ན། །མྱ་ངན་མེད་ཅིང་འཇིགས་པ་མེད། །འདོད་དགའི་རྣམ་སྨིན་སྡུག་བསྔལ་ཏེ། །དང་པོ་མངར་ལ་འབྲས་བུ་ཚ། །མེ་སྒྲོན་ལག་ནས་མ་བོར་པ། །མཇུག་ཏུ་བྱིས་པ་སྲེག་བྱེད་བཞིན། །ནོར་བུའི་རྣ་ཆ་བུ་དང་བུ་མོ་ལ། །ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན། །ལྕགས་ཤིང་གྲེས་མ་ལས་བྱས་ཆིངས་མ་གང༌། །དེ་དག་དམ་པོ་མིན་ཞེས་འཕགས་པ་གསུང༌། །འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱང༌། །རབ་ཏུ་དགྲོལ་བར་དཀའ་ཞེས་འཕགས་པ་གསུང༌། །བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར། །དེ་དག་གཏུབས་ནས་མྱུར་དུ་འགྲོ་བར་བྱེད། །འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ནི། །འོན་ཀྱང་བརྟན་རྣམས་འདི་ལ་འདུན་པ་འདུལ། །མི་རྣམས་ལ་ནི་རྟག་པའི་འདོད་པ་མེད། །འདོད་ཅན་གང་ལ་ཆགས་དེ་མི་རྟག་པས། །ཡང་སྲིད་མེད་ཕྱིར་སེམས་ཀྱིས་རབ་སྤོངས་ལ། །འཆི་བའི་གནས་མི་འགྱུར་བར་བྱོས་ཞེས་གསུངས། །འདུན་པ་སྐྱེས་ཤིང་ཟད་པར་མི་བྱེད་དམ། །སེམས་ལ་སྐྱོན་མེད་པ་དང་དྲན་པ་དང༌། འདོད་པ་རྣམས་ལ་སོ་སོར་མ་ཆགས་གང༌། །དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས། །མགར་བ་ཡིས་ནི་དངུལ་བཞིན་དུ། །བློ་གྲོས་ལྡན་པས་རིམ་པ་བཞིན། །སྐད་ཅིག་སྐད་ཅིག་ཅུང་ཟད་ཙམ། །རང་གི་དྲི་མ་བསལ་བར་བྱ། །ལྷམ་མཁན་གྱིས་ནི་ཀོ་བ་དག །ཡོངས་སུ་སྦྱངས་ནས་ལྷམ་བྱེད་ལྟར། །འདོད་པ་གང་དང་གང་སྤངས་པ། །དེ་དེ་བདེ་བ་ཕུན་སུམ་ལྡན། །གལ་ཏེ་བདེ་བ་ཀུན་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤོངས། །འདོད་པ་ཐམས་ཅད་ཡོངས་སྤངས་པས། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཇི་སྲིད་འདོད་པའི་རྗེས་འབྲང་བ། །དེ་སྲིད་བར་དུ་ངོམས་མི་འགྱུར། །དེ་ལས་གང་དག་ཤེས་རབ་ཀྱིས། །ལྡོག་བྱེད་དེ་དག་ཚིམ་པ་ཐོབ། །འདོད་པས་ངོམས་པར་མི་འགྱུར་བས། །ཤེས་རབ་ཀྱིས་ནི་ངོམས་པ་སྐྱིད། །ཤེས་རབ་ཀྱིས་ནི་ངོམས་པའི་མི། །སྲིད་པའི་དབང་དུ་མི་འགྱུར་རོ། །འདོད་ལ་ཆགས་པའི་མི་གང་ཡིན། ། དེ་དག་ཀྱེ་མ་ཆོས་མིན་དགའ། །ཅུང་ཟད་གསོན་པོར་འདུག་པ་ན། །བར་ཆད་མཐོང་བར་མི་འགྱུར་རོ། །བློ་ངན་ལོངས་སྤྱོད་ཀྱིས་བཅོམ་པས། །ཕ་རོལ་ཚོལ་བར་མི་བྱེད་ཅིང༌། །བསམ་བརླག་འདོད་ལ་སྲེད་པ་ཡིས། །བདག་དང་གཞན་ཡང་ཕུང་བར་བྱེད། །ཀཱར་ཥཱ་པ་ཎའི་ཆར་བབ་ཀྱང༌། །འདོད་པ་རྣམས་ཀྱིས་ངོམས་མི