༄༅། །སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་དང་ངོ་བོ་བརྟན་སྲུང་གི་གཞི་རྩ་ཡིན།

སྐལ་བཟང་ཚེ་རིང༌། རྡ་ཤོད་བོད་ཁྱིམ། (ཨང་དང་པོ)

བསིལ་ལྡན་གངས་ལྗོངས་ཆོས་ལྡན་ཞིང་ཁམས་འདིར། །སྒྲ་ཡི་བསྟན་བཅོས་གཞུང་ལུགས་དྲངས་མཛད་ནས། །
རྨོངས་མུན་སེལ་བའི་སྒྲོན་མེའི་ངང་ཚུལ་ཅན། །མཁས་མཆོག་ཐུ་མི་བདག་གི་སྤྱི་བོས་འདུད། །

    ཅེས་མཆོད་བརྗོད་ཀྱི་བསྟོད་པས་སྔོན་བསུས་ནས་སྐབས་དོན་གླེང་བར་བྱ་བ་ནི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་དང་ངོ་བོ་བརྟན་སྲུང་གི་གཞི་རྩ་ཡིན། དེ་ཡང་དང་ཐོག་རང་རེའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དེའི་འབྱུང་ཁུངས་རོབ་ཙམ་གླེང་ན། དུས་རབས་བདུན་པའི་ནང་རང་ཅག་ལ་བཀའ་དྲིན་གཞལ་དུ་མ་མཆིས་པའི་མི་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོན་མི་ཨ་ནུ་རྒྱ་གར་འཕགས་པའི་ཡུལ་དུ་ཡི་གེ་སློབ་པར་བཏང་སྟེ་ཐོན་མི་མཆོག་ནས་ངལ་བ་ཁྲི་ཕྲག་མང་པོ་ཁྱད་དུ་བསད་ནས་ལེགས་སྦྱར་གྱི་སྐད་ཡིག་མཐའ་དག་ལ་སྦྱངས་པ་མཐིལ་ཕྱིན་མཛད་རྗེས་རིམ་པས་འུ་ཅག་མི་རིགས་སྤྱི་ལ་ཁྱབ་པའི་སྐད་ཡིག་ཚད་ལྡན་ཞིག་གསར་བཟོ་མཛད་དེ་སྒྲའི་བསྟན་བཅོས་ཆེན་མོ་བརྒྱད་གཏན་ལ་ཕབ།
    དུས་དེ་ནས་རིམ་པས་རང་རེའི་མི་རིགས་དེ་ལའང་གཞན་ལ་སྨོན་མི་དགོས་པའི་སྐད་ཡིག་གི་རྩ་བ་བརྟན་པོ་ཞིག་ཚུགས་པ་རེད། ཡིན་ནའང་དུས་དབང་གིས་བགེགས་བར་མི་ཉུང་བ་ཞིག་བྱུང་བ་སྟེ། རྒྱལ་ཐོག་ཞེ་གཅིག་པ་རྒྱལ་པོ་གླང་དར་མའི་སྐབས་ལ་འཕགས་ཡུལ་ནས་གདན་དྲངས་པའི་སངས་རྒྱས་ཀྱི་མདོ་རྒྱུད་བསྟན་བཅོས་མང་པོ་ཞིག་དང་ལྷན་དུ་ཐུ་མིས་མཛད་པའི་སྒྲའི་བསྟན་བཅོས་དེ་དག་ཀྱང་མེར་བསྲེགས་པ་དང་ཆུ་ལ་བསྐྱུར་བ་སོགས་བྱས་ནས་རང་ཅག་གི་སྤྱོད་ཡུལ་དུ་འགྱུར་བ་ནི་སུམ་རྟགས་ཀྱི་བསྟན་བཅོས་དེ་ཁོ་ན་ལས་མ་ལྷག དེ་ནས་དུས་རིམ་གྱི་འཕེལ་གྲིབ་ཁྲོད་ནས་རང་རེའི་སྐད་ཡིག་དེ་ལའང་གསོན་ཤུགས་ཀྱི་མེ་ལྕེ་གསར་པ་ཞིག་རྒྱས་འགོ་ཚུགས་ནས་འུ་ཅག་རང་ཉིད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་པཎྜི་ཏ་དང་ལོ་ཙྭ་བ་ནམ་མཁའི་སྐར་ཚོགས་ལྟ་བུ་དེ་རྣམས་ཀྱིས་ཐོན་མི་མཆོག་གིས་སྔར་བཞག་པའི་ཞབས་རྗེས་དེ་ཡི་རྗེས་འབྲངས་ཤིང་མཁས་མཆོག་གང་གི་བརྟུལ་ཞུགས་བཟུང་ནས་སྔར་ཉམས་ཆགས་སུ་ཕྱིན་པའི་སྐད་ཡིག་དག་སོར་ཆུད་མཛད་པ་དང་མི་ཉམས་པ་དེ་རྣམས་སྔར་ལས་ཡར་རྒྱས་གོང་འཕེལ་དུ་བཏང་བ་ལ་སོགས་པའི་ཞབས་འདེགས་རླབས་པོ་ཆེ་ཞིག་བསྐྲུན་ཡོད་ཅིང༌།
    ལྷག་པར་སྐད་ཡིག་དེ་ལ་བརྟེན་པས་རང་རེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དེ་ལ་ཡང་དར་ཁྱབ་ཤུགས་ཆེ་ཞིག་བྱུང་བ་ནི། རང་རེའི་མཁས་འགྲུབ་གཉིས་ལྡན་དག་གིས་རྒྱ་གར་ནས་གདན་དྲངས་པའི་མདོ་རྒྱུད་བསྟན་བཅོས་ཐ་དག་རང་རེའི་སྐད་ཡིག་གི་ལམ་དུ་ཕབ་བསྒྱུར་མཛད་དེ་ད་ལྟའི་ཆ་ལ་ང་ཚོའི་ཆོས་དེབ་རྣམས་སངས་རྒྱས་བསྟན་པའི་སྲོག་ཤིང་ཉག་ཅིག་ཏུ་གྱུར་ཡོད་ཅིང་ཕུལ་བྱུང་གི་རིག་གཞུང་དེ་དག་ཀྱང་རྒྱ་མཚོའི་ཕ་མཐར་སོན་པར་ཕན་ཐོགས་རླབས་ཆེ་ཞིག་བྱུུང་ཡོད།
    ཡིན་ནའང་ ༡༩༤༩ ནས་མར་འགོ་ཚུགས་ནས་རྒྱ་དམར་ཀླ་ཀློའི་འདྲེ་ལག་དམར་པོ་དེ་བོད་ལ་ཐོག་མར་སྐྱོང་འགོ་ཚུགས་ཏེ་རིམ་པས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཧམ་བཟུང་བྱས་ཏེ་རང་ཅག་བོད་མི་རྣམས་ལ་རང་ས་རང་ལ་བདག་དབང་མེད་པར་མི་ཡུལ་འགྲིམས་དགོས་པའི་དགོད་ཆགས་དེ་བྱུང་ཞིང་མི་རིགས་ཀྱི་ངོ་བོ་རྩ་བརླག་འགྲོ་རྒྱུ་ལ་དམིགས་པའི་དགྲ་ཕྱོགས་ནས་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་བརྩམས་ནས་རང་མི་རིགས་ཀྱི་སྐད་ཡིག་སྦྱང་རྒྱུའི་གོ་སྐབས་འཕྲོགས་པ་དང༌། ཆོས་དང་རིག་གཞུང་ཐད་ལ་ཉམས་ལེན་དང་ཐོས་པ་སྒྲུབ་པར་དགག་བྱ་དང་ཐེ་བྱུས་བྱས་ཤིང༌། ལྷག་པར་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ། རྙིང་ཞེན་རྩ་གཏོར་ཞེས་འུ་ཅག་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དཔེ་ཆ་ལ་སོགས་པ་གྲངས་ལས་འདས་པ་ཞིག་སླར་ཡང་གཏོར་བརླག་བཏང་ཞིང་དགོན་སྡེ་ཁྲི་ཕྲག་བརྒལ་བ་རྩ་གཏོར་བཏང་བའི་གནས་སྟངས་གཉན་འཕྲང་ཅན་དེ་ལྟ་བུ་ཞིག་གི་དུས་སུ། རང་ཅག་བོད་མི་རྩམ་གཟན་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་མོ་མཆོག་གིས་བཙན་བྱོལ་དུ་ཕེབས་པའི་ཐོག་མར་གསར་སྐྱེས་བོད་རིགས་ན་གཞོན་ཚོ་ལ་རང་གི་སྐད་ཡིག་ཐོག་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་བོར་དམིགས་ནས་དེང་དུས་ཀྱི་ཤེས་བྱའི་གནས་ལ་སྦྱོང་རྒྱུའི་སྐལ་བཟང་གི་བགོ་སྐལ་གསོལ་རས་སྩལ།
    ཡིན་ནའང་དེང་དུས་རང་རེའི་བོད་པའི་སྤྱི་ཚོགས་ཁྲོད་དུ་གཞོན་སྐྱེས་ཕོ་མོ་དག་གིས་རང་གི་སྐད་ཡིག་དེ་ལ་སྣང་ཆུང་ཁྱད་གསོད་བྱས་ཏེ། བོད་པའི་སྐད་ཡིག་ལ་བརྟེན་ནས་རང་གི་མི་ཚེའི་མདུན་ལམ་དེ་འོད་སྟོང་ལྡན་པ་ཞིག་ཏུ་ཡོང་རྒྱུའི་དེ་ཧ་ཅང་ཁག་པོ་ཞིག་ཏུ་བསམས་ནས་མི་རིགས་གཞན་གྱི་སྐད་ཡིག་ལ་སྔར་དང་མི་འདྲ་བའི་ཆེ་མཐོང་དང་སྦྱང་བརྩོན་བྱེད་བཞིན་ཐ་ན་ཉིན་རེའི་ཕན་ཚུན་གྱི་གླེང་མོལ་དེ་ཡང་དབྱིན་སྐད་ཐོག་བརྒྱབ་ནས་རང་མི་རིགས་ཀྱི་སྐད་ཡིག་སྣུམ་ཟད་ཀྱི་མར་མེ་ལྟ་བུ་དེ་འཕེལ་རྒྱས་འགྲོ་རྒྱུའི་དོན་ལ་མི་འབད་པ་ནི་ངོ་མ་བོད་མི་ཞིག་ཡིན་པའི་ཆ་ནས་ངོ་གནོང་དགོས་པ་ཞིག་དང་ཞབས་འདྲེན་གྱི་གནས་ཚུལ་ཞིག་ལས་མ་འདས།
    ད་བར་འདས་པའི་མི་ལོ་བཞི་ཅུ་རྩ་གྲངས་དེའི་ནང་དུ་འུ་ཅག་བོད་མི་རིགས་དེ་རང་བཙན་ཡོད་པའི་ཡུལ་གྲུ་གཞན་དང་དཔུང་པ་མཉམ་གཤིབ་དང་ངོ་གནོང་མི་དགོས་པར་འབུར་དུ་ཐོན་པ་ཞིག་ཡོང་དགོས་རྒྱུ་རྐྱེན་གཙོ་བོ་དེ་ཡང་ང་ཚོའི་མི་རིགས་དེ་ལ་ཡུལ་གྲུ་གཞན་ལ་མེད་པའི་མི་རིགས་ཀྱི་ངོ་བོ་བརྟན་པོ་མཚོན་ཐུབ་པའི་སྐད་ཡིག་ཅིག་དང་སྐད་ཡིག་དེ་ལ་བརྟེན་པའི་རྩ་ཆེའི་རིག་གཞུང་དང་ཆོས་ཤིག་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ཡིན།
    དེར་བརྟེན་རང་ཅག་བོད་མི་སྤྱི་དང་ལྷག་པར་གསར་སྐྱེས་ཀྱི་ན་གཞོན་ཡོངས་ནས་རང་མི་རིགས་ཀྱི་ངོ་བོ་བརྟན་སྲུང་གི་སླད་དུ་ཕ་མེས་ཡབ་མེས་ནས་བརྒྱུད་པའི་ཕུལ་བྱུང་གི་སྐད་ཡིག་དེའི་ཐོག་འབད་བརྩོན་དང་འཕེལ་རྒྱས་གོང་མཐོར་གཏོང་རྒྱུའི་ཤུགས་སྣོན་དང་དོ་སྣང་མཛད་དཻ་མ་འོངས་པར་རང་གི་གཅེས་པར་འོས་པའི་ཕ་ཡུལ་གྱི་རྣམ་པ་གསར་པའི་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་དུའང་སྐད་ཡིག་གི་གཤོག་རྩལ་ངོམས་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ། སྨྲས་པ།

