གློག་གི་ཕན་ཡོན།

འཕྲིན་ལས་བཟང་པོ། སུ་ཇ་བོད་ཁྱིམ། (ཨང་དང་པོ)

སྐུ་ཡི་བཀོད་པ་མཚན་དཔེ་རབ་རྫོགས་རྫོགས་སངས་རྒྱས་ཀྱི་གནས་ལ་འགྱིངས། །
གསུང་གི་གྲེ་འགྱུར་ཕྱོགས་ཀུན་རབ་སྙན་སྙན་པའི་དཔལ་ཡོན་རྨད་དུ་རྒྱས། །
ཐུགས་ཀྱི་རང་རྒྱུད་ཞི་དུལ་རབ་སྙོམས་སྙོམས་མིན་སྲིད་གསུམ་གཙུག་ན་བརྒྱན། །
གང་གི་མཛད་འཕྲིན་འགྲན་ཟླ་མ་མཆིས་མཆིས་པའི་འཇིག་རྟེན་བདུད་ཀྱིས་འདུད། །

    ཅེས་ཚིགས་སུ་བཅད་པས་སྔུན་བསུས་ནས་ཚན་རྩལ་གྱི་འཇིག་རྟེན་དང་འདས་ཟིན་པའི་གདོད་མའི་འཇིག་རྟེན་ལ་བསམ་གཞིགས་ཞིག་བྱས་ན། ཉིན་མཚན་དབྱེ་དཀའ་བའི་དེང་དུས་ཀྱི་ཚན་རྩལ་རིག་པའི་སྒེག་ཉམས་ལ་བསྟོད་པའི་ཐེ་བོང་གྱེན་དུ་མི་སྒྲེང་མཁན་སུ་ཞིག་ཡོད། ལྷག་པར་གློག་ཞེས་པ་འདི་འཇིག་རྟེན་གྱི་ཞིང་སར་འཁྲུངས་པ་ནས་བཟུང༌། བརྗོད་མི་ཤེས་པའི་ཡར་རྒྱས་ཀྱི་མགྲིན་གླུ་ཕྱོགས་ཀུན་ནས་བསྒྲགས་ཤིང་སའི་གོ་ལ་འདི་ཡང་འོད་ཁྱིམ་གྱི་ཕུང་པོ་ཞིག་ཏུ་གྲུབ།
    གདོད་མའི་དུས་ཏེ་ལུས་ལ་ལོ་མ་གྱོན་ཞིང་ཟས་སུ་ཤིང་ཏོག་ཟ་བའི་མིའི་རིགས་ཀྱི་འཚོ་བ་དང༌། རྡོ་ཆས་གསར་སྙིང་གི་སྐབས་སུ་གཅན་གཟན་རི་དྭགས་ཀྱི་རློན་ཤ་རྗེན་པ་ཟ་བའི་མིའི་རིགས་ཀྱི་འཚོ་སྡོད་ཀྱི་ཁོར་ཡུག་ལས་གློ་བུར་དུ་བསམ་ཡུལ་ལས་འདས་པའི་སྟབས་བདེ་སྤྱོད་བདེའི་དགེ་མཚན་གྱིས་ཕྱུག་པ་འདི་འཇིག་རྟེན་དུ་བྱུང་བ་ནས་མིའི་རིགས་ཀྱི་འཚོ་སྡོད་ཀྱི་ཁོར་ཡུག་གསར་པ་ཞིག་བསྐྲུན་ཞིང༌། བདེ་སྐྱིད་ཀྱི་ཉི་གཞོན་གཉིས་པ་ཞིག་ཀྱང་ཤར་བ་རེད།
    ལྟོས་དང༌། གློག་སྒྲོན་འོག་ཏུ་གསར་སྐྱེས་ཀྱི་གཞོན་ནུ་རྣམས་ཀྱིས་རང་ནུས་གང་ལྕོགས་ཀྱིས་ཤེས་བྱའི་རྒྱ་མཚོར་བརྩོན་འགྲུས་ཀྱི་གྲུ་གཟིངས་གཏོང་བཞིན་འདུག་ལ། ལྷག་བསམ་མངའ་བདག་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་གདུལ་བྱ་སློབ་བུའི་ཚོགས་ཀྱི་འབྲི་དེབ་དག་ཏུ་བཅོས་མིན་གྱི་འཛུམ་མདངས་རྒྱས་ནས་ཞིབ་གཤེར་དང་དག་བཅོས་ཀྱི་ལས་སུ་འབུངས་བཞིན་འདུག ཐོས་སམ། གཟུགས་མཐོང་གློག་འཕྲིན་དུ་རྒྱལ་གཅེས་དཔའ་བོ་དག་གི་སྐུ་པར་སྟོན་བཞིན་འདུག་ལ་སྒྲ་སྡུད་འཁོར་ལོས་བོད་ཀྱི་གསར་འགྱུར་སྒྲོག་བཞིན་འདུག བགྲོད་བྱ་གོམ་གང་སྤོ་མི་དགོས་པར་རྒྱལ་སྤྱིའི་གནས་ཚུལ་ཚེགས་མེད་དུ་ཤེས་ཤིང༌། འཇིག་རྟེན་གྱི་མཛེས་སྡུག་མིག་ལམ་ཏུ་ཤར་ཡོང་བས་ན་འདི་ལས་ལྷག་པའི་ཕན་ཡོན་གྱི་ནུས་ཤུགས་ཤིག་སུ་ལ་མངའ།
