(དེབ་སྔོན་མའི་འཕྲོ)

གཅན་མུ་ཏིག་གིས་བསྒྱུར།

དྲུག་པ། འཚོ་བའི་ཁྲོད་ནས་མཐོང་རྒྱ་བསྐྱེད།

     བྱིས་པ་གསོ་སྐྱོང་བྱེད་དུས། ཕ་མ་གཉིས་ཀྱིས་བྱིས་པར་ཨུ་ཚུགས་ངང་སློབ་དེབ་ཁོ་ནའི་སྟེང་གི་ཤེས་བྱ་སློབ་ཏུ་འཇུག་པའམ། ཡང་ན། “རྣ་བའི་སྒོ་གླགས་ཡོངས་བསྡམས་ནས། །བློ་རྩེ་གཅིག་གིས་ཆོས་དཔེ་བཀླགས། །”ཞེས་པ་བཞིན་བཙོན་མུན་དུ་བཅུག་པ་ལྟ་བུ་བྱེད་མི་འོས་ཏེ། འདི་ལྟར་གསོ་སྐྱོང་བྱས་པའི་བྱིས་པ་ནི་ ”ཕྱོགས་བཞིའི་འུར་སྒྲ་མཆེད་པའི་ཚེ། །པི་ཝང་བསྣམས་ནས་གདོང་ཕྱེད་འགེབ” ཅེས་པའི་རིགས་དང་དབྱེར་མ་མཆིས་པས་དེ་ནི་ངོ་ཚ་དང། བག་འཁུམས། ཧ་ནེ་ཧོན་ནེེར་ལུས་པའི་དཔེ་ཆ་བ་གླེན་པ་ཡིན་ཕྱིར། བླ་མེད་ཤེས་བྱའི་ཁང་བཟང་དུ་ནམ་ཡང་འཇུག་མི་ནུས། དེའི་ཕྱིར། ཕ་མ་གཉིས་ཀྱིས་བྱིས་པར་སློབ་དེབ་སྟེང་གི་ཤེས་བྱ་སློབ་ཏུ་འཇུག་རྒྱུ་ལས་གཞན། ལྷག་པར་སྤྱི་ཚོགས་ཀྱི་ཉམས་མྱོང་ཁྲོད་ནས་ཡོན་ཏན་ཇེ་ཆེ་དང་མིག་རྒྱ་ཆེས་ཆེར་བསྐྱེད་དགོས། དེ་ནི་བྱིས་པ་ཚོ་ཡུལ་དངོས་འདྲ་མིན་དུ་ཁྲིད་ནས་སྤྱི་ཚོགས་ཀྱི་ལས་འགུལ་གང་མང་ཁྲོད་དུ་ཞུགས་སུ་འཇུག་རྒྱུ་དེ་རེད། འདི་ལྟར་བྱས་ཚེ་ཁོ་ཚོའི་མཐོང་རྒྱ་ཕྱེ་ཐུབ་པ་མ་ཟད། ད་དུང་སྦྱོང་བརྡར་ཐོབ་སྟེ་བྱིས་པའི་ནུས་པ་འདྲ་མིན་བསྐྱེད་སྲིང་བྱེད་ཐུབ།
     ཨ་ཕས་བདག་ལ་སློབ་དེབ་སྟེང་གི་ཤེས་ཡོན་བསླབ་པར་མ་ཟད། ད་དུང་གོ་སྐབས་ཡོད་དགུ་སྤྱད་དེ་བདག་གི་མཐོང་རྒྱ་བསྐྱེད་ཅི་ཐུབ་བྱེད། དཔེར་ན། འཛུགས་སྐྲུན་དངོས་པོ་ཞིག་མཐོང་བའི་ཚེ། ཨ་ཕས་བདག་ལ་དེའི་ནང་དུ་ཅི་ཞིག་ཡོད་པ་དང། གང་དུ་གནས་པ། གནའ་མཁར་གྱི་རིགས་མཐོང་བའི་ཚེ་ཡང་བདག་ལ་གནའ་མཁར་གྱི་ལོ་རྒྱུས་དང། དེ་དང་འབྲེལ་བའི་ངོ་མཚར་གྱི་གཏམ་རྒྱུད་སོགས་མང་པོ་བཤད།
     ཨ་ཕས་སློབ་དེབ་ཁོ་ནར་བརྟེན་པའི་མི་དེ་ནི་མིག་རྒྱ་ཐུང་ཞིང་ཤེས་རྒྱ་དོག་པ་ཞིག་ཏུ་འགྱུར་བ་ལས་ཁེར་ཚུགས་ཐུབ་པའི་དཔྱོད་ལྡན་གྱི་སྐྱེས་བུ་ཞིག་ཏུ་འགྱུར་མི་ཐུབ་ཟེར། དེ་བས། ང་རང་གླེན་རྟགས་ཅན་གྱི་མི་ཞིག་ཏུ་མི་འགྱུར་ཕྱིར། ཁོས་རང་ནུས་ཅི་ལྕོགས་ཀྱིས་ང་རང་སྤྱི་ཚོགས་ཀྱི་ལས་འགུལ་འདྲ་མིན་ནང་ཞུགས་སུ་འཇུག་པ་དང། ཐ་ན་ཁོ་རང་སྲང་མྱུལ་བྱེད་དུས་ཀྱང་ང་རང་ཁྲིད་ནས་འགྲོ། དེའི་ཕྱིར། རང་ལོ་གཉིས་ཀྱི་རྗེས་སུ་ཨ་ཕ་གྲོགས་པོར་འཚམས་འདྲི་དང་དངོས་པོ་ཉོ་སྒྲུབ་བྱེད་དུ་འགྲོ་བའམ། ཡང་ན། རོལ་དབྱངས་སྤྲོ་ཚོགས་སུ་ཞུགས་པ་དང་ཟློས་གར་ལ་བལྟ་རུ་འགྲོ་བ་སོགས་ཅི་ཞིག་བྱེད་པའམ་གང་ཞིག་ལ་འགྲོ་དུས་རྟག་ཏུ་བདག་ཀྱང་ཁྲིད་དེ་ཆུང་དུས་ནས་ཐོབ་དང་གོ་ས་མི་འདྲ་བའི་མི་རྣམས་ལ་འབྲེལ་བ་དང་གླེང་མོལ་བྱེད་དུ་འཇུག  འདི་ལྟར་བསྒྲུབས་པའི་འབྲས་བུ་ནི་བདག་ལ་ཁྱད་དུ་འཕགས་པའི་འབྲེལ་འཛུགས་ཀྱི་ནུས་པ་ཞིག་ཡོད་པ་དེ་རེད། དེ་བས་ཆུང་དུས་ནས་ད་བར་དུ་ང་རང་ཆ་མེད་ལ་བག་མི་ཚ་ཞིང་འདུ་ཚོགས་ལ་མི་འཇིགས་པ་ཞིག་ཏུ་གྱུར། མི་ཚོགས་འདུས་པ་ཇི་ལྟར་རྒྱ་ཆེ་ན་ངས་དེ་ལས་ཀྱང་འབུར་དུ་ཐོན་པར་བྱས། འདིས་ང་རང་ལ་མཚན་སྙན་བསྐྲུན་རྗེས། ཡུལ་ངོས་ཅི་འདྲ་ཞིག་ལ་ཞུགས་ཀྱང་རུང། འབྲེལ་ཟམ་འཛུགས་པའི་རྣམ་འགྱུར་དེར་ཐ་ན་རྒྱལ་པོ་དང་སྐུ་དྲག  