    ལེགས་པར་གསོལ་བའི་ཚིག་དོན་མ་མཆིས་ལ། །སྙན་པར་སྨྲ་བའི་རྒྱན་གྱིས་མ་སྤྲས་ཀྱང༌། །
    གོང་འཁོད་ཚིག་གི་དུམ་བུ་ཐོར་བུ་དེ། །ན་མཉམ་རོགས་ཟླའི་ཚོགས་ལ་འབུལ་བར་སྤྲོ། །

ཞན་ཆ།
    བསྟོད་པ་(པས)སྔོན་བསུས་ནས། ཡི་གེ་སློབས་(སློབ)པ། ཁྱད་དུ་སད་(བསད)ནས། ཐ་(མཐའ)དག མེར་སྲེག(བསྲེགས) ཁོ་ན་ལས་མ་ལྷགས(ལྷག) ཐོན་མི་མཆོག་གིས་སྔར་བཞུགས་(བཞག)པའི་ཞབས་རྗེས། དེ་ཡི་རྗེས་དྲངས་(འབྲངས) མི་(མ)ཉམས་པ་དེ། དེ་ལ་བསྟེན་(བརྟེན་)པའི། རང་རའི་(རེའི) འཕབ་(ཕབ)བསྒྱུར་མཛད། ཧབ་བཟུངས་(ཧམ་བཟུང་)བྱས།  དགག་ཆ་(བྱ) ཁྱད་སོད་(གསོད) ཆེད་(ཆེ)མཐོང༌། མཐའ་(ཐ)ན། མཉམ་གཞིབ་(གཤིབ) འཕེལ་རྒྱས་གོང་མཐོར་བཏང་(གཏོང)རྒྱུའི་(རྒྱུར)ཤུགས་སྣོན་དང༌། སྙན་པར་སྨྲ་བའི་རྒྱན་གྱིས་མ་འདྲེས་(སྤྲས)ཀྱང༌། མ་གདས(འདས) མེ་བྱེ(ལྕེ) ཀློ་ཀླ(ཀློའི)

ང་ཚོའི་འཐབ་རྩོད།

ཆོས་ཉིད་བསམ་གྲུབ། གྷོ་པལ་པུར་བོད་ཁྱིམ། (ཨང་དང་པོ)

༄༅། །སྤྱིར་ཡུལ་གྲུ་གང་ཞིག་གི་ཕྱི་ནང་གི་སྣོད་བཅུད་ཀྱི་བཀོད་པ་དང་དཔལ་ཡོན་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཇེ་བཟང་ཇེ་ལེགས་སུ་འགྲོ་བ་དང་ཡུལ་གྲུ་སོ་སོའི་ལོ་རྒྱུས་ཀྱི་འཚོ་བའི་རྒྱུད་རིམ་ཁྲོད་འཕེལ་འགྲིབ་ཅེས་སྔ་མ་སྔ་མ་ལས་འཕེལ་བ་དང༌། དུས་ཕྱིས་སུ་ཕྱི་རོལ་གྱི་རྒྱུ་རྐྱེན་སྣ་མང་གི་ཉམས་རྒྱུད་དང་འཕེལ་འགྲིབ་འགྲོ་བ་ནི་སྟོང་གསུམ་གྱི་འཇིག་རྟེན་ཆེན་པོ་དེའི་ཟློག་མེད་ཀྱི་ཆོས་ཉིད་ཡིན། དེ་ལྟར་རང་ཅག་ཁ་བ་གངས་ཅན་པའང་གཅིག་མཐུན་གྱི་ཆོས་ཉིད་དེའི་ལམ་དུ་བསྐྱོད་དགོས་རྒྱུ་དེའང་ཁས་ལེན་དགོས། ང་ཚོས་འདས་པའི་མི་ལོ་ ༤༢ ཙམ་རིང་རང་ཡུལ་ན་ཡོད་པའི་སྤུན་བློ་ཉེ་མཐའ་དག་དང་ཞིང་ས་དྲོད་སྐྱིད་ལྡན་པ་དེ་དོར་ནས་འདི་གར་རང་དབང་ཅི་དགར་རོལ་ཆོག་པའི་མང་གཙོའི་རྒྱལ་ཁབ་གཅིག་ནང་ཅིའི་ཕྱིར་སྐྱབས་སུ་བཅོལ་ནས་གནས་དགོས་སམ་ཞེས་པའི་དྲི་རྟགས་དེ་བློ་ངོར་འཆར་རྗཻས། དངོས་ཡོད་ངེད་ཅག་ནི་མི་རིགས་ཤུལ་མེད་འགྲོ་བའི་ཉེན་ཁ་དང་དེའི་ངོ་བོ་སྲུང་སླད་དང་བདེན་མཐའ་སེལ་ཆེད་འོང་བ་ཡིན་ཞེས་སྨྲ་སྒོ་ཡོད་ཚད་ཀྱི་ངག་ལས་འཆོར་བ་ལས་ད་ལྟ་བར་མི་དམངས་སོ་སོའི་ངོས་ནས་དེ་ཙམ་གྱིས་ཤུགས་སྣོན་ཐུབ་མེད་གསལ་པོར་རྟོགས་ཐུབ། བོད་མི་རིགས་ཀྱི་ངོ་བོ་སྲུང་རྒྱུ་དང་བདེན་མཐའ་སེལ་རྒྱུ་ནི་བཙན་བྱོལ་གཞུང་ནང་ཡོད་པའི་གཞུང་ཞབས་རྒན་གྲས་རྣམས་ཀྱི་ལས་འགན་ལྟ་བུར་བརྩིས་པ་དང་རྒྱ་ཆེའི་མི་དམངས་ཀྱི་ངོས་ནས་དེ་ཙམ་གྱི་ཤུགས་སྣོན་མ་བྱས་པས། ང་ཚོར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཐོབ་ཐུབ་མེད་པས་ང་ཚོས་དེ་ལྟར་ཅི་ཙམ་རིང་འཚོ་གནས་ཐུབ་བམ།
    འདི་ཕྱོགས་སུ་གཞན་ཡུལ་ན་འཚོ་བའི་བོད་མི་ཡོད་དོ་ཅོག་ནི་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་རེ་ལྟོས་བྱ་ཡུལ་ཡིན་ལ་ཁོང་ཚོའི་སྙིང་ཁོང་དུ་རྟག་ཏུ་བཅངས་པ་ནི་དུས་ནམ་ཞིག་ང་ཚོར་བདེ་སྐྱིད་ཀྱི་རང་དབང་ཉི་མ་དེ་འཆར་རམ་སྙམ་ནས་བཀྲེས་སྐོམ་གྱིས་མནར་བཞིན་ཡོད། དེ་ལྟར་སྡུག་བསྔལ་བརྗོད་ལས་འདས་པ་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་སེམས་སུ་འཁོར་བཞིན་དུ་འདི་ཕྱོགས་ན་རང་དབང་གི་ཞིང་སར་རང་དོན་འབའ་ཞིག་སླད་དོན་དུ་གཉེར་པ་དང༌། ཡོད་ཚད་ཐམས་ཅད་ཨ་སྒོར་ཕྱོགས་སུ་བསྙེགས་པ་དེ་ནི་ང་ཚོ་འདི་གར་གནས་དགོས་པའི་འཐབ་རྩོད་དེ་མིན་ཞིང༌། གཞན་ཡང་ང་ཚོའི་རང་དབང་དང་ཕ་ཡུལ་སླར་གསོ་བྱ་རྒྱུ་དག་ནི་རང་ཅག་མི་རིགས་ཡོད་དོ་ཅོག་ཐམས་བཅད་ལ་དབང་བའི་ལས་འགན་ཞིག་ཡིན་པས་ང་ཚོས་གདོང་ལེན་གྱི་འཐབ་རྩོད་ལུ་གུ་རྒྱུད་འབྲེལ་བྱས་ནས་སྤེལ་ན་ལས་ཕྱིའི་ཡུལ་གྲུ་ཞིག་གིས་ང་ཚོར་རང་དབང་བསྐྲུན་ཐབས་མེད་ལ་ང་ཚོས་ཀྱང་ཁོང་ཚོར་རེ་སྒུག་ཁོ་ནའི་ངང་ནས་འདས་པའི་མི་ལོ་ ༤༠ ལྷག་ཙམ་སོང་རུང་འབྱུང་འགྱུར་དེ་ལྟར་མིན་པར་རང་སོ་སོའི་ངོས་ནས་ལས་འགུལ་ནང་དངོས་སུ་འཛུལ་ཞུགས་བྱ་དགོས་མ་གཏོགས་རེ་སྒུག་ཁོ་ནས་ང་ཚོར་འགྲུབ་འབྲས་འཐོབ་ཐབས་མེད།
    དཔེར་ན་འདས་པའི་ལོ་ཤས་གོང་ང་ཚོས་རེ་བ་བྱ་ཡུལ་ནི་ཏིང་ཤི་རྗེས་རྒྱ་ནག་གི་འཕོ་འགྱུར་དང་འབྲེལ་རང་རེའི་བདེན་མཐའ་སེལ་བར་རེ་སྒུག་དྲག་པོ་ཞིག་བཅངས་པ་དེ་དོན་མེད་དུ་སོང་བ་དང་ལྷག་པར་དུ་ཨ་རིའི་སྲིད་འཛིན་ཇོའོ་ཇི་བྷུ་ཤུ་ལ་མང་མོས་འོས་འདེམས་འཐོབ་པ་དེར་ང་ཚོས་ྋགོང་ས་མཆོག་དང་རྒྱ་ནག་གཞུང་དབར་བཀའ་མོལ་གནང་རྒྱུར་ཕན་ཐོགས་ཡོད་ཚུལ་དང་ཡོང་བའི་རེ་བ་བྱེད་པ་དེའང་ཕན་མེད་དུ་གྱུར། འདི་གང་ལགས་ཤེ་ན་རྒྱལ་ཁབ་ཨ་རི་ལྟ་བུར་ཆ་མཚོན་ན་ང་ཚོའི་དཀའ་རྙོག་སེལ་ཆེད་འབད་པ་གང་ཙམ་བྱས་ཀྱང་ཁོང་ཚོར་དཔལ་འབྱོར་སོགས་གང་གི་ཐད་ནས་ཕན་ཐོགས་ཡོང་རྒྱུར་ང་ཚོར་མཐུན་རྐྱེན་མེད། དེར་བརྟེན་ང་ཚོས་རེ་སྒུག་བྱས་ནས་བསྡད་པའི་གྲུབ་འབྲས་མི་ཐོབ་པ་ནི་ངེས་གཏན་ནོ། །
    དེར་བརྟེན་དངོས་ཡོད་ང་ཚོར་གཞུང་འབྲེལ་གྱི་རོགས་རམ་བྱེད་མཁན་ཧ་ཅང་ཉུང་བས་འགྱུར་བ་དེ་ཙམ་ཡོང་མི་ཐུབ་པ་ནི་གོང་གི་དཔེ་མཚོན་དེ་དག་ལས་ང་ཚོས་ཤེས་རྟོགས་ཐུབ་པ་དང་འདས་པའི་མི་ལོ་བཞི་བཅུ་ལྷག་ཙམ་རིང་ང་ཚོས་གཞན་ལ་རེ་སྒུག་བྱས་ནས་རང་དབང་གི་གནམ་ས་ཞིག་འཐོབ་རྒྱུར་འཚོལ་བསྙེགས་བྱས་པར་ཕན་ཐོགས་དེ་ཙམ་བྱུང་མེད་པས་དེ་དག་ཉམས་མྱོང་གི་གཞི་རུ་བཅོལ་ཏེ་ང་ཚོས་གཙོ་བོ་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་ཐུགས་ཀྱི་དགོངས་བཞེད་ཇི་བཞིན་འཚེ་མེད་ཞི་བའི་ལམ་ཁོ་ནར་བསྐྱོད་དེ་ྋརྒྱལ་མཆོག་གི་དགོངས་པ་ཇི་བཞིན་ཆབ་སྲིད་ཚོགས་ཆུང་གསར་པ་ཁག་རེ་གཉིས་ཙམ་གསར་འཛུགས་བྱེད་པ་དང་མི་དམངས་ཀྱི་སྙིང་ཁོང་དུ་རྟག་ཏུ་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་བརྟན་སྲུང་ཡོང་ཐབས་དང༌། ལྷག་པར་སློབ་གྲྭ་ཁག་གི་ནང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ་དང་གཞོན་སྐྱེས་རྣམས་ཀྱི་ཡིད་ཀྱི་སྒོ་མོར་རྒྱུན་དུ་རང་མི་རིགས་ཀྱི་ལ་རྒྱ་བརྟན་སྲུང་བྱ་ཐབས་ཀྱི་ལས་འགུལ་གང་མང་བརྩམས་པ་དེ་ལྟ་བུའི་ཁོར་ཡུག་ལས་ཁོང་ཚོར་དམིགས་བསལ་གྱི་སེམས་ཚོར་དྲག་པོ་ཞིག་བྱུང་སྟེ་མི་རིགས་ཀྱི་རྩ་དོན་ལ་འབུངས་དགོས་རྒྱུ་དེ་ཁོང་ཚོས་གལ་ཆེན་པོ་ཡིན་པ་རྟོགས་ཐུབ།
    རྒྱུ་མཚན་ནི་རང་རེའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལྟ་བུར་ཆ་མཚོན་ན་མི་ལོ་ ༢༠༠ ལྷག་ཙམ་དབྱིན་ཇིའི་བཙན་འོག་སྡུག་སྦྱོང་ཚད་མེད་མྱོང་དགོས་བྱུང་ཡོད་ལ་ཁོང་ཚོས་འཐབ་རྩོད་ཀྱི་ཐབས་ལམ་ཞི་དྲག་གཉིས་ཀའི་ཐོག་ནས་བྱས་པར་བརྟེན། ནམ་ཞིག་ཁོང་ཚོའི་འཐབ་རྩོད་དེར་རྒྱལ་ཁ་ཐོབ། ང་ཚོས་ཀྱང་བྱ་དེ་གདང་ལ་འཛེགས་པའི་དཔེ་བཞིན་མིག་དཔེ་བལྟས་ཚེ་ང་ཚོའི་གནས་སྟངས་རྣམས་ཕྱོགས་གང་གི་ཐད་ནས་ཕན་རླབས་ཡོང་རྒྱུ་ནི་སྨོས་མི་དགོས་པར་སེམས།
    རྒྱ་ནག་གཞུང་གིས་ང་ཚོར་འཛིན་པའི་སྲིད་བྱུས་ནི་ཧ་ཅང་ངན་ཚབས་ཅན་ཞིག་ཡིན། དེའང་རྒྱ་ནག་གཞུང་ནས་ད་ལྟ་བར་ྋགོང་ས་མཆོག་དང་ཞི་མོལ་གནང་རྒྱུའི་ཐད་ང་ཚོར་ཁས་ལེན་ཐབས་མེད་པའི་གྲོས་ཆོད་མང་དག་ཅིག་བཞག་པ་དང་དེ་བཞིན་ཁོང་ཚོས་ཕྱི་བཤོལ་དང་ནར་འགྱངས་ཁོ་ན་བྱེད་དོན་ནི་ྋགོང་ས་མཆོག་དགུང་གྲངས་ཅུང་མཐོན་པོར་ཕེབས་ཟིན་སྟབས་དེ་ལྟར་སྲིད་བྱུས་ལོ་ཤས་རིང་ལག་ལེན་དུ་བསྟར་ཏེ་ནམ་ཞིག་ཁོང་ཚོའི་རེ་འདུན་འགྲུབ་ཚེ་ལྷོད་ལྷོད་ངང་ངལ་གསོས་ནས་བོད་འདི་བཞིན་རྒྱ་འོག་ཏུ་གཙང་ལེན་བྱ་རྒྱུའི་འཆར་གཞི་ཡོད། དེ་བས་ང་ཚོས་འདི་གར་རང་དོན་ཁོ་ནར་གཉེར་བ་དང་རྟག་ཏུ་དཀོན་ཅོག་བསླུ་བ་མེད་པར་ཡིད་ཆེས་ཁོ་ན་བཅངས་ནས་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་བ་ཙམ་གྱིས་རང་དབང་སླར་གསོ་དང་བདེན་མཐའ་སེལ་བ་དང་ང་ཚོའི་མི་རིགས་ཀྱི་འཐབ་རྩོད་འགྲུབ་རྒྱུ་ནི་ཧ་ཅང་དཀའ་བའི་གནས་ཤིག་ཡིན་པས་ང་ཚོས་ཞི་དྲག་གཉིས་ཀའི་ལམ་ནས་བོད་མི་རིགས་ཀྱི་འཐབ་རྩོད་དེ་གང་མགྱོགས་འགྲུབ་ཐུབ་ཐབས་སུ་དགོངས་བཞེས་དང་ལག་ལེན་དགོས་པ་ཧ་ཅང་གལ་འགངས་ཅན་ཞིག་ཡིན་པར་སེམས། དགེ་ལེགས་འཕེལ།། །།

ཞན་ཆ།
    འཕེལ་སྒྲིབ(འགྲིབ) ཁས་སུ་(ཁས)ལེན་དགོས། ཐ་(མཐའ)དག ཅི་གར་(དགར)རོལ་ཆོགས་(ཆོག)པས། རྒྱལ་ཁབས(ཁབ) གནས་དགོས་སམ་ཅེས(ཞེས) ཤུགས་བསྣོན་(སྣོན) འཐབ་རྩོད་དེ་མིན་བཞིན(ཞིང༌) ག་ལགས་(གང་ལགས)ཅེ་ན(ཤེ་ན) བྱ་དེ་གདང་ལ་འཛག་(འཛེགས)པའི་དཔེ་བཞིན། ཧ་ཅང་ངལ་འཚབ(ཚབས) རྟག་ཏུ་དཀོན་མཆོག་བསླུ་བ་མེད་(པར)ཡིད་ཆེས། བདེན་མཐའ་གསལ་(བ)དང༌།  འདའ་(འདབ)མ།

དུས་རབས་ཉེར་གཅིག་པའི་ནང་ཆོས་དགོས་མཁོ།

སྐལ་བཟང་རྣམ་རྒྱལ། སེར་བྱེས་སློབ་གྲྭ (ཨང་གཉིས་པ)