    འདས་ཟིན་པའི་ལོ་ཟླ་ལ་ཕྱི་མིག་འཕངས་དུས། མཚན་མོའི་ཟླ་འོད་འོག་ཏུ་མིག་ཟུང་ཆེས་ཆཻར་བགྲད་ནས་སློབ་སྦྱོང་བྱེད་མཁན་དང༌། ཐ་ན་སྤོས་ཐུར་རྐང་གཅིག་ལ་མེ་བསྒྲོན་ནས་དཔེ་དེབ་མང་པོ་ཀློག་མཁན་ཚོ། གློག་སྒྲོན་སྟར་ལ་བརྒྱུས་པའི་འོད་དཀར་གྱི་འོག་ཏུ་འབྲི་ཀློག་དང་ལས་གནས་ཅི་ཞིག་གཉེར་ཀྱང་ཞིབ་ཚགས་དང༌། རྒྱལ་ཁའི་གླུ་དབྱངས་འདིའང་གློག་གི་ཕན་ཡོན་ཡིན་པ་བརྗོད་མི་དགོས་ལ། ལྷག་པར་སྐར་ཚོགས་དང་ཟླ་འོད་ལ་ཡིད་སྨོན་སྐྱེས་པའི་སྐྱེ་བོ་དག ད་ལྟ་ཐོག་མཐའ་བར་གསུམ་དུ་དཀར་སེར་དམར་ལྗང་གི་མཛེས་སྡུག་མཐོང་དུས་ཡིད་མི་ཆེས་པའི་ཚོར་བ་ལྟ་བུ་ཞིག་གིས་མངོན་སུམ་དང་རྨི་ལམ་གང་ཡིན་ཆ་མི་འཚལ་བའི་གནས་སུ་ཧད་དེ་བསྡད་ཡོད་པ་དེའང་གློག་གི་ཕན་ཡོན་མིན་ན་ཅི་ཞིག་རེད།
    ལོ་རྒྱུས་ཀྱི་ལྡེབས་རིས་ངོས་སུ་ཕོ་ཉ་བ་ཞེས་སྐད་ཆ་གཅིག་གཉིས་ཙམ་ཞིག་འཁྱེར་ནས་རི་བོ་དང༌། ལུང་པ་འཕྲེད་ནས་བཤགས་ཤིང་ཆུ་བོ་དང་གཙང་པོ་ཐོད་ཀྱིས་བརྒལ་ནས་ཉིན་ནས་ཟླ་དང༌། ཟླ་ནས་ལོ་ཡིས་ལམ་བར་དུ་བཀྲེས་སྐོམ་གྲང་གསུམ་གྱི་སྡུག་བསྔལ་ཁྲོད་བགྲོད་དགོས་དེའང༌། དེང་དུས་དཀར་ཆ་དོད་པའི་རང་ཁྱིམ་ནས་ལེ་བར་ཁྲི་ཕྲག་དུ་མའི་ཕར་རོལ་དུ་བརྗོད་འདོད་པ་དང་གླེང་འདོད་པ་ཚང་མ་དལ་ལྷོད་ངང་ཡུན་གྱིས་གླེང་མོལ་བྱེད་ཆོག་ལ། འཛམ་གླིང་གོ་ལ་འདི་མ་ཟད་ཐ་ན་རྒྱུ་སྐར་གཞན་ལའང་བརྒྱུད་སྤྲོད་བྱེད་པ་འདི་ནི་ཚན་རྩལ་གྱི་བྱམས་ལྡན་ཨ་མ་གློག་གི་བཀའ་དྲིན་ལས་གཞན་ཅི་ཡང་མིན་པས་ན། གློག་ཅེས་པ་འདི་མིའི་སྤྱི་ཚོགས་ནང་བེད་སྤྱོད་ཀྱི་གནས་བབས་དང་པོ་ནས་དང་པོ་དེ་ཡིན།
    མདོར་ན། གློག་ཅེས་པ་དེ་ནི་འཇིག་རྟེན་འདིའི་གཟི་བརྗིད་ཞིག་དང་ཡོད་ཚད་ནས་ཡོད་ཚད་ཡིན། དེའང་གོང་དུ་བརྗོད་པ་བཞིན་གློག་ཡོད་པའི་འཇིག་རྟེན་དུ་རོལ་བའི་མིའི་རིགས་ཀྱི་འཚོ་བ་དང་མཐུན་རྐྱེན། ནུས་པ་སོགས་དང་གློག་མེད་པའི་སྔོན་གྱི་འཇིག་རྟེན་དུ་འཚོ་བའི་མིའི་རིགས་ཀྱི་ནུས་ཤུགས་དང་འཚོ་བའི་མཐུན་རྐྱེན་བསྡུར་ན། གློག་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་དང༌། བདེ་སྐྱིད་སྐྲུན་པ་པོ་ཉིད་ཡིན་ལ། གློག་གི་རླབས་རྒྱུན་ལས་མིའི་རིགས་ལ་འོད་ཁྱིམ་བཙལ་ཞིང་བདེ་སྐྱིད་འབྱུང་བར་བྱས་པ་དེ་རེད། དེའི་ཕྱིར་ང་ཚོས་གློག་གི་ཕན་ཡོན་རྟོགས་དགོས་ལ་གློག་ཉིད་གསར་གཏོད་མཁན་ལ་རྗེས་སུ་ཡི་རང་བྱས་ནས་གློག་གི་ནུས་ཤུགས་བཞིན་འཇིག་རྟེན་ཐམས་ཅད་འོད་ཀྱིས་བཀང་བར་བརྩོན་དགོས།