སྲིད་བློན་སོགས་བློ་ཡིད་ཚིམ་པར་མ་ཟད། དེ་དག་ལ་བག་ཆགས་ཀྱང་རྨད་དུ་བྱུང་བ་ཞིག་བཞག འདི་དག་ནི་སྐབས་དེར་ཨ་ཕས་བདག་ལ་སྦྱོང་བརྡར་ལེགས་པོ་སྤྲད་པའི་འབྲས་བཟང་རེད།
     ང་རིག་པའི་གནས་ལ་མཁྱེན་དཔྱོད་ཡངས་པའི་སྐྱེས་བུ་འགར་ཐུག་མྱོང་། འོན་ཏེ་མྱོང་བས་དབེན་ཕྱིར་འདི་ལྟ་བུའི་གནས་ཡུལ་དུ་ཞུགས་ཚེ་ཁོ་ཚོ་བག་འཁུམས་ཤིང་བསམ་བློ་བློང་བློང་པོར་གྱུར་པས་དངོས་ནས་མི་འོས་པ་ཞིག་རེད།  མི་དང་ཐུག་འཕྲད་བྱེད་པ་ཕུད།  ད་དུང་དངོས་པོར་ཡང་བལྟ་དགོས། གལ་ཏེ་ཁོམ་ལོང་རེ་བྱུང་ཚེ་ཨ་ཕས་ང་རང་ཁྲིད་དེ་འགྲེམས་སྟོན་ཁང་དང། མཛེས་རྩལ་ར་བ། རི་དྭགས་ཁང། སྐྱེ་དངོས་ལྡུམ་རྭ། བཟོ་གྲྭ  གཏེར་རི། སྨན་ཁང་སོགས་སུ་གཟིགས་སྐོར་བྱས་ཏེ་བདག་གི་མཐོང་རྒྱ་དང་ཤེས་རྒྱ་བསྐྱེད་ཀྱིན་ཡོད། གཟིགས་སྐོར་དུ་མ་ཕྱིན་པའི་ཡར་སྔོན་དུ། ཨ་ཕས་བདག་ལ་ཐོག་མར་འབྲེལ་ཡོད་ཀྱི་བརྩམས་ཆོས་གང་མང་ལྟ་ཀློག་བྱེད་དུ་འཇུག་པ་དང། འདི་ལྟར་རྒྱུས་མངའ་རགས་རིམ་ལོན་རྗེས་ཡུལ་དངོས་སུ་བསྐྱོད་དེ་དངོས་ཡོད་དང་འབྲེལ་བའི་བརྡ་འཕྲིན་དང་ཤེས་བྱ་འབེལ་པོ་ཞིག་ཚོར་ཤེས་དང་ཐད་ཀར་འབྲེལ་ཏེ་རང་རྒྱུད་ལ་འཇུག་བཞིན་ཡོད། དུས་སྐབས་འདིར་བདག་གི་ཀླད་པའི་འཁོར་སྐྱོད་དེ་ལྷག་ཏུ་མྱུར་ཞིང་སེམས་རྒྱུད་དུ་འདྲི་གཅོད་མཐིལ་བརྟོལ་བྱ་བའི་དོགས་འདྲིས་ཁེངས་ཡོད། ཟམ་མི་ཆད་པའི་བདག་གི་དྲི་བའི་མདུན་དུ་ཨ་ཕས་རང་ནུས་ཡོད་དགུ་རྩལ་དུ་སྤྲུགས་ནས་བདག་ལ་ལན་འདེབས་དང་གསལ་བཤད་གནང། ཁོས་བཤད་པའི་སྐད་ཆ་ཕྱི་གསལ་ནང་གསལ་དང་རྟོགས་སླ་ཡང་ཉི་མ་འཁྱོལ་ཐབས་ཙམ་གཏན་ནས་མིན། རྒྱུ་མཚན་ནི་ཁོས་འདི་ལྟར་ཡོན་ཏན་བསླབ་པ་ནི་ཆེས་བག་ལྷོད་དང་དེའི་ཕན་འབྲས་རྟོགས་པས་ཡིན།
     གཟིགས་སྐོར་ནི་ད་དུང་སློབ་གསོ་འདིའི་རིགས་ཀྱི་ཆ་ཤས་ཙམ་སྟེ། རྣམ་ཀུན་གཟིགས་སྐོར་ནས་ཕྱིར་ལོག་རྗེས་ཨ་ཕས་བདག་ལ་རང་གི་མཐོང་ཐོས་ཡོད་དགུ་ཡི་གེར་ཕབ་སྟེ་ཞིབ་འབྲི་བྱེད་པའམ། ཡང་ན་བདག་གི་ཨ་མར་སྙན་ཞུ་བྱེད་དུ་འཇུག་གིན་ཡོད། སྦྱོང་ཚན་འདི་ལེགས་པར་འགྲུབ་ཕྱིར་གཟིགས་སྐོར་ཁྲོད་བདག་ལ་ལྟ་ཞིབ་ནན་མོ་དང། གཟབ་ནན་ངང་སྣེ་ཤན་པའམ། ཨ་ཕའི་འགྲེལ་བརྗོད་བཅས་ལ་ཉན་དུ་འཇུག  འདི་ལྟར་འོང་ཚེ་གྲུབ་འབྲས་ལྷག་ཏུ་བཟང་བར་མ་ཟད། བདག་གིས་ཀྱང་གནས་ཚུལ་གང་མང་ཞིག་ཡིད་ལ་བཅུག་འདུག