༄༅། །སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ཙང༌། སྲོག་ལྡན་སུ་ཡིན་རུང་བདེ་བ་སྒྲུབ་པའི་ཐབས་ཤེས་ཡོད་རྒུ་བྱེད་ཀྱི་ཡོད་ཀྱང༌། བདེ་བ་སྒྲུབ་བྱེད་ཀྱི་ཐབས་ལམ་ཡང་དག་པའི་ལྟ་བ་ནོར་ནས་དོན་དུ་སྡུག་བསྔལ་གྱི་རྒྱུ་ཤ་སྟག་སྒྲུབ་བཞིན་མཆིས། དུས་རབས་ཉེར་གཅིག་པའི་མི་རྣམས་སྔར་མི་ལྟར་བག་ཁུམ་རྨོངས་དད་ཁོ་ནས་མགོ་བོ་འཁོར་བསྡད་པ་མིན་པར། རྒྱུ་མཚན་དང་རྣམ་དཔྱོད་ཀྱི་ཤེས་རབ་བཏོན་ནས་བརྟག་ཅིང་དཔྱོད་པའི་སྒོ་ནས། ལྟ་བ་དང༌། གྲུབ་མཐའ་སོ་སོ་ལ་ཡིད་ཆེས་དང༌། དད་པ་བྱེད་ཀྱི་ཡོད། ཟླུམ་གཟུགས་ཀྱི་གོ་ལ་འདིའི་སྒང་གི་སྐྱེ་བོ་རྣམས་ཀྱིས་གཞི་ནས། ནང་ཆོས་ཀྱི་ལྟ་བ་དང༌། གྲུབ་མཐའ་ལ་རྣམ་དཔྱོད་ཀྱི་ཤེས་རབ་བཏོན་ནས་རྒྱུ་མཚན་དང༌། ཁུངས་ལུང་ལྡན་པ་ཞིག་མཐོང་ནས། དད་པ་དང༌། ཡིད་ཆེས། མ་ཚད་བཅོམ་ལྡན་འདས་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ནས་ཕྱོགས་གང་ས་ནས་ཡིད་སྨོན་བྱེད་བཞིན་ཡོད་པ་རེད། མ་ཟད་བློ་གཟུ་བོར་གནས་པའི་ནུབ་ཕྱོགས་པའི་གྲགས་ཅན་ཚན་རིག་པ་འགའ་ཡིས། ནང་ཆོས་ལ་རྒྱུ་མཚན་ཡང་དག་པ་མཐོང་ནས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་དགོས་བྱུང་བ་རེད།
    འཛམ་གླིང་ཟླུམ་པོ་འཐོར་ལ་ཉེ་བའི་གཉན་འཕྲང་གི་དུས་རབས་འདིའི་ནང༌། ཕྱི་དངོས་པོ་ཡར་རྒྱས་ཇི་ཙམ་ཕྱིན་ཡོད་རུང༌། ནང་སེམས་ལ་ཡང་དག་པའི་བདེ་བ་ཞིག་ཡོང་གི་མེད་པ་རེད། དེ་བས་ནང་ཆོས་ནི་ཕྱི་དངོས་པོ་མིན་པ། ནང་བསམ་བློའི་བདེ་བ་བསྒྲུབ་པའི་ཐབས་ལམ་སྨན་མཆོག་གམ་ལྷ་ཡི་བདུད་རྩི་ལྟ་བུ་ཞིག མདོར་ན། མག་མོག་གི་དུས་རབས་འདིའི་རྡུལ་རྫས་ལས་གྲུབ་པའི་གནམ་ལྕགས་ཐོག་མདའ་འང་འཇོམས་ཐུབ་པའི་ཡོན་ཏན་གཞལ་དུ་མེད་པ་ཞིག་ཏུ་འགྱུར་ངེས། རང་རྒྱལ་རང་དབང་འཐབ་རྩོད་ཀྱང་ཆོས་སྲིད་ཟུང་དུ་འབྲེལ་དགོས་པའི་ྋགོང་ས་མཆོག་གི་ལམ་སྟོན་འོག་རྒྱ་དམར་དང་འཐབ་རྩོད་བྱེད་པར་ཞི་བའི་ཐོག་ནས་ང་ཚོས་མདུན་སྐྱོད་བྱེད་དགོས། ངེས་པར་དུ་བསྐྱོད་དགོས། ཅི་ནས་ཀྱང་སྐྱོད་དགོས། སྐྱོད་དགོས། སྐྱོད་དགོས། ང་ཚོ་སྐྱོད་དགོས།

   ལ་རྒྱབ་ཨ་མའི་ཞལ་རས་དྲན་དྲགས་ནས། །བུ་ཆུང་མིག་ཆུ་བར་མཚམས་མེད་པར་བཞུར། །
    ཀྭ་ཡེ་རང་གཞུང་ཤེས་རིག་ལྷག་བསམ་ཅན། །རང་ཡུལ་ལེན་ཐབས་ཅི་ནས་འབད་རོགས་ཞུ། །

ཞན་ཆ།
    བདེ་(བ)བསྒྲུབ་བྱའི། བསྒྲུབ་(སྒྲུབ)བཞིན་མཆིས། ཞབས་རྡུལ་སྤྱི་བོ་(བོར)བླངས་ནས། བློ་གཟུ་བོ་(བོར)གནས་པའི། མངགས་(བསྔགས)བརྗོད།  ཕྱི་(ཕྱིའི)དངོས་པོ་ཡར་རྒྱས་ཇི་ཙང་(ཙམ) དེ་ལྟར་(ལྟ)བས་ན། བཞལ་(གཞལ)དུ་མེད། ཆོས་སྲིད་ཟུང་དུ་འདྲེན་(འབྲེལ) ཤེས་རིགས(རིག)ཟུང་ཏུ(དུ)

༄༅། །གལ་ཏེ་ང་བོད་དུ་སྐྱེས་ཡོད་ན།

སྒྲོལ་མ་ཚེ་རིང༌། རྣམ་རྒྱལ་མཐོ་སློབ། (ཨང་གཉིས་པ)

སྐྱིད་པའི་བོད་ལྗོངས་ཞིང་ལ། །སྐྱེས་ཀྱང་སྡོད་ལོང་མ་བྱུང༌། །
ས་མཐར་མི་ཡུལ་འགྲིམས་དུས། །སྐྱིད་པའི་བོད་ལྗོངས་དྲན་བྱུང༌། །