འཇིག་རྟེན་ཀུན་གྱི་གཙུག་ཕུད་ན། །སྔོན་མ་མེད་པའི་འོད་ཕུང་དེས།།
དལ་འཇམ་འོད་ཀྱིས་རླབས་རྒྱུན་ལས། །མུན་པའི་ཁྱོན་ཀུན་རྒྱང་དུ་བསྐྲད།།

ཞན་ཆ།
    ཚིགས་སུ་བཅད་པའི་(པས)སྔུན་བསུ་(བསུས)ནས། གྱེན་དུ་མི་བསྒྲེངས་(སྒྲེང)མཁན་སུ་ཞིག་ཡོད། གློག་ཞེས་(ཅེས)པའི། སྒྲོགས་ཞིང༌(ཤིང) བསྐྲུན་ཤིང༌(ཞིང། ཅིང༌།) གོམས་(གོམ)ལམ། ནུས་ཤུགས་ཞིག(ཤིག) ཞིབ་ཚག(ཚགས) དཀར་གསེར་(སེར) རྡེབས་(ལྡེབས)རིས། བདེ་སྐྱིད་བསྐྲུན་(སྐྲུན)པ་པོ་ཉིད་ཡིན་ལ། མཚན་དཔལ་(དཔེ) དོད(གདོད)མ། སྒྲོགས(བསྒྲགས)ཤིང༌། སྒྲོགས་བཞིན(སྒྲོག) སྡེབས་(ལྡེབས)རིས། འཕྲེང་(འཕྲེད)ནས།