     ཨ་ཕས་བདག་ལ་ང་རང་ལོ་ན་གསུམ་གྱི་རྗེས་སུ་ཁོ་རང་ཧྭ་ལེ་ས་ཁུལ་ཁོ་ནར་སྐོར་འཆམ་བྱས་ཏེ་མི་སྡོད་པར་ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་བའི་མགོ་ཚུགས་ཟེར། རང་ལོ་ལྔར་ལོན་དུས། ང་རང་ཨ་ཕ་དང་ལྷན་དུ་འཇར་མན་གྱི་གྲོང་ཁྱེར་གཙོ་ཁག་ཀུན་ལ་ཕལ་ཆེར་ཕྱིན་ཚར་བ་དང། རྒྱལ་ཁམས་བསྐོར་བའི་རིང་ལ་ང་ཚོ་མཐོན་པོའི་རི་ལ་འཛེགས་ཤིང་མཛེས་པའི་ཡུལ་ལ་སོང། ད་དུང་གནའ་ཤུལ་བཙལ་ཞིང་ཕིན་ཏའོ་གོའི་གཡུལ་རར་བསྐྱོད། དེ་མིན་བགྲང་གིས་མི་ལང་བའི་མཁར་རྫོང་དང་། ཕོ་བྲང། སྐྱེད་མོས་ཚལ། ཆོས་ཁང་བཅས་ལ་གཟིགས་སྐོར་བྱས། ཕྱིར་མགྲོན་ཁང་དུ་ལོག་དུས་ཁོང་གིས་ངའི་མཐོང་ཐོས་མྱོང་གསུམ་ཐམས་ཅད་ཡིག་ཐོག་ནས་བདག་གི་ཨ་མ་དང་ངོ་ཤེས་པའི་མི་ལ་བཤད་དུ་བཅུག  ཕྱིར་རང་ཁྱིམ་དུ་ལོག་དུས་ཁོས་ད་དུང་ལམ་བར་གྱི་མཐོང་ཐོས་དང་མྱོང་བ་དངོས་རྣམས་གཉེན་ཉེ་དུ་རྣམས་ལ་བརྗོད་དུ་འཇུག
     ལོ་ན་དྲུག་ཡིན་དུས། ལཱོ་ཧྭག་ཉེ་འཁོར་དུ་མཐོང་རྒྱ་ཡངས་ལ་ཤེས་རྒྱ་ཆེ་བའི་བྱིས་པ་ཞིག་ཏུ་གྱུར་ལ། ངའི་ཤེས་རྒྱ་དེ་ཐ་ན་མི་དར་མ་མང་པོ་ལས་བརྒལ་ཡོད། མི་རྣམས་ས་ཁམས་དང་ལོ་རྒྱུས་ཕྱོགས་སུ་མཚར་སྣང་སྐྱེ་ཚེ་གམ་དུ་བཅར་ནས་འདྲི་བའམ། ཡང་ན་སྤྲོ་སྣང་ལྡན་པའི་གཞན་ཕྱོགས་ཀྱི་དོན་དག་ལ་རྣ་བ་བླགས་ཕྱིར་ཚུར་འབོད་མཁན་ཡང་ཡོད། ཕྱིས་སུ་རྒྱལ་ཁམས་བསྐོར་བའི་མཐོང་ཐོས་མྱོང་གསུམ་རྣམས་ཆད་ལུས་མེད་པར་བཀོད་པའི་དེབ་ཅིག་ལེགས་བསྒྲིགས་བྱས་པས་སྐྱེ་བོ་ཀུན་གྱིས་སྤྲོ་དགའི་ངང་ལྟ་ཀློག་བྱེད་ཀྱིན་འདུག
     སྔོན་ཆད་མི་རེ་འགས་ཨ་ཕའི་བྱེད་ཐབས་འདི་ལ་ནོར་འཁྲུལ་ཡོད་པར་འདོད། ཐ་ན་མི་ཞིག་གིས་ངའི་ཕ་མ་གཉིས་ཀར་འདི་ལྟར་སྒོར་མོ་ཡོད་ཚད་ཆུད་ཟོས་སུ་གཏོང་བ་ལས། དཔེ་ཆ་འགའ་ཉོས་ཚེ་ཕན་ཐོགས་དེ་བས་ཆེ་རྒྱུ་རེད་ཅེས་སྐྱོན་བརྗོད་བྱས། ད་དུང་གཞན་ཞིག་གིས་ཨ་ཕར་ཁྱོད་ནི་ཆོས་དགེ་དབུལ་པོ་ཞིག་སྟེ། རྒྱལ་ཁམས་བསྐོར་བའི་འགྲོ་གྲོན་ཕོན་ཆེ་རྣམས་ཕོགས་དངུལ་ཕྲན་བུ་དེས་འདང་ངམ། ཁྱིམ་མིའི་འགྲོ་སོང་ལ་དམིགས་ནས་མགྲོན་ཁང་ཆེས་ཐ་ཤལ་དུ་འདུག་དགོས་པས། འདི་ལྟ་བུའི་ཆ་རྐྱེན་ཁྲོད་ནས་བྱིས་པར་ཕན་འབྲས་ཆེན་པོ་ཞིག་ཐོབ་ཐུབ་བམ་ཟེར། ཨ་ཕས་འདི་དག་ལ་ཁ་ཡ་ཙམ་ཡང་མ་བྱས། རྗེས་སུ་བདག་ལ་ཕུན་སུམ་ཚོགས་པའི་ཤེས་བྱ་མང་པོ་འབྱོར་ཡོད་པ་ལག་ལེན་གྱིས་བདེན་དཔང་བྱས་བྱུང། ཨ་ཕས་སྔ་ཕྱི་ཀུན་ཏུ་ཁོས་འདི་ལྟར་བསྒྲུབས་པ་ནི་རིན་ཐང་ཅན་ཞིག་ཏུ་བརྩིས་ཏེ་ནོངས་འགྱོད་ཕྲན་ཙམ་ཡང་མ་སྐྱེས།
     གལ་ཏེ་བདག་གི་ཤེས་སྟོབས་ཀྱི་མོས་པ་དང་དཔྱོད་ཤེས་ཀྱི་འདུན་པ་བསྐོང་ནུས་ཚེ། ཨ་ཕས་ལུས་ཀྱི་དཀའ་སྡུག་དང་དངུལ་གྱི་འགྲོ་གྲོན་བཅས་ལ་སེར་སྣ་ཏིལ་ཙམ་ཡང་མི་བྱེད། བདག་གིས་སྒྱུ་མའི་འཕྲུལ་གྱི་གསང་བ་བརྟོལ་ཕྱིར། སྔོན་ཁོས་དངུལ་གྲོན་ལ་མ་ལྟོས་པར་སྒྱུ་མ་མཁན་གདན་ཞུ་བྱས་ཏེ་སྒྱུ་མ་བསླབས་ཤིང། འདི་ལྟའི་གནས་ཚུལ་བརྗོད་ཀྱིས་མི་ལངས། ང་རང་ནང་ལོགས་སྐམ་སའི་ཁུལ་དུ་སྐྱེས་ཀྱང་དཔེ་ཆའི་ཁྲོད་མཚོ་དང་རྒྱ་མཚོ་འབྲི་བཞེངས་བྱས་པ་དེར་ལྟ་རྒྱུ་རྣམ་ཀུན་དུ་མོས། ང་རང་འདི་རིགས་ཀྱི་དཔེ་ཆར་ཤིན་ཏུ་དགའ་བས། མད་ཀྲིག་ལོན་དང་གིག་ལོན་པུའུ་སོགས་མཚོ་སྐྱོད་མཁན་པོའི་རྣམ་ཐར་དང་<<མ་ཁུ་པོ་ལོའི་ཡུལ་སྐོར་ཟིན་ཐོ>>་སོགས་དཔེ་ཆ་འདི་དག་བཀླགས་རྗེས་ངས་རྒྱ་མཚོ་མཐོང་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར། དེ་བས་ཨ་ཕས་ང་རང་ཁྲིད་དེ་ས་དབུས་རྒྱ་མཚོར་ལྟ་སྐོར་ལ་ཕྱིན། ཆེས་ཐོག་མར་རྒྱ་མཚོ་མཐོང་བས་ང་རང་སྤྲོ་བས་བརྟས་སོང། ང་ཚོས་ངེ་དུ་ཉ་ཕྱིས་དང་མཚོ་རྩྭ། མཚོ་གདུགས། མཚོ་འབྲུ་སྐར་མ་སོགས་སྒྲུམ། ཨ་ཕས་མཚོ་ལས་ཐོན་པའི་དངོས་རྫས་དང། མཚོ་མཐིལ་གྱི་སྐྱེ་དངོས་འདྲ་མིན་གྱི་ཤེས་བྱ་འདྲ་མིན་བརྗོད་པས་ང་རང་ངོ་མཚར་ཆེ་བའི་མཚོ་མཐིལ་གྱི་འཇིག་རྟེན་ལ་ཡིད་སྨོན་ཤོར།  དེ་མིན་བྱེ་ཁུག་ཏུ་རི་བརྩིགས་པ་དང། ཡུར་བུ་བཟོ་བ།  མཁར་བརྩིག་པ། འགག་བཟོ་བ། གླིང་བཀོད་པ་ལ་སོགས་བྱས་ཏེ་རྩེད་འཇོ་སྣ་ཚོགས་ལ་རོལ།
     བྱིས་པར་ས་ཁམས་ཀྱི་འདུ་ཤེས་བསྐྲུན་པར་མཚོ་འགྲམ་ནི་ཆེས་དགེ་ཕན་ཅན་གྱི་ས་ཆ་ཞིག་རེད། ཨ་ཕས་སའི་གོ་ལའི་དཔེ་རིལ་མཚོ་འགྲམ་ཏུ་ཁྱེར་འོང་སྟེ་ས་དབུས་རྒྱ་མཚོ་གང་དུ་ཡོད་པ་བསྟན། ས་དབུས་རྒྱ་མཚོར་བརྒལ་ཚེ་ཧྥེ་གླིང་དུ་འབྱོར་ཞིང་། ཧྥེ་གླིང་སྐམ་ས་ཆེན་མོའི་གཞོགས་གཉིས་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ནུབ་རྒྱ་མཚོ་ཆེན་མོ་གཉིས་རེད། ཞི་བདེ་རྒྱ་མཚོར་བརྒལ་ཚེ་མ་ཁུ་པོ་ལོ་བཞིན་རྒྱ་ནག་ཏུ་འབྱོར་ཐུབ། ཡང་ནུབ་རྒྱ་མཚོ་ཆེན་མོར་བརྒལ་ཚེ་ཁུ་ལོན་བྷི་ལྟར་མེ་གླིང་ལ་འབྱོར་ངེས། འདི་ལྟར་ང་རང་གོ་ལའི་ཆགས་རིམ་ལ་རིམ་གྱིས་ངེས་ཤེས་སྐྱེས་ཏེ་འཛམ་གླིང་ས་ཁམས་ཚེགས་མེད་དུ་ཤེས་སོང།
     ང་སློབ་གསོས་སྐྱོང་དུས། ཨ་ཕས་མཐའ་གཅིག་ཏུ་ཐོས་པ་བརྒྱ་ལས་མཐོང་བ་གཅིག་ལྷག་ཅེས་པའི་གཏན་ཚིགས་ལ་བློ་བཅོལ། ཨ་ཕས་མྱོང་བ་ལྟར་ན་བམ་པོ་ཁྲི་ཕྲག་བཀླགས་པ་དེ་ལེ་དབར་ཁྲི་ཕྲག་ཏུ་བསྐྱོད་པ་དང་སྡུར་ཐབས་བྲལ། དངོས་ཡོད་འཇིག་རྟེན་ལས་བསླབ་པའི་ཤེས་བྱ་དེ་དཔེ་ཆ་ལས་ལྷག་པར་སྣ་འཛོམས་ལ་སྣེ་མང་གསོན་ཤུགས་ཀྱིས་ཁེངས་འདུག

བདུན། རྩེད་འཇོའི་ཁྲོད་ནས་ནུས་པ་འདྲ་མིན་སྔོག་འདོན་བྱེད་དགོས།

     རྩེད་འཇོ་ལ་དུངས་པ་ནི་བྱིས་པའི་ལྷན་སྐྱེས་ཀྱི་གཤིས་ཀ་རེད། མི་ཚང་མ་སྐྱེ་བ་ནས་ན་སོ་རྒས་པའི་བར་དུ་རྩེད་འཇོར་མོས་ཤིང་རྩེད་འཇོའི་ཁྲོད་ནས་ཡོན་ཏན་སློབ་ཅིང་བདེན་ལུགས་རྟོགས་དགོས། འོན་ཏེ་དེ་ལྟར་སྒྲུབ་ཐུབ་མཁན་ནི་རེ་གཉིས་ཙམ་རེད། བྱིས་པ་གཉོར་མཁན་གྱི་ཕ་མར་ཆ་བཞག་ཚེ་བྱིས་པ་རྩེད་འཇོར་མོས་པའི་ཁྱད་ཆོས་ལ་བརྟེན་ནས་རྩེད་འཇོའི་ཁྲོད་ནས་བྱིས་པར་ལམ་སྟོན་དང། བློ་འབྱེད། ད་དུང་བག་ལ་ཞ་བའི་བྱིས་པའི་ནུས་པ་རྣམས་སྔོག་འདོན་བྱེད་དགོས།
ང་རང་གསོ་སྐྱོང་བྱས་པ་བརྒྱུད། ཨ་ཕས་རྩེད་འཇོ་ནི་བྱིས་པར་མཚོན་ན་སྤྲོ་དགའ་ལས་གཞན། དེ་བས་ཀྱང་གལ་ཆེ་བ་ནི་རིག་སྟོབས་འབྱེད་ཐུབ་པར་རྟོགས་སོང། དེ་བས། ཁོས་རྩེད་འཇོའི་ཁྲོད་ནས་བདག་གི་བློ་ཁ་འགུགས་པར་ཧ་ཅང་གཙིགས་ཆེན་བྱེད།