་འགྱུར། །འདོད་པ་མནོག་ཆུང་ཉེས་མང་བ། །མཁས་པ་རྣམས་ཀྱིས་ཁོང་དུ་ཆུད། །ལྷ་ཡི་འདོད་པ་རྣམས་ལ་ཡང༌། །ལྷག་པར་དགའ་བར་མི་འགྱུར་གྱི། །རྫོགས་སངས་རྒྱས་དང་ཉན་ཐོས་རྣམས། །སྲེད་པ་ཟད་པས་དགྱེས་པར་འགྱུར། །གངས་ཅན་དང་ནི་མཉམ་པ་ཡི། །གསེར་གྱི་རི་བོ་ཡོད་གྱུར་ཀྱང༌། །ནོར་དེས་གཅིག་ཀྱང་མི་ཚིམ་པར། །རྟོགས་པར་གྱིས་ལ་ལེགས་པར་སྤྱོད། །གང་དག་སྡུག་བསྔལ་དེ་ཡི་རྒྱུ་ཤེས་པ། །དེ་དག་ནམ་ཡང་འདོད་ལ་དགའ་མི་འགྱུར། །འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་ཤེས་ནས། །དེ་དག་གདུལ་ཕྱིར་བརྟན་པ་སློབ་པར་བྱེད། །འདོད་པའི་ཚོམས་ཏེ་གཉིས་པའོ།། །།

ལེའུ་གསུམ་པ། སྲེད་པའི་ཚོམས།    

    ལུས་ཅན་རྣམ་པར་རྟོག་པས་རབ་བཅོམ་པ། །འདོད་ཆགས་མི་བཟད་གཙང་བར་རྗེས་ལྟ་བས། །འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་འགྱུར་ཏེ། །རང་གི་འཆིང་བ་དེ་ཡིས་དམ་པོར་བྱེད། །གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང༌། །མི་སྡུག་སྒོམ་པ་རྟག་ཏུ་དྲན་བྱེད་དེ། །དེ་ཡི་སྲེད་པ་རབ་ཏུ་སྤངས་པ་ཡིས། །རང་གི་འཆིང་བ་དེ་དག་རུལ་བར་བྱེད། །འདོད་པ་མུན་ནག་དྲ་བས་གཡོགས། །སྲེད་པའི་དགའ་བས་བཀབ་པ་དང༌། །བག་མེད་འཆིང་བས་བཅིངས་པ་དག །ཚེར་མར་ཆུད་པའི་ཉ་དང་འདྲ། །སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ། །འཁྲི་ཤིང་བཞིན་དུ་སྲེད་པ་འཕེལ་འགྱུར་ཞིང༌། །རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ། །མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ། །མི་དག་དྲན་པར་བྱེད་དང་ཆགས་བྱེད་དང༌། །ཡིད་བདེ་བ་ལ་རྟོག་པར་བྱེད་པ་དག །དེ་ཡིས་ཡང་དང་ཡང་དུ་འཁོར་བར་འཁྱམས། །ཚལ་ནང་འབྲས་བུ་འདོད་པའི་སྤྲེའུ་དང་མཚུངས། །མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ། །སྐྱེ་དང་རྒ་བར་ཉེ་བར་འགྲོ་འགྱུར་ཞིང༌། །སྐྱེ་དགུ་སྲེད་པ་རྣམས་ཀྱིས་མདུན་དུ་བདར། །རྒྱ་ནང་རི་བོང་ཡོངས་སུ་རྒྱུག་པ་བཞིན། །སྲེད་པ་རྣམས་ཀྱི་མདུད་པའི་སེམས་ཅན་དག །སྲིད་དང་སྲིན་མིན་དག་ལ་སེམས་ཆགས་ཤིང༌། །ཀུན་སྦྱོར་རོ་ལ་དགའ་བའི་བྱིས་པ་རྣམས། །ཡང་དང་ཡང་དུ་སྡུག་བསྔལ་འཐོབ་པར་འགྱུར། །སྐྱེ་བོ་གྲུབ་དང་བདེ་རྣམས་དང་བྲལ་ཞིང༌། །བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ། །རྒ་དང་འཆི་བའི་རྗེས་སུ་འགྲོ་འགྱུར་ཏེ། །མ་དྲུང་ནུ་ཞོ་འདོད་པའི་བེའུ་དང་འདྲ། །འདི་ན་སྲེད་པ་དེ་འདྲ་སྤོང་བྱེད་པ། །སྲིད་དང་སྲིད་མིན་དག་ལ་སྲེད་བྲལ་ཞིང༌། །དགེ་སློང་སྲེད་པ་ཟིལ་གྱིས་གནོན་བྱེད་པ། ། ལྷག་མ་མེད་པར་ཡོངས་སུ་མྱ་ངན་འདའ། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲེད་པའི་བུད་མེད་འདིས་བཀོལ་བ། །དེ་ཡི་མྱ་ངན་འཕེལ་འགྱུར་ཏེ། །རྩྭ་ལ་ཆར་པ་བབ་པ་བཞིན། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲེད་པའི་བུད་མེད་འདི་སྤོང་བ། །དེ་ཡི་མྱ་ངན་ལྡོག་འགྱུར་ཏེ། །པདྨ་ལས་ནི་ཆུ་ཐིགས་བཞིན། །དེ་ཕྱིར་ཇི་སྙེད་འདིར་ལྷགས་པ། །ཁྱེད་ལ་སྨྲ་ཡི་ཁྱེད་བདེ་ཞིག །ཨུ་ཤིར་ཕྱིར་ནི་རྩྭ་བཞིན་དུ། །སྲེད་པ་རྩར་བཅས་དྲུང་ནས་ཕྱུང༌། །སྐྱེས་བུ་སྲེད་པ་དང་འགྲོགས་ན། །ཡུན་རིང་དུས་སུ་འཁྱམ་འགྱུར་བས། །སྲེད་པ་དྲུངས་ནས་ཕྱུང་ཞིག་དང༌། །མྱ་ངན་མེད་ཅིང་འཇིགས་པ་མེད། །ཡང་དང་ཡང་དུ་ཉེར་ལེན་ཅིང༌། །ཡང་དང་ཡང་དུ་མངལ་དུ་འཇུག །གནས་སྐབས་འགྱུར་དང་གཞན་འགྱུར་བས། །སེམས་ཅན་འོང་དང་འགྲོ་བར་བྱེད། །འདིར་ནི་སྤང་དཀའི་སྲེད་པ་དེ། །སྤོངས་ལ་ས་བོན་ཆོད་ཅིག་དང༌། །དེ་ལ་སྲེད་པ་མེད་འགྱུར་ཞིང༌། །དེ་ནི་ཡང་དུ་འཁོར་མི་འགྱུར། །དལ་འབྱོར་ཆུད་ནི་མ་གཟན་པར། །གང་གིས་ལྷ་དང་མི་རྣམས་སུ། །དོན་གཉེར་བཅིངས་ནས་འཇོག་བྱེད་པ། །ཡུལ་ལ་སྲེད་པ་དེ་ལས་བརྒལ། །སེམས་ཅན་དམྱལ་བར་སྐྱེས་ན་ཡང༌། །དལ་འབྱོར་ཐལ་བས་འགྱོད་པར་འོང༌། །གང་ཕྱིར་སྲིད་མཚོ་རྒྱུར་གྱུར་པ། །ཡུལ་ལ་སྲེད་པ་འབྲས་ཀྱི་གཞི། །འཁྲི་ཤིང་དྲ་བས་ཁེབས་བྱེད་པ། །གདུང་བར་བྱེད་པ་མ་བཏུལ་ན། །སྡུག་བསྔལ་འདི་ནི་ཡང་དང་ཡང༌། །རྣམ་པ་ཀུན་ཏུ་ལྡོག་མི་འགྱུར། །དཔེར་ན་ལྗོན་ཤིང་རྩ་ནས་མ་བཏོན་ན། །བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད། །དེ་བཞིན་སྲེད་པའི་ཕྲ་རྒྱས་མ་བཏོན་ན། ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག །དཔེར་ན་བདག་ཉིད་ཀྱིས་ནི་བྱས་པའི་མཚོན། །དེ་ཡིས་རྐུན་པོའི་མཐུ་ཡིས་བདག་གསོད་ལྟར། །དེ་བཞིན་ནང་གི་སེམས་ལས་བྱུང་བ་ཡི། །སྲེད་པས་ལུས་ཅན་ཉེ་བར་གསོད་པར་བྱེད། །དེ་ལྟར་སྲེད་ལས་སྡུག་བསྔལ་དག །འབྱུང་བའི་ཉེས་དམིགས་ཤེས་གྱིས་ཏེ། །སྲེད་སྤོངས་ཉེ་བར་ལེན་མེད་དང༌། །དྲན་ལྡན་དགེ་སློང་ཀུན་ཏུ་རྒྱུས། །སྲེད་པའི་ཚོམས་ཏེ་གསུམ་པའོ།། །།

(འཕྲོ་དུས་དེབ་རྗེས་མར་གཟིགས།)

མདུན་ཤོག