གློག་གི་ཕན་ཡོན།

བསྟན་འཛིན་བཀྲ་ཤིས། ལྡི་ལི་ཉིན་སློབ། (ཨང་གཉིས་པ)

༄༅། །མཁྱེན་བརྩེའི་སྤྲིན་དཀར་སྟོང་གི་འདབ་མ་བརྒྱ། །བསིལ་སྦྱིན་གངས་རིའི་མདངས་སུ་འཛུམ་པའི་དཔྱིད།།
    དགེ་ལེགས་གྲུ་ཆར་འབེབས་པོ་བདག་གི་ྋསྐྱབས། །གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོར་བཏུད། །
    གངས་ཅན་རིག་བརྒྱའི་བརྡ་དག་དགོངས་ཟབ་དོན། །    རྣམ་དཔྱོད་འཕྲུལ་གྱི་གདེངས་ཀར་འཇལ་བའི་བློས། །
    ཅུང་ཟད་ཐོས་པའི་དགེ་མཚན་བཀྲ་ཤིས་དབྱངས། །རབ་སྙན་མགྲིན་པར་དཀྲོལ་ལ་བདག་ཡིད་དགའ། །
    ལེགས་སྐྱེས་རིག་པའི་རྣམ་གསལ་དཔེ་དང་བཅས། །བརྗོད་བྱའི་སྲོག་ལ་བབས་པའི་ཆ་གང་མཆིས། །
    མཚན་ལྡན་དགེ་རྒན་བཀའ་དྲིན་ཁོ་ན་ལས། །རང་བློའི་འཇུག་པ་ཡངས་བསམ་ཡེ་ནས་མེད། །
    འོན་ཀྱང་དཀའ་བའི་གཞི་རྒྱ་ལྕགས་ཀྱི་སྒྲོམ། །བློ་གྲོས་སོར་རྩེས་སྒྲོལ་པར་མ་ནུས་པའི། །
    བརྡ་སྤྲོད་གཞུང་མང་དོན་ལ་འགལ་བའི་ལས། །སློབ་རྒན་དམ་པས་མཁྱེན་རབ་མཚོན་ལ་དྲོངས། །