     བདག་གི་བློ་སེམས་གཅིག་སྒྲིམ།  ལྟ་ཞིབ། ཡིད་འཛིན། འཆར་རྟོག  རང་གཅུན་བཅས་ཀྱི་ནུས་པ་ནི་རྩེད་འཇོའི་ཁྲོད་ནས་བྱུང་བ་དང། རིག་སྟོབས་ནི་རྩེད་འཇོ་འདིའི་རིགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད།
     ང་རང་གསོ་སྐྱོང་བྱས་པའི་མྱོང་བའི་ཁྲོད། ཨ་ཕས་ཤེས་བྱ་དང་རྩེད་འཇོ་གཉིས་འོ་ཆུ་བཞིན་དབྱེར་མེད་དུ་འདྲེས་སུ་བཅུག་སྟེ་བློ་རིག་གོམས་འདྲིས་ཅན་གྱི་བྱ་དངོས་དང། དེ་མིན་གདམས་པ། མིག་མཐོང་ལག་ཟིན་གྱི་ཤེས་བྱ་བཅས་ཀྱི་སྟེང་སྒྲིམ་དུ་འཇུག། རྩེད་འཇོ་འདི་དག་བརྒྱུད། བྱ་དངོས་ལ་ངོས་ཟིན་དང་རྒྱུས་ལོན་བྱེད་པ་ངང་ངམ་ཤུགས་ཀྱིས་ཇེ་ཟབ་ཏུ་བཏང་བ་མ་ཟད། འདི་ཕྱོགས་ཀྱི་ཤེས་བྱ་ཡིད་ལ་འཇགས་སུ་བཅུག
     ཨ་ཕས་ད་དུང་རྩེད་འཇོ་ཁྲོད་ནས་ང་ལ་སྒྲ་ཡང་དག་པ་ཞིག་འབྱིན་པའི་སྦྱོང་བརྡར་བྱས། རྒྱུན་སྤྱོད་ཀྱི་དོན་མཐུན་མིང་ཚིག་དང། ལྡོག་ཚིག་རྣམས་ཁ་ཐོག་ལྕེ་ཐོག་ཏུ་བླངས་ཏེ་ཀློག་ཏུ་བཅུག་པས་བདག་གི་ཚིག་མཛོད་ཀྱང་མགྱོགས་མྱུར་ངང་ཇེ་ཕྱུག་ཏུ་བཏང། སྲོག་ཆགས་ཀྱི་སྐད་ཇི་ལྟར་འབྱིན་པའམ། ཡང་ན་ཁ་དོག་གཅིག་མཚུངས་ཀྱི་དངོས་ཟོག་འཚོལ་བ་དང། དངོས་ལྡོག་གཉིས་ཀྱི་ཚིག་འཚོལ་བ་སོགས་སྐད་ཡིག་སྦྱོང་བརྡར་བྱེད་པའི་རྩེད་མོའི་ཁོངས་སུ་གཏོགས།
     དཔེར་ན། རྩེད་མོ་རིགས་འགའི་ནང་ཨ་ཕས་བདག་ལ་མདུན་ཅོག་སྟེང་ངམ་སྡེར་མའི་ནང་དུ་བཞག་པའི་དངོས་པོར་ཞིབ་ཏུ་ལྟ་རུ་བཅུག་རྗེས། བདག་ལ་མིག་བཙུམ་དུ་འཇུག་པའམ་དངོས་སྒྲིབ་ཡོ་བྱད་ཀྱིས་བསྒྲིབས་ཏེ་ལྐོག་ནས་ཅ་དངོས་ལེན་པའམ་བརྗེ་འཇོག་བྱས་རྗེས། བསྐྱར་དུ་བདག་ལ་ཞིབ་ལྟ་བྱེད་དུ་བཅུག་སྟེ་བླངས་ཟིན་པའམ་བརྗེ་སྤོར་བྱས་པའི་ཅ་དངོས་ངོས་འཛིན་བྱེད་དུ་འཇུག། ཅ་དངོས་གང་ཞིག་མི་སྣང་བའམ་ཅི་ཞིག་འགྱུར་བ་ལ་སོགས་པའི་དྲི་བ་འདྲི། འདི་ལྟ་བུའི་རྩེད་འཇོས་བདག་གི་ལྟ་ཞིབ་དང། ཡིད་འཛིན། བསམ་བློ་བཅས་ཀྱི་ནུས་པ་སྦྱོང་བརྡར་དང་མཐོར་འདེགས་བྱེད་ཐུབ།
     སྐབས་འགར་ཁོས་བདག་ལ་མིག་བཙུམ་དུ་འཇུག་པ་དང། དེ་ནས་ཞིབ་ཏུ་ཁོའི་ཐལ་མོ་རྡེབ་པ་དང། ཅོག་ཙེ་སོགས་རྡུང་བའི་སྒྲར་ཉན་དུ་འཇུག། ཕྱིས་སུ་ཡང་བདག་ལ་རྡེབ་རྡུང་བྱས་པའི་གྲངས་རྩིས་སུ་འཇུག། འདི་འདྲའི་ཐབས་ཤེས་ལ་བརྟེན་ནས་བདག་གི་བློ་རྩེ་གཅིག་སྒྲིམ་དང། ཡིད་འཛིན། ཐོས་འཛིན་བཅས་ཀྱི་ནུས་པ་སྦྱོང་བརྡར་བྱེད།
     ངེད་ཕ་བུ་གཉིས་རིག་སྟོབས་བསྐྱེད་པའི་རྩེད་འཇོ་འདི་དག་རྩེ་དུས། གཙོ་ཆེ་ཤོས་ཁོང་གིས་བདག་གི་བསམ་པའི་སྒོ་དང་བསྟུན་པ་ལས་བྲེལ་འཚུབ་དང་ཧོལ་རྒྱུགས་གཏན་ནས་མི་བྱེད། དེ་ནི་ཁོས་བདག་ལ་དང་ལེན་བྱེད་ཐབས་བྲལ་བའི་བྱ་བ་ཞིག་བྱེད་དུ་བཅུག་ཚེ་ཐོབ་པ་ལས་ཤོར་བ་མང་བ་རྟོགས་པའི་རྐྱེན་ཡིན།
     གལ་ཏེ་བདག་གིས་རྩེད་འཇོ་ཁྲོད་ནས་ནུས་པ་ཁྱད་པར་ཅན་རེ་མངོན་པར་བྱས་ཚེ། ཁོང་གིས་དེ་མ་ཐག་ཏུ་གནད་དོན་ཇེ་དཀའ་རུ་བཏང་སྟེ་ང་རང་མགྱོགས་མྱུར་ངང་ཡར་སྐྱེད་ཡོང་དུ་འཇུག  འོན་ཏེ་དེ་ལས་ལྡོག་ཚེ་ཁོང་ལ་སེམས་འཚབ་མེད་པར་བདག་ལ་ཐུགས་འཁུར་དང་རོགས་རམ། སྤྲོ་སྣང་བསྐྱེད་པ་བཅས་ཀྱི་ལས་ཁོ་ནར་བསམ་ནས་རྒྱལ་ཁའི་སྤྲོ་དབྱངས་ཁྲོད་ནས་བདག་གི་ཡིད་ཆེས་གཏིང་ཟབ་དང་ཡར་རྒྱས་ཀྱི་རྒྱུན་མཐུད་ཀྱིན་ཡོད།