    འཛམ་གླིང་ཡང་རྩེར་གནས་པའི་ཡུལ་ལྗོངས་ནི་བདག་གི་ཕ་ཡུལ་བོད་ཡིན། དེ་ན་རང་བྱུང་གཏེར་ཁ་མང་བ་དང་ཁོར་ཡུག་གི་བཀོད་པ་རང་བཞིན་མཛེས་སྡུག་ལྡན་པ། ས་ཆུ་རླུང་སོགས་ནི་དྭངས་གཙང་ཡོད་པས་ནད་རིགས་དཀོན་པ། ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན།
    གངས་རི་ར་བས་བསྐོར་བའི་ཡུལ་ལྗོངས་འདི་ན་གཅན་གཟན་བྱ་རི་དྭགས་སོགས་ཀྱི་ཁེངས་ཡོད། བོད་ཀྱི་རྒྱལ་ས་ལྷ་ས་རུ་ཡོད་པའི་གྲུ་འཛིན་ཕོ་བྲང་ནི་བརྗིད་ཉམས་ལྡན་པས་ཡིད་དབང་མེད་དུ་འཕྲོག་ཐུབ་ཀྱི་ཡོད། ཕྱི་འགྲུལ་རྣམས་ཀྱི་ཡིད་འཕྲོག་པའི་གཞི་རྩ་གཙོ་བོ་ལྟ་བུ་ཆགས་ཡོད། དེ་འདྲའི་ལྷ་ཡུལ་མི་ཡུལ་དུ་འཕོས་པའི་ཡུལ་ལྗོངས་འདིའི་ནང་ཁོ་མོ་སྐྱེས་མེད་པས་ཡིད་རེ་སྐྱོ། ཕྲན་གྱིས་བོད་ཀྱི་མཛེས་ལྗོངས་ཀྱི་རྣམ་པ་དག་དེབ་ལས་མཐོང་བ་དང་གཞི་ཆགས་ནང་གི་རྒན་པ་རྣམས་ལས་ཐོས་པས་དངོས་སུ་རང་ཉིད་ཀྱི་མིག་ལམ་དུ་འཆར་ཐུབ་ན་སྙམ་པ་བྱུང༌།
    ཕྱི་ལོ་ ༡༩༥༩ ལོར་རྒྱ་མི་ཀླ་ཀློས་དྲག་རྩུབ་འོག་བོད་འདི་ཧམ་བཟུང་བྱས་པ་ཡིད་རེ་སྐྱོ། སྐྱེ་བོ་གྲངས་ལས་འདས་པ་འདས་གྲོངས་སུ་གྱུར། དེ་བཞིན་ཁོར་ཡུག་གི་བྱ་དངོས་དག་ལ་གནོད་ཚབས་ཤིན་ཏུ་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་པ་ཚང་མས་དགོངས་མངའ་ལྟར་རེད། རྡུལ་ཕྲན་མཚོན་ཆའི་གད་སྙིགས་ཀྱིས་ས་ཆའི་ཐོན་སྐྱེད་ཉམས་པར་གྱུར། གལ་ཏེ་ང་བོད་དུ་སྐྱེས་ཡོད་ན་བོད་ནང་དུ་ད་ལྟ་མྱོང་བཞིན་པའི་སེར་སྐྱ་ཕོ་མོ་ཐམས་ཅད་རང་དབང་གི་གོ་སྐབས་མེད་པར་ཉིན་མཚན་དུས་དྲུག་བཙོན་ཁང་ནང་ཉེས་རྡུང་ཚད་མེད་མྱོང་བ་བཞིན་ཕྲན་ཡང་དཀའ་སྡུག་འདི་ཉིད་ནང་ཚུད་ཡོད་པ་གདོན་མི་ཟ། རང་ཉིད་ལ་བདེ་བའི་གོ་སྐབས་མེད་པས་དམྱལ་བ་མི་ཡུལ་དུ་སྣང་བ་ལྟ་བུ་ཚོར་བ་དང་དུས་རྟག་ཏུ་འཇིགས་དངངས་ངང་སྡོད་དགོས་པ་ཞིག་ཆགས་ཡོད།
    ཁོར་ཡུག་ཉམས་ཆག་ལས་ནད་རིགས་འདྲ་མིན་གྱིས་མནར་ནས་ཡོད་སྲིད། དེ་དང་ཆབས་ཅིག་ད་ལྟའི་རྒྱ་མིའི་སྲིད་བྱུས་ནང་ཁོ་མོ་ཚུད་ནས་མདུན་ལམ་གང་ཡང་མེད་པར་ཁྱི་སྨྱོན་ལྟ་བུར་འཁྱམ་ཉུལ་བྱས་པ་དང་ལས་འགུལ་གང་ཡང་མེད་པར་ཆང་རག་ཉལ་ཐ་སོགས་ལ་གཡེང་ནས་རང་ཉིད་ཀྱི་གསེར་དང་ཁྱད་མེད་དུས་ཚོད་ཆུད་ཟོས་སུ་གཏོང་གི་ཡོད་སྲིད། དེ་མིན་ན། ལྷག་བསམ་ཞེན་ཁོག་ལྡན་པའི་བོད་ཀྱི་དཔའ་བོ་ཐུབ་བསྟན་དངོས་གྲུབ་བཞིན་རང་རེའི་བདེན་མཐའ་གསལ་བ་དང་རང་བཙན་ཆེད་སེམས་ཤུགས་རྡོག་སྒྲིལ་ངང་ནས་རྒྱ་དམར་ལ་ངོ་རྒོལ་བྱས་ནས་བྱས་རྗེས་བཞག་པ་དང་བོད་མི་རིགས་ལ་དཔེ་མཚོན་གྱི་དཔའ་མོ་ཞིག་ཆགས་ཡོད་སྲིད།
    ཁོ་མོ་བོད་དུ་སྐྱེས་ཡོད་ན་སོ་ནམ་པའི་ལས་ལ་བརྩོན་པ་དང་ཕྱུགས་འཚོ་བ་ལས་ཤེས་ཡོན་གྱི་གོ་སྐབས་བྲལ། གང་ལགས་ཤེ་ན། ཕ་མ་གཉིས་པོ་ཡོན་ཏན་མེད་པར་བརྟེན་ཆུང་དུས་རྩེད་མོ་རྩེ་དགའ་ལ་རོལ་ཡོད་པས་ཤེས་མེད་བླུན་རྨོངས་ཅན་དུ་འགྱུར་རྒྱུ་སྨྲ་ཅི་དགོས། ད་ལྟའི་ཆར་རྒྱ་མི་རིགས་སྟོང་ཕྲག་མང་པོ་བོད་དུ་འོར་འདྲེན་བྱེད་བཞིན་ཡོད་པ་མིག་མཐོང་ལག་ཟིན་ལྟར་ཡོད། མི་འབོར་ཚད་ལས་འདས་པ་འོར་འདྲེན་ལས་དཀའ་ངལ་དུ་མ་མྱོང་བ་བཞིན། ཁོ་མོས་ཀྱང་དཀའ་ངལ་མཐའ་དག་མྱོང་བཞིན་ཡོད་ངེས། བོད་ནང་གི་གནས་སྟངས་ཐབས་སྡུག་འདི་ཉིད་ལ་ཁོ་མོ་ཡང་བོད་གཞུང་དང་སྤྱི་པའི་དོན་དུ་བོད་ནང་གི་ཐབས་སྡུག་གི་གནས་སྟངས་རྒྱ་མིས་བྱ་སྤྱཽད་ངན་པའི་གནས་ཚུལ་བདེན་པ་གསང་བའི་ཐོག་འཛམ་གླིང་ནང་ཁྱབ་སྤེལ་བྱེད་པའི་ལས་འགུལ་དུ་མ་སྤེལ་ནས་བོད་གཞུང་གི་ཞབས་འདེགས་ཞུ་བ་བསོད་ནམས་ཀྱི་བགོ་སྐལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
    དེ་ཡང་བོད་དུ་སྐྱེས་མེད་པས་བཙན་བྱོལ་དུ་གནས་ཡོད་པ་ཤེས་ཡོན་ཕུན་སུམ་ཚོགས་པ་གོ་སྐབས་ཐོབ་པ་འདི་ནི་བོད་མི་ཚོའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་འཛིན་པའི་བོད་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ྋགོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡིན། གལ་ཏེ་ང་བོད་དུ་སྐྱེས་ཡོད་ན་ཤེས་ཡོན་གྱི་གོ་སྐབས་ནི་སྤྲོས་བྲལ་ཡིན། ད་ལྟ་བཙན་བྱོལ་ནང་རོལ་བའི་རང་དབང་མཐའ་དག་ག་ལ་ཐོབ། ཕྱོགས་གཅིག་ནས་བལྟས་ན་ཁོ་མོ་རྒྱ་མིའི་སྲིད་ཇུས་ནང་ཚུད་ནས་སྡིག་སྤྱོད་ཀྱི་བྱ་བ་དུ་མ་བརྩམས་ཡོད་སྲིད། ཡིན་ནའང་ཁོ་མོ་བཙན་བྱོལ་དུ་སྐྱེས་པས་དགའ་ཚོར་ཆེན་པོ་བྱུང༌། མཐའ་དོན་བཙན་བྱོལ་དུ་གནས་འཁོད་པའི་བོད་རིགས་སྤུན་ཟླ་རྣམས་བོད་ཀྱི་ད་ལྟའི་གནས་སྟངས་ལ་བསམ་གཞིགས་ལེགས་པར་བགྱིས་ནས་མི་རིགས་ཤིག་གནས་ཐུབ་མིན་ནི་མི་རིགས་ཀྱི་རིག་གཞུང་སྐད་ཡིག་ཆོས་སོགས་ལ་རག་ལུས་ཡོད་པས་ཚང་མས་མི་ཉམས་གོང་འཕེལ་བྱ་དགོས་པ་དགོངས་འཇགས་འཚལ།

རང་ཡུལ་བྲལ་ནས་ཆ་མེད་ཡུལ་གཞན་དུ། །གནས་ཡོད་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས། །
འབྲེལ་མེད་ལས་དོན་ཕྱོགས་སུ་མི་གཡེང་བར། །རྟག་ཏུ་གཅིག་སྒྲིལ་དོན་ལ་འབད་འབུངས་གྱིས། །

ཞན་ཆ།
    རང་འབྱུང་(བྱུང)དྭངས་གཙང་ཡོད་པ་(པས)ནད་རིགས། རྒྱལ་ཁབ་ཞིག་(ཅིག)ཡིན། གངས་རི་ར་བའི་(བས)བསྐོར། རི་དྭགས་སོགས་ཀྱི་(ཀྱིས)ཁེངས་ཡོད། བརྗིད་ཉམས་ལྡན་པ་(པས་)ཡིད་དབང་དབང་མེད་འཕྲོག་ཐུབ། གཞི་རྩ་གཙོ་བོར་(བོ)ལྟ་བུ་ཆགས་ཡོད། ཡུལ་ལྗོངས་འདི་ན་(ནང)ཁོ་མོ་སྐྱེས་མེད་པས། གཞི་(གཞིས)ཆགས། བོད་ནང་དུ་ད་ལྟས(ལྟའང)མྱོང་བཞིན། གནང་བ་ལྟ་བུ་(བུའི)འཚོར་(ཚོར)བ་སྐྱེས་པ་དང༌། ནད་རིགས་འདྲ་མིན་གྱི་(གྱིས)མནར་ནས། ད་ལྟ་(ལྟའི)རྒྱ་མིའི་སྲིད་བྱུས།  དེ་མིད་(མིན)ན། ཡོན་ཏན་མེད་པ་(པར)བརྟེན། རང་དབང་ཐ་(མཐའ)དག ཕྱོགས་གཅིག་ནས་ལྟས་(བལྟས)ན། བྱ་བ་དུ་མ་(དུ་མའང་)བརྩམ་(བརྩམས)ཡོད། དགོངས་ཕྱག(འཇགས)འཚལ། དྲག་རྩུག(རྩུབ) ཞེན་འགོག(ཁོག) ཕྱུག(ཕྱུགས)འཚོ།

ཀྭ་ཡེ་བོད་ཕྲུག་ཡོངས་ལ།

བསྟན་འཛིན་སྙན་གྲགས། སྦེལ་ཀོབ་བོད་ཁྱིམ། (ཨང་གསུམ་པ)