    ཐོག་མར་གང་གླེང་བར་བྱ་བ་ནི་བརྗོད་གཞི་ལྟར་གློག་གི་ཕན་ཡོན་གྱི་སྐོར་ཡིན་ལགས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་ཤེས་རིག་ལས་ཁུངས་སོགས་ཀྱི་ཐུགས་རྗེ་བཀའ་དྲིན་དྲན་བཞིན་པའི་ངང་ནས་བརྗོད་གཞི་སྩལ་དོན་ལྟར་གློག་གིས་ཕན་ཡོན་སྐོར་ཅུང་ཟད་བརྗོད་པ་ལ་གཉིས། གློག་མེད་དུས་དཀའ་ངལ་དང༌། གློག་གི་ཕན་པའི་བདེ་བ་སྟེ་གཉིས་ལས། དང་པོ་ནི། དཔེར་ན་རང་ཅག་གངས་ཅན་གྱི་ལྗོངས་ལྟ་བུར་དཔེ་མཚོན་འཇོག་དུས་གློག་མེད་སྐབས་ཕྱོགས་གང་ས་ནས་དཀའ་ངལ་མང་དག་ཅིག་མཆིས་པ་ངས་བརྗོད་མ་དགོས། ཐ་ན་ཕྱོགས་ཕན་ཚུན་སྐད་ཆ་གཅིག་ཤོད་འདོད་མཆིས་ཀྱང་རང་ཉིད་འགྲོ་དགོས་པ་མ་གཏོགས་ཁ་དཔར་སོགས་གཏན་ནས་མེད་པའི་དཀའ་ངལ་འཕྲད་པ་ཞིག་གི་དཔེ་མཚོན་ཙམ་ཞུས་པ་ལགས་སོ།།
    ཉིན་མོར་ལས་ཀ་དང་སློབ་སྦྱོང་སོགས་བྱེད་མ་ཐུབ་ན། མཚན་མོ་གློག་མེད་པས་མཐོང་མ་ཐུབ་པའི་དཀའ་ངལ་དང་གཅིག གཟུགས་མཐོང་བརྙན་འཕྲིན་སོགས་ཕར་བཞག་ཐ་ན་ཆུ་ཚ་པོ་ཙམ་ཡང་ཤིང་མེད་ན་ཚ་བོ་བཟོ་མི་ཐུབ་པའི་དཀའ་ངལ་དང་གཉིས། སློབ་དེབ་ལྟ་བུ་གསར་རྩོམ་གནང་ཟིན་ཡང་དང་པོར་ཟླ་བ་འགའ་ཤས་རིང་ལག་བྲིས་བྱེད་དགོས་པ་ལས་གཞན་ཐབས་མེད་པའི་དཀའ་ངལ་དང་གསུམ། སྒོ་ཕྱུགས་སེམས་ཅན་གཡག་དང་མཛོ། གླང་སོགས་ཀྱི་ཞིང་ཀ་རྨོ་བ་ལས་གཞན་གཅིག་ཀྱང་མེད་པའི་དཀའ་ངལ་དང་བཞིའོ།།
    གཉིས་པ་གློག་གི་ཕན་ཡོན། དཔེ་ན་ཚ་བའི་ལུང་པར་ཚ་བས་གདུང་སྐབས་རླུང་འཁོར་དང༌། གྲང་རླུང་སོགས་ཀྱི་མི་ཡི་སྲོག་སྐྱོབ་པའི་ལོ་རྒྱུས་སོགས་ཡོད་པ་མིག་མཐོང་ལག་ཟིན་དང༌། གཅིག་གོང་དུ་རང་རིགས་བོད་ལ་དཔེ་མཚོན་ལྟར་རྒྱལ་ཁབ་མང་པོ་ཞིག་ནང་ཕན་པ་དང་བདེ་བ་སྟེར་བའི་དཔལ་དང་གཉིས། དེ་བཞིན་གནམ་གྲང་སར་ཚ་གློག་གི་སྲོག་སྐྱོབ་པ་དང་གསུམ། སྔར་ཆུ་མེད་པར་ཆུ་ལེན་པ་དང་བཞི། སྤྱིར་འཛམ་བུ་གླིང་འདི་ཡི་སྒང་ལ་སེམས་ལྡན་དང༌། ཐ་ན་རྩྭདང་རྩི་ཤིང་སོགས་ཀྱང་སྐྱོབ་ཐུབ་པའི་ནུས་པ་ཆ་ཚང་ཡོད་པ་ནི་གློག་གི་ཕན་ཡོན་ཡིན།
    རླབས་ཆེན་ཕན་བདེ་སྟེར་བའི་ཆུ་གློག་གིས། །སེམས་ཡོད་སེམས་མེད་ཀུན་ལ་སྲོག་སྐྱོབ་ཀྱི། །
    མ་ཚང་མེད་པའི་ནུས་པ་ཀུན་ལྡན་པའི། །ཕྱོགས་རིས་མེད་པའི་གློག་འདི་ཨེ་མ་མཚར། །
    ད་དུང་གློག་གི་ཕན་ཡོན་ནི་རང་རིགས་ཀྱི་ནང་ཆོས་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཀྱང་མཐོང་ངོ༌།། མི་ལ་ཕན་ཡོན་བྱེད་པ་ནི་ནང་ཆོས་ཀྱི་སྙིང་པོ་ཡིན་པ་བཞིན་གློག་གིས་ཀྱང་ཕན་ཡོན་གྲངས་མེད་ཅིག་སྟེར་ཐུབ་བོ།། མི་ཡུལ་ཙམ་མ་ཚད་ཟླ་བའི་གྲོང་ཁྱེར་སོགས་ལ་འགྲོ་ཐུབ་པ་ནི་གློག་གི་ཕན་ཡོན་ཁོ་ན་ལ་བརྟེན་ནས་བྱུང་ལགས་སོ།། །།