     བདག་གི་རྩེད་འཇོ་རོལ་ཐབས་ཀྱི་ཐད་ལ་ཨ་ཕས་ཐབས་བརྒྱ་ཇུས་སྟོང་གིས་རྟོགས་སླ་གོ་བདེ་དང་རྒྱུས་ལོན་བདེ་བ། ཡང་ན་མིག་མཐོང་ལག་ཟིན་གྱི་བྱ་བ་དང་དངོས་པོ་དག་འདེམས་ཀྱི་ཡོད། ཁོས་གང་ནུས་ཅི་ལྕོགས་ཀྱིས་རྩེད་འཇོ་རོལ་ཐབས་འདི་རྣམས་དངོས་ཡོད་དང་དྲང་ཐད། གསོན་ཉམས་ལྡན་པ་ཞིག་ཏུ་བསྒྱུར་བ་མ་ཟད། ད་དུང་བདག་ལ་ཚོད་ལྟ་ཕྲན་ཚེགས་རེ་བྱེད་དུ་བཅུག་ནས་རང་ཉིད་ལ་དངོས་སུ་གསར་རྟོགས་བྱེད་དུ་འཇུག།
     བྱིས་པའི་རིག་སྒོ་འབྱེད་པའི་རྩེད་འཇོ་ཁྲོད། ཕ་མས་བྱིས་པའི་ཁྱད་ཆོས་དང་དངོས་ཡོད་ཆུ་ཚད་གཉིས་ཟུང་དུ་འབྲེལ་ཏེ། ཕན་འབྲས་ལྡན་པའི་ངང་རྩེད་འཇོ་འདི་དག་གདམ་ག་དང་སྒྲིག་བཟོ་བྱེད་དགོས་སྙམ། རྩེད་འཇོའི་ནང་དོན་དཀའ་མི་ཉན་ལ་སླ་ཡང་མི་ཉན། དེ་མིན་ཚེ་ལྡོག་ཕྱོགས་ཀྱི་བྱེད་ནུས་ཐོན། ང་རང་ལོ་ན་གསུམ་བཞི་ཙམ་གྱི་དུས་སུ་ཨ་ཕས་གཙོ་ཆེ་བ་དངོས་ཡོད་ཀྱི་རྣམ་པ་དང་དངོས་པོ་རྣམས་རྣམ་འགྱུར་དང་འབྲེལ་བའི་བྱེད་ཐབས་སྤྱོད། དེ་ནས་ལོ་ན་བཞི་ལྔ་ཙམ་ལ་སོན་དུས། དཀའ་ཁག་ཇེ་ཆེ་དང་དོན་སྙིང་ཇེ་ཟབ་ཏུ་བཏང། འོན་ཏེ་དེ་དག་བདག་གི་བརྩོན་པ་བརྒྱུད་དེ་འགྲུབ་པ་ཡིན། ཨ་ཕས་མཐོང་དཀོན་པ་དང་ཁྱད་མཚར་བའི་གནད་དོན་རིགས་ཀྱིས་བདག་ལ་དཀའ་ལས་གཏན་ནས་མི་བཟོ།
     ང་དང་མཉམ་དུ་རྩེད་མོ་ག་གེ་མོ་ཞིག་མགོ་འཛུགས་མ་བྱས་པའི་ཡར་སྔོན་དུ། ཐོག་མར་ཨ་ཕས་གོ་བདེ་ལ་གསོན་ཉམས་དོད་པའི་སྐད་ཆས་བདག་ལ་འགྲེལ་བཤད་ཞིབ་ཚགས་རྒྱག་ལ། སྐབས་རེར་དཔེ་སྟོན་དང་དངོས་སྦྱོང་ཡང་བྱེད་པས་རྩེད་མོ་ཚུལ་མཐུན་ངང་རྩེ་བར་རམ་འདེགས་བྱེད།
     ཨ་ཕས་བསམ་པར་བྱིས་པའི་རིག་སྟོབས་དང་སེམས་ཁམས་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད་ལྟ་ཞིབ་ཀྱི་ནུས་པར་དོན་སྙིང་གལ་ཆེན་ལྡན་པར་འདོད་ཅིང་ལྟ་ཞིབ་ཀྱི་ནུས་པའི་བཟང་ངན་གྱིས་ཐད་ཀར་བྱིས་པའི་རིག་སྟོབས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་སྙམ།
     ང་རང་ནར་སོན་པའི་གོ་རིམ་ཁྲོད། ཨ་ཕས་དུས་རྟག་ཏུ་ང་རང་ཁྲིད་དེ་ལས་འགུལ་འདྲ་མིན་ནང་ཞུགས་སུ་བཅུག་སྟེ། བདག་ལ་ཕྱི་རོལ་གྱི་འཇིག་རྟེན་མྱོང་རྟོགས་དང། བདག་གི་ཚོར་རྟོག་གི་མྱོང་བ་ཇེ་ཕྱུག་ཏུ་གཏོང་གི་ཡོད། ཁོང་གིས་བདག་ལ་ལྟ་ཉན་སྨྲ་སྒྲུབ་ཟུང་འབྲེལ་གྱིས་རྩེད་འཇོའི་ལས་འགུལ་དུ་ཞུགས་པར་བསྐུལ་ཅིང་ང་རང་ལ་ལྟ་ཞིབ་ཀྱི་གོམས་གཤིས་བཟང་པོ་འཇགས་སུ་བཅུག། དེ་མིན་ཁོས་རྩེད་མོའི་ཁྲོད་ནས་བདག་གི་སྐད་ཡིག་གི་མཛུབ་སྟོན་ལ་གཟབ་ནན་བྱས་ཏེ་བདག་ལ་སྐད་ཡིག་སྤྱད་དེ་ཚོར་རྟོག་བྱས་པའི་བྱ་དངོས་ལ་དབྱེ་ཞིབ་བྱེད་བཞིན་ཕན་ནུས་ལྡན་པའི་ངང་བདག་གི་ལྟ་ཞིབ་ཀྱི་ནུས་པ་གོང་མཐོ་དང་ཡར་རྒྱས་སུ་འགྲོ་བའི་ལམ་བུ་བསྐྲུན།