༄༅། །བོད་ཅེས་པ་རྒྱལ་ཁབ་དེ་ཡི་བཟོ་ལྟ་གང་འདྲ་ཞིག་བཟོ་མིན་ད་ལྟའི་ང་ཚོའི་བོད་ཀྱི་བྱིས་པ་རྣམས་ལས་ཤེས་ཐུབ།
    རྒྱལ་ཁབ་ཅིག་གི་ཕྲུ་གུ་རྣམས་ནི་མ་འོངས་པའི་རྒྱལ་ཁབ་དེ་ཡི་འགོ་འཁྲིད་ལྟ་བུ་རེད། ང་ཚོའི་བོད་ཁ་བ་ཅན་གྱི་གཞོན་པ་རྣམས་ྋགོང་ས་མཆོག་གི་ཐུགས་སྨོན་ལྟར་འགྲུབ་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། དེ་བས་དེ་རིང་ཉིན་བཟང་འདིར། གུས་པ་སྤྲང་ཕྲུག་བྱིས་པ་བདག་གིས་བོད་ཕྲུག་ཡོངས་ལ་བསླབ་བྱ་ཚིག་གསུམ་ཞུ་རྒྱུ་ཡིན་ནོ། །
    དེ་ཡང་ལེགས་པའི་ཕྱོགས་ནས་བལྟས་ན། བོད་པའི་ཕྲུ་གུ་རྣམས་ད་ལྟའི་ཆར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔེ་ལྟ་སའི་ཡུལ་ཞིག་ཆགས་ཡོད། དེ་ནི་བོད་པའི་ཕྲུ་གུ་རྣམས་སྤྱོད་ལམ་དང༌། ཤེས་བྱ་རིག་གནས། བསམ་བློ་ཁྱེར་ཕྱོགས་ལ་སོགས་པ་གནས་གང་འདྲ་ཞིག་ལ་ཡང་གཞན་ལས་ཡག་པ་ཡོད། བོད་ཕྲུག་རྣམས་ཀུན་སྤྱོད་བཟང་པོ་ཡོད་དགོས་པ་ནི་ྋསྤྱི་ནོར་ྋགོང་ས་ཆེན་པོ་མཆོག་གིས་ནམ་རྒྱུན་གསུང་གི་ཡོད་པའི་བཀའ་སློབ་ཞིག་ཀྱང་རེད། དེར་མ་ཟད་ཕྱི་རྒྱལ་ཁག་གི་ང་ཚོར་མིག་དཔེ་ལྟར་འོས་པའི་གནས་ཤིག་རེད། ཁོང་གི་བཀའ་སློབ་དེ་སྙིང་ལ་བཅངས་དགོས་པ་ང་ཚོར་ཤིན་ཏུ་གལ་ཆེན་པོ་ཡིན། སྔར་བོད་ཀྱི་གཤིས་སྤྱོད་བཟང་པོ་རྣམས་ང་ཚོས་གཅེས་སྐྱོང་བྱེད་དགོས། དེ་ནི་ཆུང་བས་ཆེ་བ་ལ་གུས་ཞབས་བྱེད་པ་དང༌། རྒན་པས་གཞོན་པར་རོགས་རམ་གང་བྱེད་པ། སྐད་ཆ་བཤད་སྟངས་ལམ་ལུགས་དང་མཐུན་པ། ཀུན་སྤྱོད་བཟང་པོ་སོགས་མང་པོ་ཡོད་པ་དེ་ཚོ་ང་ཚོས་ཉིན་རེ་བཞིན་ལག་ལེན་བསྟར་དགོས་པ་ཡིན། དེར་མ་ཟད་བོད་ཕྲུག་རྣམས་མི་བཟང་པོ་ཞིག་ཆགས་པར་ཉིན་ལྟར་འབད་དགོས་པ་སྟེ། ྋགོང་ས་མཆོག་གིས་ང་ཚོ་བོད་ཕྲུག་རྣམས་ལ་བཀའ་སློབ་ཉིན་ལྟར་གནང་བཞིན་པ་ཞིག་རེད།
    མི་ལེགས་པའི་ཕྱོགས་ནས་དེང་དུས་ཀྱི་བོད་ཕྲུག་མང་པོ་ཞིག་བསམ་བློའི་གནས་ཚད་ཆུང་དྲག་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མི་དགོས་པའི་ལམ་ལུགས་མང་པོ་ཞིག་ལེན་གྱིན་ཡོད། དཔེར་ན་རྒན་གཞོན་གོ་རིམ་མེད་པ་དང༌། རྒན་པ་ལ་གུས་ཞབས་མེད་པ། ཁྲ་ཁྲ་ཟིང་ཟིང་ལ་མགོ་འཁོར་བ་སོགས་བྱེད་ཀྱི་ཡོད། དེ་ནི་ང་ཚོས་ནོར་བ་རེད། ང་ཚོས་ཕྱི་རྒྱལ་ཁག་ནས་ལམ་ལུགས་ཡག་པོ་ཞིག་ལེན་དགོས་པ་ཡིན།
    ད་ལྟའི་ཆར་བོད་པའི་གཞོན་པ་ཁ་ཤས་ཡ་རབས་སྤྱོད་བཟང་མེད་པ་ཡང་ཡོད། གཞོན་སྐྱེས་མང་པོ་ཞིག་དེང་དུས་ཀྱི་ཁྲ་ཁྲ་ཟིང་ཟིང་དེ་འདྲ་ལ་མགོ་འཁོར་ཞིང་འཇིག་རྟེན་གི་ཡ་རབས་བཟང་སྤྱོད་ཚུལ་དང་ལྡན་པ་ཞིག་མེད། ཐ་མག་ཉལ་ཐ་སོགས་ལོངས་སྤྱོད་པ། བོད་ཕྲུག་ཕན་ཚུན་འཛིང་པ་སོགས་བྱེད་ཀྱི་ཡོད། དེ་ཚོར་བོད་མི་དམངས་ཚང་མས་ཡར་རྒྱས་ཡོང་བའི་ཆེད་ལས་འགུལ་གང་མང་སྤེལ་དགོས་པ་ཡིན། བོད་ཕྲུག་ཁ་ཤས་ཀྱིས་རྒན་པ་ལ་གུས་ཞབས་མི་བྱེད་ཅིང༌། རྒན་པར་སྐད་ཆ་ཚུལ་དང་ལྡན་པ་ཞིག་མི་བཤད་པ། གོས་སོགས་ཚུལ་དང་ལྡན་པ་མི་གྱོན་པ་སོགས་མང་པོ་ཡོད། དེ་ཚོས་བདག་ཉིད་བདག་གི་མགོན་ཡིན། ཞེས་པ་ལྟར་རང་སོ་སོས་རང་ལ་བྱ་བ་མི་ལེགས་པ་བྱེད་པར་བཀག་ནས་ཡར་རྒྱས་གོང་འཕེལ་གཏོང་དགོས། བོད་ཕྲུག་མང་པོ་ཞིག་བསམ་བློའི་ཆུ་ཚད་མི་ལོང་ཞིང་སློབ་གྲྭར་རང་ལ་དགོས་པའི་ཡོན་ཏན་མ་སྦྱངས་པར་གཞན་ཁྲ་ཁྲ་ཟིང་ཟིང་ལ་མགོ་མཁོར་གྱི་ཡོད། དེས་མ་ཟད་རང་གི་ཡག་པ་གང་ཡིན་པ་དང་མི་ལེགས་པ་གང་ཡིན་ཤེས་པ་དགོས། དཔེར་ན། ཐ་མག་ཉལ་ཐག་ལོངས་སྤྱད་ན་ཐ་མར་སོ་སོའི་ལུས་པོར་ན་ཚ་ཆགས་ནས་ཡོད་པ་རང་སོ་སོ་ལ་གྱོང་རག་ཀྱི་ཡོད་པ་ཤེས་དགོས།
    ང་ཚོའི་བོད་པའི་ཕྲུ་གུ་རྣམས་ྋགོང་ས་མཆོག་གི་བཀའ་སློབ་ལྟར་མ་འོངས་བོད་ཀྱི་སྲོག་རྩ་སྟེ། དེར་བརྟེན་ང་ཚོས་ཤྀང་ནགས་ཀྱི་མེ་ཏོག་འདྲ་པོ་བྱེད་དགོས་སོ།། ཕྱི་རྒྱལ་གི་ཕྲུ་གུ་རྣམས་ཡར་རྒྱས་གོམ་པ་གཅིག་སྤོས་ན་ང་ཚོས་གོམ་པ་གཉིས་བརྒྱབ་དགོས། གང་ཡིན་ཟེར་ན་ང་ཚོའི་ཡུལ་ནི་རྒྱ་དམར་པོས་བཟས་པ་རེད།
    བོད་ལ་ཡོད་པའི་བོད་ཕྲུག་རྣམས་ལ་རང་རེའི་རིག་གཞུང་བདག་གཉེར་བྱེད་པའི་སྐབས་མེད། ཁོང་ཚོར་བོད་ཡིག་སྦྱོང་སའི་སློབ་གྲྭ་ཡག་པོ་མེད། ཁོང་ཚོར་ནང་པ་སངས་རྒྱས་པའི་ཆོས་བྱེད་པའི་རང་དབང་མེད། ཡིན་ཡང་ང་ཚོ་བོད་ཕྲུག་བཙན་བྱོལ་དུ་ཡོད་པ་རྣམས་ལ་རང་དབང་ཚང་མ་ཡོད་པ་དང་གོ་སྐབས་ཀྱང་བཟང་པོ་ཡོད། ང་ཚོ་སྐལ་བ་བཟང་པོ་བྱུང་བ་དེ་ཆུས་ཟོས་སུ་མ་བཏང་བར་ྋགོང་ས་མཆོག་གི་བཀའ་ལྟར་འགྲུབ་པ་བྱས་ན་ང་ཚོའི་བསོད་ནམས་ཡང་གསོག་གི་ཡོད་རེད།
    ཐ་མར་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཤིན་ཏུ་རིང་པོ་གནས་པ་དང་བོད་ཀྱི་བདེན་མཐའ་མྱུར་ནས་མྱུར་དུ་གསལ་བ་ཤོག ། །།

ཞན་ཆ།
    བོད་ཞེས་(ཅེས)པ། ཐུག་(ཐུགས)སྨོན། བཞུ་བརྒྱུ་(ཞུ་རྒྱུ)ཡིན། ལྟ་(བལྟས)ན། ཡུལ་ཞིག་ཆག་(ཆགས)ཡོད། བསམ་བློ་(བློའི)འཁྱེར་ཕྱོགས། དེ་(དེར)མ་ཟད། གེལ་(གལ)ཆེན་པོ། ཤིས་(གཤིས)སྤྱོད། ཅེས་(གཅེས)སྐྱོང༌། མི་རྒྱན་(རྒན)པ། ལག་ལེན་ཏར(བསྟར)དགོས། ལམ་ལུག(ལུགས) གཞོན་པ་ཁ་ཤེས་(ཤས) ལོང་(ལོངས)སྤྱོད། ཕན་ཚུར་(ཚུན)རྫིང་(འཛིང) ཡར་རྒྱས་ཡོང་བའི་མཆེད་(ཆེད)ལས་གུལ་(འགུལ) སོ་སོ་ལ་གྱོང་ཁ་(གྱོང་)རག་ཀྱི་(གི)ཡོད། སོན་བརྩ་(རྩ) བདག་ཉེར་(གཉེར)བྱེད་པའི་གུས(གོ)སྐབས། བོད་ཡིག་སྦྱོང་སའི་སློབ་གྲྭ་(ཡག་པོ)མེད། བརྩན་སྦྱོར་(བཙན་བྱོལ) སྐེལ་(སྐལ)པ་བཟང་པོ་ལན་པ་(བྱུང) དེར་(དེ)ཆུད་གསོས་(ཟོས) བསོད་རྣམས་(ནམས)  འདྲེན་ཐ་(བདེན་མཐའ)བསལ་བ་(གསལ་བར)ཤོག  བཤད་སྟང་(སྟངས) ལག་ལེན་བལྟར(བསྟར) མི་བྱེད་ཞིང་(ཅིང) ཤིང་ནག(ནགས)

ཤེས་ཡོན་སྦྱོང་དགོས།

འཇིགས་མེད་ལྷུན་གྲུབ། ལ་དྭགས་བོད་ཁྱིམ། (ཨང་གསུམ་པ)

༄༅། །ཤེས་ཡོན་དང་བཟང་སྤྱོད་དག་བུམ་པ་གང་བྱོའི་ཚུལ་བཞིན་དགེ་བཤེས་ལས་སློང་བར་བགྱི། དེ་ཡང་ས་སྐྱ་ལེགས་བཤད་ལས།

རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པ་མ་འགྱུར་ཀྱང༌། །
སྐྱེ་བ་ཕྱི་མ་བཅོལ་བ་ཡིན། །ནོར་ལ་རང་ཉིད་ལེན་པ་འདྲ། །

    ཞེས་གསུངས་པ་ལྟར་ཤེས་ཡོན་ཞེས་པ་ཇི་ལྟར་གལ་ཆེན་དོན་ཟབ་ཡིན་པ་གང་ལའོ། །
    དེ་ཡང་ཤེས་བྱ་རིག་པའི་གནས་ལ་འཇུག་ཚེ་རང་ཉིད་ལ་དཀའ་སྡུག་ཅི་རིགས་ཕྲད་ཀྱང་དེ་དག་ལ་ཐབས་དུ་མས་གདོང་ལེན་རྡོ་རྗེ་ཕ་ལམ་གྱི་ཁྱད་ཆོས་དང་དབྱར་ཁའི་ཆུ་རྒྱུན་བཞིན་རྒྱུན་མི་ཆད་པར་བརྩོན་དགོས། དེ་མིན་ལྟོ་གོས་གཏམ་གསུམ་སོགས་རྒྱུན་དུ་མི་ཚེའི་འཚོ་ཐབས་རྣམས་སུ་མིག་སྣང་ཡུད་ཙམ་དུའང་མ་གཡེང་པར་ཐོས་བསམ་སྒོམ་གསུམ་སོགས་དང་འཆད་རྩོད་རྩོམ་གསུམ་སོགས་ཀྱི་མཁས་པའི་སྤྱོད་ཚུལ་བཟང་པོར་ཉིན་ནས་ཉིན་དུ་བུམ་པ་གང་བྱོའི་ཚུལ་དུ་ཤེས་ཡོན་རྣམས་དགེ་བཤེས་ཀུན་ནས་གསེར་སོགས་རིན་ཆེན་བཞིན་དུ་སློང་བར་བགྱིའོ། །དེང་དུས་རབས་གསར་པ་ཚན་རིག་གི་དུས་རབས་འདིའི་ནང་དུ་མཁས་པའི་སྤྱོད་ཚུལ་ཏོག་ཙམ་མི་ལྡན་ན་སྐྱེ་བོ་དེ་ཉིད་བླང་དོར་གྱི་གནས་ལ་རྨོངས་ནས་མཐར་བྱ་ཐབས་བྲལ་བའི་ཕྱུགས་བཞིན་འགྱུར་བར་སྨོས་ཅི་དགོས།
    དེ་བཞིན་གང་ཞིག་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུལ་བྱུང་ཞིག་མཆིས་ན་སྐྱེ་བོ་དེ་ཉིད་ལ་བླང་དོར་སོགས་མཁས་པའི་མཚན་ཉིད་དོན་སྙིང་དག་ལྡན་པས་དེ་ཉིད་ལ་དཀའ་སྡུག་སོགས་ཅི་རིགས་འཕྲད་པར་དཀའ་ལ། ཡང་དེ་ལྟའི་ཤེས་ཡོན་ཟབ་མོ་དག་བློ་ལ་འཇགས་པར་རང་བཞིན་གྱི་སྒྲིག་དང་བཟང་པོའི་སྤྱོད་ཚུལ་སོགས་ཀྱང་གང་ལེགས་ལྡན་པར་བརྩོན་དགོས། དཔེར་ན། སློབ་མ་དག་ཤེས་ཡོན་གྱི་ལྡུམ་རྭའི་ནང་གཤིབ་ཚེ་དུས་ཀུན་དུ་སྒྲིག་རང་འཁུར། སྡོམ་པ་རང་སྲུང་ཞེས་གནའ་སྲོལ་གྱི་གཏམ་དཔེ་བཞིན་རང་ཉིད་བྱ་བ་ཅི་རིགས་སུའང་དེ་དག་དང་མཐུན་པའི་སྤྱོད་ཚུལ་གྱིས་འཇུག་པར་བྱས། དེར་མ་ཟད་སློབ་དཔོན་ཀུན་ལ་བརྩི་བཀུར་དང་སློབ་གྲོགས་རྣམས་དང་མཐུན་བསྒྲིལ་སོགས་མདོར་ན་བཟང་སྤྱོད་ནི་བདེ་བའི་རྒྱུ་དང་ཤེས་ཡོན་གྱི་རྨང་གཞི་ལྟ་བུར་ངེས། དེས་ན་ཤེས་ཡོན་དང་ལྷན་དུ་བཟང་སྤྱོད་ཀྱང་འཇགས་པར་བྱའོ། །
    ཚན་རིག་གྱི་དུས་འདིར་སྐྱེལ་འདྲེན་གྱི་འཕྲུལ་འཁོར་དང་རྡུལ་ཕྲན་གྱི་མཚོན་ཆ་སྣ་མང་ཞིག་གསར་བསྐྲུན་བྱས་ཡོད་ཀྱང༌། དེ་དག་རྣམས་ནི་མིའི་རིག་རྩལ་གྱི་མཐུས་ཡིན་པ་མ་གཏོགས་ལྷུན་གྲུབ་ཞིག་མིན། ཤེས་ཡོན་ཞེས་པའི་མཐུ་སྟོབས་ཀྱིས་ས་ཡི་གོ་ལའི་ངོས་ཀྱི་གནས་ཚུལ་དུ་མ་ཞིག་སྐད་ཅིག་ཉིད་དུ་རྟོགས་ཐུབ་བོ།།
    རང་ཉིད་ལ་མཁས་པའི་ངང་ཚུལ་ཀུན་ལྡན་ན་སྐྱེ་བོ་ཕལ་པ་དག་དེ་ཉིད་ཀྱི་ཕྱོགས་སུ་བསྡུ་མི་དགོས་པར་བུང་བ་མེ་ཏོག་གི་ཕྱོགས་སུ་སྤྲིན་ལྟར་འཁྲིགས་བཞིན་ཚོགས་པའོ། །དེ་བཞིན་ས་སྐྱ་ལེགས་བཤད་ཀྱི་ཚིག་བཅད་ཞིག་ལས་ཀྱང༌། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པ་ཡང་རང་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་གསུངས་པའོ། །སྐྱེ་བོ་མཚན་ཉིད་ཕུལ་དུ་འགྱུར་བ། ཤེས་ཡོན་ཁོ་ན་ལས་གཞན་ཐབས་གང་ཞིག་ཡོད། རང་ཉིད་འཁོར་བ་འདིའི་ནང་བྱང་སེམས་ཆེན་པོ་ཞིག་ཏུ་འགྱུར་བར་ཤེས་ཡོན་ཁོ་ན་ལས་གཞན་ལམ་ཟབ་མོ་ཞིག་ཡོད་དམ།
    མདོར་ན་རང་ཉིད་འཁོར་བ་ལས་མཐར་ཐབས་སུ་ཡང་ཤེས་བྱ་རིག་པའི་གནས་བསྒྲིམ་པའི་འབྲས་བུ་ལས་དེ་གཞན་སྲིད་པར་དཀའ་མོད། བསམ་བློ་ཆུང་ཚེགས་དཔེར་ན། མི་ཡི་མི་ཚེའི་འཚོ་བ་ཀུན་ལའང་ཤེས་ཡོན་གྱི་རིག་པ་མེད་ན་འགྲུབ་དགོས་ཀྱི་བྱ་བ་སྤུས་ལེགས་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཞིག་བྱུང་བར་ཧ་ཅང་དཀའ། སྔོན་དུ་གླེང་བ་བཞིན་ཆོས་དང་འཇིག་རྟེན་གཉིས་པོར་མཐུན་པའི་བྱ་བ་དང༌། སྤྱོད་ཚུལ་ཀུན་ལེགས་སོན་བྱུང་བར་ཤེས་ཡོན་དང་བཟང་སྤྱོད་སོགས་ཡ་རབས་ཀྱི་སྤྱོད་ཚུལ་ཀུན་ལ་སྦྱངས་བརྩོན་དང་རྨོངས་པ་དང་སྐྱོན་ཀུན་གསལ་ཐབས་སུ་དགེ་བའི་བཤེས་གཉེན་སོགས་མཁས་པ་ཀུན་ལས་ཤེས་ཡོན་དང་རིག་པ་ཀུན། ཆུ་རྒྱུན་བཞིན་དུ་བར་ཆད་མེད་པར་ལེན་པར་བརྩོན་དགོས།
བླང་དོར་བློ་གྲོས་ཀྱི་ཕྱོགས་སུ་སྦྱང་བརྩོན་གྱིས། །ལེ་ལོ་པ་སོགས་སྒྱིད་ལུག་རིམ་བཞིན་དོར་བ་དང༌། །རིན་ཆེན་གྱི་ཤེས་ཡོན་བཟང་པོ་ཡར་ཟླའི་ཚུལ། །རྒྱས་གང་དམ་པ་ཡི་སྐྱེ་བོ་གྲལ་དུ་བསྐྱོད། །ཡ་རབས་དང་མ་རབས་སྤྱོད་ཚུལ་ངན་པ་དང༌། །ཤེས་རབ་དང་སྒོམ་པ་ལེགས་པར་དབྱེ་བ་ཕྱེས། །སླད་མར་བོད་འདི་ཞི་བའི་ཉི་ཟེར་ཡོངས་ཁྱབ་ཆེད། །ཤེས་ཡོན་དང་བཟང་སྤྱོད་ཞི་བའི་ཐབས་ལ་བརྩོན། །ཞེས་མཐར་ཤེས་ཡོན་གྱི་ནུས་པ་དང༌། བཟང་སྤྱོད་ཀྱི་བླང་དོར་གཉིས་པོས་རང་གཞན་གཉིས་པོའི་དོན་ཟབ་སྒྲུབ་པའི་རེ་བ་དང་རང་ཅག་ཁ་བ་ཅན་གྱི་ཞིང་ཁམས་ཞི་བའི་གནས་དེ་སླད་ཤེས་ཡོན་དང་དེ་ཡི་ནུས་པས་མྱུར་དུ་ཉི་ཤར་བཞིན་བྱུང་བའི་སྨོན་ལམ་མོ།། །།