ཞན་ཆ།

    ཐག་(ཐོག)མར། ཕན་ཡོན་གྱི་སྐར་(སྐོར)ཡིན། གོང་(ྋགོང)ས། ཐུགས་རྗེས་(རྗེའི)བཀའ་དྲིན། བརྗོད་གཞི་རྩལ་(སྩལ)དོན་ལྟར། དཔེ་(དཔེར)ན། ཕྱོགས་གང་སར་(ས)ནས། སྐད་ཆ་ཤིག་(ཞིག) རང་ཉིད་འཕྲོ་(འགྲོ)དགོས་པ། དཀའ་བསྔལ་(ངལ) ཐོང་(མཐོང)མ་ཐུབ་པའི། གཟུགས་མཐོང་གློག་ཕྲིས(འཕྲིན) མིག་མཐོང་ལག་གསལ་(ལག་ཟིན) སྤྱི་(སྤྱིར)འཛམ་བུ་གླིང་འདི་ཡི། ཕྱོགས་རེ(རིས) རང་རིགས་ཡི(ཀྱི) ནང་ཆོས་ཀྱི་སྙིང་པོ་ཡི་(ཡིན)བཞིན། མ་ཚོད་(ཚད) གདེང་(གདེངས)ཀར། སྒོ་ཕྱུག(ཕྱུགས)གྲང་(གྲངས)མེད་ཞིག(ཅིག)

གློག་གི་ཕན་ཡོན།

བསྟན་འཛིན་ཆོས་རྒྱལ། མ་སུ་རི་བོད་ཁྱིམ། (ཨང་གསུམ་པ)