     ཨ་ཕ་ང་དང་མཉམ་དུ་རྩེད་འཇོར་རོལ་བ་དང་བསྟུན། སྣ་འཛོམས་སྣེ་མང་གི་དངོས་པོས་བདག་གི་བློ་སེམས་འགུག་སླ་བ་དང། དེ་ལས་དོན་སྙིང་དབེན་པའི་རྩེད་མོས་བདག་གི་བློ་རྩེ་ཉིས་འགལ་དུ་གཏོང་བར་རྟོགས།
     བློ་སེམས་རྩེ་གཅིག་ནི་ཚོར་རྟོགས་དང། ཚོར་ཤེས། ཡིད་འཛིན། བསམ་བློ། འཆར་རྟོག་སོགས་མཉམ་གཅིག་ཏུ་འབྲེལ་བའི་བརྒྱུད་རིམ་གྱི་སེམས་ཁམས་ཁྱད་ཆོས་ཤིག་རེད། བློ་སེམས་རྩེ་གཅིག་དང་ཉིས་འགལ་ནི་བྱིས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཧ་ཅང་ཆེ། གཟབ་ནན་མི་བྱེད་ལ་བློ་རྩེ་མི་གཏོད་པའི་བྱིས་པ་ཞིག་གིས་འབྲས་བུ་རྒྱ་ཆེན་ལེན་པ་ནི་བློ་ངོར་འཆར་ཐབས་བྲལ་བ་ཞིག་རེད་ལ། དེ་ནི་གཏན་ནས་འབྱུང་མི་སྲིད་པ་ཞིག་རེད་ཅེས་བརྗོད་ན་ཆོག། དེ་ཕྱིར་བདག་ལ་མཚོན་ན། ཨ་ཕས་བློ་རྩེ་སྒྲིམ་པའི་ནུས་པ་སྐྱེད་སྲིང་བྱ་བར་དང་དོད་ཆེན་པོ་བྱེད། ཁོས་ནུས་ཤུགས་ཡོད་དགུས་རྩེད་མོ་སྤྲོ་བ་ཅན་དུ་བསྒྱུར་བས་འདིས་ཚགས་མེད་ངང་བདག་གི་བློ་རྩེ་ཡོད་དགུ་གཅིག་ཏུ་སྒྲིམ་དུ་བཅུག།
     རྩེད་འཇོའི་གོ་རིམ་ཁྲོད། ཨ་ཕས་ད་དུང་རང་ནུས་གང་ཡོད་ཀྱིས་བདག་གི་ཡིད་འཛིན་གྱི་ནུས་པ་གསོ། དེ་ནི་ཡིད་འཛིན་གྱི་ནུས་པར་བྱིས་པའི་སེམས་ཁམས་ཡར་རྒྱས་ཀྱི་གོ་རིམ་ཁྲོད་ནུས་པ་གལ་ཆེན་ལྡན་པའི་རྐྱེན་རེད། བྱིས་པ་ཡིད་འཛིན་བརྒྱུད་ནས་འདས་ཟིན་གྱི་མྱོང་བ་ཚོར་རྟོགས་བྱེད་ཅིང་ཀླད་ཆེན་ལ་བག་ཆགས་གཏིང་ཟབ་ཐེབས་པས་དེ་ནས་བཟུང་སེམས་ཁམས་འཕེལ་བར་སྐུལ་འདེད་བྱེད། ཡིད་འཛིན་གྱི་ཁྱད་པར་དེ་གཙོ་ཆེར་ཡིད་འཛིན་གྱི་མྱུར་ཚད་དང། ཡང་དག་རང་བཞིན། རྒྱུན་མཐུད་རང་བཞིན། མྱུར་འཁྱུག་གི་རང་བཞིན་བཅས་ཀྱི་སྟེང་ནས་མངོན། ཡིད་འཛིན་ནུས་པ་དེ་བྱིས་པའི་རང་གཤིས་དང་བརྩེ་དུང། སེམས་འདུན་ལ་སོགས་པར་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན།
     བདག་གི་ཡིད་འཛིན་གྱི་ནུས་པ་གསོ་སྐྱོང་བྱ་ཕྱིར། ཨ་ཕས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ། བྱེད་ཐབས་མང་པོ་ཞིག་རྙེད་པ་མ་ཟད། ཕན་འབྲས་ཀྱང་ཆེན་པོ་བླངས།
     ཨ་ཕས་སེམས་ཞིབ་མོའི་ངང་བདག་ལ་ཕུན་སུམ་ཚོགས་པའི་རྩེད་མོའི་རྒྱུ་འདོན་སྤྲོད་བྱས། ཁོས་དངོས་ཡོད་དང། མངོན་སུམ། གསོན་ཉམས་ཀྱི་རྣམ་པས་བདག་གི་འདས་ཟིན་གྱི་ཚོར་རྟོགས་སད་དུ་འཇུག་པ་དང། ཆགས་མེད་ཀྱི་བསྐྱར་ཟོླས་བྱས་པ་བརྒྱུད། ངའི་ཡིད་འཛིན་དེ་ཧ་ཅང་འཐུས་ཚང་དང་ཡང་དག་པར་འགྱུར་བ་བཅས་གསར་རྟོགས་བྱུང་ཡོད། ཁོང་གིས་དུས་རྒྱུན་སྐད་ཡིག་སྤྱད་དེ་བྱ་སྤྱོད་དང་དངོས་པོ་ཞིབ་འབྲི་བྱེད་བཞིན་བདག་གི་ཡིད་འཛིན་དཀྲོགས་ཀྱིན་ཡོད་ལ་དེ་ནི་བྱིས་པའི་ཀླད་པར་ཉམས་འགྱུར་དང་། སྐད་ཡིག། ཐ་སྙད་རྣམས་འབྲེལ་བ་ཧ་ཅང་དམ་པས་ཡིན།