ཞན་ཆ།
    དཀའ་སྡུག་ཇི་(ཅི)རིགས། ཐབས་དུ་མ་(མས) མཁས་བརྩུན་(བཙུན) བློ་ལ་འཇག་(འཇགས) རང་གནས་ཀྱིས་འགྲིག་(ང་བཞིན་གྱིས་སྒྲིག) འགྲིག་(སྒྲིག)རང་འཁུར། དོམ་(སྡོམ)པ། བསྐྱེལ་(སྐྱེལ)འདྲེན། གསར་སྐྲུན་བྱེད་(བྱས)ཡོད་ཀྱང༌། དངངས་(ངང)ཚུལ། ཕྱོགས་སུ་འདུ་(བསྡུ)མ་དགོས། འཁོར་ལས་ཀྱང་མཐར་(ཐར)ཐབས། སྤྲུལ་(སྤུས)ལེགས། གསོན་(སོན)བྱུང༌། བགྱིད་ལུགས( སྒྱིད་ལུག) སླར་(སླད)མར་ དོན་ཟབ་གྲུབ་(བཟང་སྒྲུབ) ཞི་བ་ཅན་(ཞི་བའི་གནས) དེར་མིན་པའང་(དེ་མིན)ལྟོ་གོས་གཏམ། འཇག་(འཇགས)པར། གླེང་པ(བ)

བོད་ཕྲུག་གི་འོས་འགན།

ངག་དབང་སྒྲོལ་མ། (ཀ་སྡེ) མ་སུ་རི་བོད་ཁྱིམ། (ཨང་གསུམ་པ)

༄༅། །སྤྱིར་འཛམ་གླིང་ནང་གང་ཟག་སུ་འདྲ་ཞིག་ཡིན་རུང་སོ་སོར་འཁྲི་བའི་འོས་འགན་ནམ་ལས་འགན་ཆེ་ཆུང་ཙམ་ཞིག་མ་གཏོགས་ཚང་མར་ཡོད་པ་ཞིག་རེད། དེ་ཡང་རང་ཡུལ་རྒྱ་ལག་ལ་ཤོར་བའི་བོད་མི་རྩམ་ཟན་བོད་ཕྲུག་ང་ཚོར་མཚོན་ན་ནི་དགོས་པའི་འོས་འགན་གཙོ་བོ་དེ་ནི་སློབ་སྦྱོང་ཡག་པོ་བྱ་རྒྱུ་དང་ཡ་རབས་ཀུན་སྤྱོད་བཟང་པོ་ཞིག་དང་ལྡན་པ་བྱས་ཏེ་མཐར་སོ་སོའི་རང་ཡུལ་ཁ་བ་ཅན་དེ་ཚུར་ལེན་ཐུབ་པ་བྱེད་རྒྱུ་དེ་རེད།
    ྋགོང་ས་མཆོག་གི་བཀའ་སློབ་རབས་དང་རིམ་པའི་ནང་འཁོད་གསལ་ལྟར་ང་ཚོ་བོད་ཕྲུག་ཚོའི་སློབ་སྦྱོང་བྱེད་སྐབས་ཀྱི་དུས་ཚོད་དེ་ནི་རྒྱལ་ཁབ་རང་བཙན་ཡོད་པ་གཞན་ཚོ་ལས་ལྡབ་འགས་མང་བ་བྱེད་དགོས་དེ་གང་ཡིན་ཟེར་ན་རྒྱལ་ཁབ་གཞན་ཚོའི་ཕྲུ་གུ་ཚོའི་སློབ་སྦྱོང་དེ་ནི་སོ་སོ་རང་ཉིད་ཕྱིས་སུ་མི་ཚེ་ཡག་པོ་དང་སྐྱིད་པོ་ཞིག་ཡོང་ཆེད་ཡིན་མ་གཏོགས་གཞན་གང་གི་ཆེད་དུ་ཡང་མིན། འོན་ཀྱང་ང་ཚོ་བོད་ཕྲུག་ཚོའི་སློབ་སྦྱོང་དེ་ནི་ཕྱིས་སུ་རང་ཡུལ་ལེན་ཐབས་ཡིན།
    ཡང་གསུངས་གསལ་ལ་མི་རབས་རྒན་པ་ཚོ་ནི་རིམ་བཞིན་རྫོགས་འགྲོ་བ་དང༌། མ་འོངས་པར་རང་བཙན་ལེན་མཁན་ཀྱི་མེ་ཏོག་ནང་གི་སོན་རྩ་ལྟ་བུ་ནི་བོད་ཕྲུག་ཚོ་ཡིན་ཞེས་གསལ་པོ་ཞེ་དྲག་གསུངས་ཡོད་པ་རེད། འོན་ཀྱང་དེང་སྐབས་དེ་ལས་ལྡོག་སྟེ་བོད་ཕྲུག་མི་ཉུང་བ་ཞིག་ནི་སོ་སོའི་ཕ་ཡུལ་གངས་ལྗོངས་དེ་རྒྱ་ལག་ཏུ་ཡོད་པར་སྣང་བ་ཙམ་ཡང་མེད་པར་དབྱིན་ཇི་འཁྱམས་ཉུལ་རེ་འགའི་མཇུག་ལ་ཁྱི་སྨྱོན་ལྟར་གང་སར་རྒྱུགས་པ་དང༌། ཐ་མག་ཉལ་ཐ་འཐེན་པ། མཚམས་རེ་ཐ་མག་ཉོ་བྱེད་ཀྱི་དངུལ་རྫོགས་ཚར་སོང་ན་རྐུ་རྒྱག་པ། རྫུན་བཤད་པ་སོགས་གང་ལྟར་སྔོན་བོད་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོས་མཛད་གནང་བའི་མི་ཚོས་གཙང་མ་བཅུ་དྲུག་གི་ཉམས་ལེན་བསླབ་བྱ་ལས་འགལ་ཏེ་མ་རབས་ཐ་ཤལ་ཅན་ཞིག་ཏུ་སོང་ཡོད་པ་ནི་ངས་བཤད་མི་དགོས་པར་ཚང་མས་མཐོང་ཐོས་སུ་གྱུར་པ་ཞིག་རེད།
    ཨེ་མ། དེ་ལྟ་བུ་ཞིག་བྱས་པ་ཡིན་ན། ང་ཚོ་བོད་ཕྲུག་ཚོའོ་འོས་འགན་དང་ལྡོག་ཕྱོགས་ཡིན་ལ་རང་བཙན་དོན་དུ་སྐད་འབོད་གནང་སྟེ་རང་སྲོག་རྒྱ་ལག་ཏུ་ཤོར་མཁན་གྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྐུ་ངལ་བསྐྱོན་པ་དེ་རྣམས་ཆུད་ཟོས་དང༌། ཡང་དེར་མ་ཟད་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་ཐུགས་དགོངས་དཀྲུག་པ་མ་རེད་དམ། གལ་ཏེ་དེ་འདྲ་བྱས་པ་ཡིན་ན་ཕྱིས་སུ་སོ་སོར་རང་ཉིད་ལ་མི་ཚེ་སྐྱིད་པ་ནི་གཏན་ནས་མི་ཡོང་ཞེས་ངས་ཚིག་ཐག་ཆོད་པོའི་སྒོ་ནས་བརྗོད་རྒྱུ་ཡིན། དེ་ཡང་བོད་མི་ཚོའི་སྔར་གྱི་ཁ་རྒྱུན་བཞིན། ཕ་རྒྱུད་བུ་ལ་མ་འཁྲིད་ན། རི་བོང་ཤོར་ཏོ་གང་ནས་ཡོང༌། ཟེར་བའི་དཔེ་ལྟར་ཕྱིས་སུ་སོ་སོ་རང་ཉིད་ལ་ཡང་ཕྲུ་གུ་ཞིག་སྐྱེ་སྐབས་དེ་ནི་ཁྱེད་དང་འདྲ་བ་ཞིག་ཕལ་ཆེར་ཡོང་ངེས་སོ། །དེར་བརྟེན་ང་ཚོ་བོད་ཕྲུག་ཚོས་དགོས་པའི་སློབ་སྦྱོང་དེ་ལ་འབད་དགོས་ལ་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་བྱེད་དགོས་ཀྱི་རེད་བསམ་གྱི་འདུག སློབ་སྦྱོང་བྱེད་སྐབས་དཀའ་ངལ་རིགས་འདྲ་མིན་འཕྲད་མི་སྲིད་པ་སུ་ཡང་མེད་འོན་ཀྱང་དཀའ་ངལ་ཕྲན་བུ་དེ་ལ་ཁ་གཡར་ཏེ་མ་བརྩོན་ན་མི་འགྲིགས དེ་ཡང་མཁས་པ་ཆེན་པོ་ས་སྐྱ་པཎ་ཌི་ཏས་མཛད་པའི་ས་སྐྱ་ལེགས་བཤད་ལས།
    མཁས་པ་སློབ་པའི་དུས་ན་སྡུག །བདེ་བ་འདོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་གསུངས་ཡོད་པ་རེད། དེར་བརྟེན་ང་ཚོ་བོད་ཕྲུག་ཚོས་དཀའ་ངལ་གང་ལ་ཡང་གདོང་ལེན་བྱས་ཏེ་མཐར་བོད་མིའི་སྤྱི་ཚོགས་དེ་ཡི་ནང་ནས་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་གནང་བའི་རེ་བ་དང་བཅས་མཐའ་དོན་ྋསྤྱི་ནོར་ྋགོང་ས་མཆོག་གི་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང་གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་མྱུར་དུ་ཤར་བའི་བཀྲ་ཤིས་སྨོན་ལམ་གྱིས་བརྒྱན་ཏེ། བོད་རྒྱལ་ལོ།། །།
 
ཞན་ཆ།
    འོས་འགན་འམ(ནམ) བཀའ་སློབ་རབ(རབས)དང་རིམ་པ། སློབ་སྦྱོང་བྱེད་སྐབས་གྱི་(ཀྱི) གསོན་(སོན)རྩ། དེ་ལས་ལྡོག་ཏེ་(སྟེ) རེ་དགའི་(འགའི) བཅུ་དྲུག་གྱི་(གི) རང་སྲོགས་(སྲོག) ཆུད་བཟོད་(ཟོས) ཐམས་བཅད་(ཅད) ཁ་གཡོག་(གཡར)ཏེ། གནང་རྒྱུ་(རྒྱུའི)རེ་བ་བཅས། མཐར(མཐའ)དོན། མཉམས་(མཉམ)འཛོམས། མྱུར་དུ་བཤར་(ཤར)བའི། སྨོན་(ལམ་)གྱི་རྒྱན་(གྱིས་བརྒྱན)ཏེ།

མདུན་ཤོག