༄༅། །ཡངས་པའི་ས་འཛིན་སྟེང་དུ་མིའི་སྤྱི་ཚོགས་ལ་འགྱུར་བ་རིམ་བྱུང་གིས་མིའི་རྣམ་དཔྱོད་དང་ཤེས་རབ་ཀྱང་གོང་འཕེལ་གྱི་རྩལ་ནུས་ལས་ཐོན་པའི་ཉིན་རེའི་འཚོ་བའི་སྟེང་རང་ཉིད་ལ་ཕན་ནུས་ཆེན་པོ་ཡོད་པའི་འཕྲུལ་ཆས་དང༌། ཡ་མཚན་གྱི་དངོས་པོ་འདྲ་མིན་ཐོན་དང་ཐོན་བཞིན་པ་ངེད་ཅག་གོ་ལ་འདིའི་སྟེང་འཚོ་བའི་སྐྱེ་འགྲོ་ཀུན་གྱི་མིག་མཐོང་དངོས་ཡོད་ཡིན་པ་སྨོས་ཅི། འོན་ཀྱང་ཁོ་བོའི་བློ་ངོར་འཆར་བའི་ནང་གློག་ཅེས་པ་འདི་ཧ་ཅང་གི་ངོ་མཚར་ཆེ་ཞིང་རང་རེའི་སྤྱི་ཚོགས་གང་འདྲ་ཞིག་དང་ཐ་ན། ཁྱིམ་ཚང་ཁེར་རྐྱང་ཞིག་ལའང་དགོས་གལ་ཆེ་ལ་ཕན་ནུས་ཤིན་ཏུ་ཆེ་བ་ཞིག་མཐོང་གི་འདུག དེའང་ནོར་འཛིན་སྒེག་མོའི་སྟེང་ཡུལ་གྲུ་ཀུན་ཏུ་བེད་སྤྱོད་པའི་གློག་འདིར་ཁོ་བོས་ཕན་ནུས་རྣམ་པ་གསུམ་ནས་ཞུ་རྒྱུ་ཡིན།
    གཟིགས་དང༌། ཡར་ཐོན་རྒྱལ་ཁབ་ཀྱི་ཡུལ་གྲུ་ཀུན་ལ་གློག་འདིས་མཚན་མོའི་ཡུལ་ལྗོངས་གསར་པ་ཞིག་སྦྱིན་ནས་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་གློག་འོད་ཀྱིས་མུན་པ་གསལ་ནས་ཁྲ་ལྷ་མེར་མངོན་ཞིང་སྤྲོ་སྐྱིད་ཀྱི་རྣམ་པ་གསར་པ་ཞིག་སྦྱིན་པ་དང༌། དེ་དག་ནང་འཚོ་བའི་ཡུལ་མི་ཀུན་ནས་ཀྱང་མཚན་མོར་གཟུགས་མཐོང་བརྙན་འཕྲིན་དང༌། རླུང་འཕྲིན་བཅས་ལས་ཡུལ་གྲུ་ཁག་གི་སྐྱིད་སྡུག་གི་གསར་འགྱུར་དང༌། རྒྱལ་སྤྱིའི་རྩེད་འགྲན་སྣ་ཚོགས། ས་ཁམས་དང་རང་བྱུང་ཁམས་ཀྱི་ཤེས་བྱ། མདོར་ན་སེམས་ཅན་འདྲ་མིན་བཅས་ཚང་མ་གསལ་ལྷང་ངེར་མངོན་པ་ནི་གློག་གི་ཕན་ཡོན་དང༌།
    དེང་དུས་སྤྱི་ཚོགས་ནང་ཆེས་སྙན་གྲགས་དང་ཆེས་དགའ་མོས་དང་ཡ་མཚན་དངོས་པོའམ་འཕྲུལ་ཆས། ཀམ་པུ་ཊར་དང༌། གློག་ཆས་རོལ་རྩེད། འགྲིམ་འགྲུལ་མེ་འཁོར་ཡག་ཤོས་སོགས་གློག་གིས་ཕན་ཡོན་ལས་བྱུང༌། དེ་བཞིན་ཆེས་ཛ་དྲག་ཅིག་ལ་བརྗོད་ནའང་དམག་ས་ཞིག་ལ་རྒྱལ་ཁབ་གཉིས་ཕན་ཚུན་དྲག་པོའི་དམག་འཐབ་བྱེད་པའི་སྐབས་ཁ་པར་བརྒྱུད་ཕན་ཚུན་གླེང་མོལ་དང་གསང་གཏམ་ཤོད་རེས། ལ་ལ་ཕྱོགས་གཞན་ཞིག་ལ་སྤྱི་ཚོགས་ནང་ཁྲིམས་འགལ་དང་མི་གསོད་འཕྲོག་བཅོམ་གྱིས་ནག་ཆེན་བཙོན་པ་རྣམས་ལའང་ཁྲིམས་ཆད་སྡུག་ཤོས་གློག་གིས་གཏོང་གི་ཡོད་པ་དང༌། བཙོན་ཁང་གི་གྱང་གོག་ཡོངས་སུ་རྫོགས་པའང་གློག་གི་ལྕགས་སྐུད་བཏང་བ་སོགས་བྲོས་ནས་མི་ཐར་བའི་འགོག་རྐྱེན་དེའང་གློག་ནུས་ལས་བྱུང་བ་ཡིན།
    གཟིགས་དང༌། ནད་ཀྱིས་མནར་ནས་འཆི་བར་ཉེ་བའི་ནད་པ་ཚོ་བཤགས་བཅོས་ཁང་ནང་གློག་འོད་ཀྱི་ནུས་པ་ལས་སྟབས་བདེའི་བཤགས་བཅོས་དང༌། གློག་པར་ལས་ལུས་ནང་གི་ནད་ཅི་ཡིན་པ་ཤེས་རྟོགས་ནུས་པ་ལྡན་པ་ནི་གློག་ལས་བྱུང༌། ཁོ་བོར་མཚོན་ནའང་ཆེས་རྒྱང་རིང་གི་མཐོ་སྒང་གི་ལྟེ་བ་རུ་གནས་པའི་ཡབ་ཡུམ་གཉིས་དྲན་གདུང་གི་མིག་ཆུ་ཆལ་ཆིལ་དུ་ལྷུང་ནས་སྐྱོ་གདུང་གི་རྨ་ཁ་ཆེན་པོ་ཞིག་ཡོད་ནའང༌། ཁོ་བོའི་གནས་སྟངས་བདེ་ཐང་གི་གནས་ཚུལ་ཁ་པར་བརྒྱུད་སྐད་ཆ་བཤད་ཚེ་ཁོ་གཉིས་བློ་ངོ་བདེ་བའི་གནས་ལ་གྱུར་ནས་ཁོ་བོའི་སྐད་སྒྲ་ཐོས་པའི་དགའ་ཚོར་ཧ་ཅང་གི་ཆེ་བའི་དྲིན་ཆེན་གློག་ཡིན། གང་ལྟར། གློག་ནི། ལོང་བར་མིག་སྦྱིན་པ་ལྟར་བཀའ་དྲིན་ཧ་ཅང་ཆེ་ལ་ང་ཚོའི་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་རྒྱུུ་གཙོ་བོ་ཞིག་ཡིན་པ་དང༌། ཆེས་མུ་མཐའ་མེད་པའི་འཇིག་རྟེན་སྟེང་གནས་པའི་ཡུལ་གྲུ་ཀུན་གྱི་བླ་སྲོག་ཡིན་པར་ངོས་འཛིན་ཞུས་ནའང་ཆོག
    རེད་ཨང༌། ཆེས་མཐོ་ས་ཞིག་ནས་བརྗོད་ནའང་རྒྱལ་ཁབ་སུ་འདྲ་ཞིག་གི་ནང་གློག་གི་མཐུན་རྐྱེན་འཛོམས་ཚེ་རྒྱལ་ཁབ་དེའི་སྟོབས་ཤུགས་དང༌། རྒྱལ་ཁབ་དེ་ཡར་རྒྱས་གོང་མཐོར་མངོན་པ་ནི་མངོན་གསལ་ལྟར་རེད། མདོར་ན་གློག་ནི་ཕན་ཡོན་རྒྱ་མཚོ་ལས་ཆེས་ཆེར་རྒྱས་ནའང༌། བློ་ཆུང་ངའི་མཐོང་རྒྱ་ཐོས་རྒྱ་དང་དུས་ཚོད་བཅས་ཚང་མའི་ཐོག་ནས་ཞུ་རྒྱུ་དེ་ཙམ་ལགས།

    གཞུང་ལུགས་འདབ་བརྒྱར་རོལ་པའི་ཚོགས་དབུས་སུ། །གློག་ཁྱེད་ཀུན་ཕན་སྒྲོན་མེ་ཡིན། །
    གློག་གི་བཀའ་དྲིན་མཐའ་ཡས་པས། །འཇིག་རྟེན་སྐྱེ་འགྲོའི་བླ་སྲོག་འདྲ། །

    བཅས་མཐའ་དོན་ྋགོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་མགྱོགས་མྱུར་བདེན་མཐའ་གསལ་བར་སྨོན། བོད་རྒྱལ་ལོ།། །།

ཞན་ཆ།
    ཕན་ནུས་ཆེམ་(ཆེན)་པོ། རྨོས་(སྨོས)ཅི། གློག་ཞེས་(ཅེས)པ། མཐའ་་(ཐ)ན། ཁྱེར་ཀྱང༌(ཁེར་རྐྱང) བཞུ་(ཞུ)རྒྱུ་ཡིན། ཡར་མཐོན་(ཐོན)རྒྱལ་ཁབ་ཀྱིས་(ཀྱི) བསལ་(གསལ)ལྷང་ངེར། ཆེ་(ཆེས)སྙན་གྲགས་དང༌། ཆེད་འགའ་(ཆེས་དགའ)མོས། བསང་(གསང)གཏམ། མི་རྒྱུ་གསོད་འཕྲོག་(མི་གསོད་འཕྲོག་བཅོམ)  ངོས་འཛིན་བཞུས་ནའང་མཆོག་(ཞུས་ནའང་ཆོག) གློག་གི་མཐོན་སྐྱེས་འཛོམས་(གློག་གི་མཐུན་རྐྱེན་འཛོམས) མངོན་བསལ་(གསལ)ལྟར་རེད། འདབ་རྒྱར་(བརྒྱར)རོལ། གོ་ལ་དེའི་(འདིའི) བདེ་སྤྱོད(བེད) ཕྱོགས་མཚན་(མཚམས) དྲག་ཞིག(ཅིག) གོང་མཐོ་(མཐོར)

མདུན་ཤོག