     བདག་དང་ལྷན་དུ་རྩེད་མོའི་ཁྲོད། ཨ་ཕས་བདག་གི་ལྟ་ཞིབ་དང། བློ་རྩེ་གཅིག་སྒྲིམ། ཡིད་འཛིན་བཅས་ཀྱི་ནུས་པ་གསོ་བར་ཡིད་འཇོག་བྱེད་ལ། དེ་བས་བདག་གི་འཆར་རྟོག་གི་ནུས་པ་དང། གསར་གཏོད་ནུས་པ་གསོ་སྐྱོང་བྱེད་པར་ལྷག་ཏུ་གཟབ་ནན་བྱེད།
     རང་ཉིད་ཀྱི་ཚད་བཀག་ཅན་གྱི་ཤེས་བྱ་དང་འཚོ་བའི་ཉམས་མྱོང་བཅས་ལ་གཞིགས་ཚེ། རང་ཉིད་དགའ་བའི་ཁ་བྱང་དང་བརྗོད་དོན་འདེམས་པ། རང་ཉིད་མོས་པའི་དངོས་པོ་དང་རྒྱུ་ཆ་འདེམས་སྒྲུག་བྱེད་དགོས། བདག་གིས་དཔེ་འཇོག་དེ་རྨང་གཞི་བྱས་རུང། འོན་ཏེ་རང་ཉིད་ཀྱི་འཆར་རྟོག་ནུས་པ་གང་དགར་སྤྱོད་ཆོག་སྟེ། གསར་གཏོད་རང་བཞིན་ལྡན་པའི་ངང་རང་ཉིད་ཀྱི་འཚོ་བ་འཛུགས་སྐྲུན་བྱས་ཆོག།
     རྩེད་འཇོའི་ཁྲོད་དུ་ཨ་ཕས་བདག་ལ་རྒྱ་ཡན་དང། རང་འགུལ། གསོན་ཉམས་ལྡན་པའི་ངང་རང་ཉིད་ཀྱིས་ཚོར་རྟོགས་བྱས་པའི་འཇིག་རྟེན་དེ་ལད་བཟོ་དང་བཟོ་སྐྲུན་བྱེད་དུ་འཇུག ད་དུང་དུས་རྟག་ཏུ་བདག་ལ་གཙོ་དོན་བཟོ་བཞེངས། འཕེལ་རིམ་གོ་སྒྲིག  བྱེད་ནུས་བགོ་འགྲེམས། སྒྲིག་གཞི་གཏན་འབེབས་བྱེད་དུ་འཇུག། ཁོང་གིས་ང་རང་ཉིད་ཀྱིས་བསམ་གཞིགས་དང། ཇུས་འགོད། སྒྲིག་འཛུགས། ལག་བསྟར་བཅས་བྱེད་པའི་རེ་སྐུལ་བྱེད། བརྒྱུད་རིམ་ཧྲིལ་པོའི་ཁྲོད་བདག་གི་གསར་སྐྲུན་དང་ནང་དོན་ཐག་གཅོད་བཅས་ཀྱི་ནུས་པ་སྒོ་ཀུན་ནས་ཡར་རྒྱས་སུ་ཕྱིན། རྩེད་འཇོའི་ཁྲོད་ཨ་ཕ་དང་ངེད་གཉིས་ཞི་མཐུན་མཉམ་གནས་དང། ཕན་ཚུན་སྟབས་བསྟུན། སྐབས་སྐབས་སུ་ཁོས་བདག་དང་མཉམ་དུ་ཐབས་འཐེན་ཞིང་ཇུས་འགོད། འདི་ལྟར་སྟབས་བསྟུན་གྱི་ནུས་པས་ཡར་རྒྱས་ཆེན་པོ་བྱུང་དུ་བཅུག།
     བྱིས་པའི་འཚོ་བའི་ནང། དོན་དག་ཆེས་མང་པོ་ཞིག་གིས་ཁོ་ཚོར་སྤྲོ་བ་བསྐྱེད་དུ་འཇུག་ལ་ལས་འགུལ་གང་མང་ཞིག་ཁོ་ཚོ་ཆེས་དགའ་བའི་རྩེད་མོར་འགྱུར། ཁ་བ་འབབ་དུས་སུ་བྱིས་པ་རྣམས་ཀྱིས་གངས་ཀྱིས་མི་གཟུགས་བསླངས་ཤིང་ཆར་བ་འབབ་དུས་ཁོ་ཚོས་ཡུར་རྐ་འབྲུ་ལ། ད་དུང་ཁོ་ཚོས་བྱེ་འདམ་དང་རྡེའུ་ཡིས་གསང་བའི་མཁར་སོ་བཞེངས།
     ཨ་ཕས་བཤད་ན། ང་རང་ཆུང་དུས་ཆེས་དགའ་བའི་རྩེད་མོ་ནི་ཁང་པ་རྒྱག་རྒྱུ་རེད་ཟེར། རྩེད་འཇོའི་ནང་དུ་ང་རིམ་བཞིན་མདུན་རྒྱབ་དང་། གཡས་གཡོན། སྟེང་འོག དཀྱིལ་དབུས། ལོགས་ཟུར་སོགས་སྟོང་ཆ་ལ་རྒྱུས་ལོན་བྱུང་བ་དང། དེ་ནས་མཐོ་དམའ་དང། རིང་ཐུང། སྦོམ་ཕྲ། ཡང་ལྕི། ཆེ་ཆུང་སོགས་ཀྱི་འདུ་ཤེས་ཀྱང་རིམ་གྱིས་གྲུབ། གོ་རིམ་འདིའི་ཁྲོད་ནས་ངས་འཆར་གཞི་ལྡན་པ་དང་གོ་རིམ་ཚང་བའི་ངང་ཇུས་འགོད་བྱེད་པའང་རྟོགས། ལེགས་གྲུབ་ཀྱི་སྣང་བ་བྱུང་རྗེས། སྤྲོ་བའང་ཚད་མེད་ཅིག་འཕེལ་སོང།
     ཁང་པ་བརྩིགས་པའི་གོ་རིམ་ནང་ངས་ངེས་པར་དུ་ལུས་སེམས་མཉམ་སྤྱོད་བྱེད་ཅིང་འདིས་ཤ་གནད་ལ་སྦྱོང་བརྡར་སྤྲོད་པ་ལས་གཞན། མིག་དང་ལག་གཉིས་ལའང་སྦྱོང་བ་ཐོབ། བདག་གི་ལག་པའི་འགུལ་སྐྱོད་ནུས་པ་ཇེ་ཆེར་འཕེལ་ཏེ་རྐང་ལག་བདེ་ཞིང་རྣམ་རིག་གསལ་ལ་བག་ལ་ཞ་བའི་ནུས་པ་ཡོངས་སུ་འདོན་ཐུབ་སོང། ལག་མ་འགུལ་བའི་ཉེ་སྔོན་དུ་ཀླད་པའི་ནང་ཐོག་མར་སྣང་བརྙན་ཞིག་དགོས་ཏེ། དེ་བས་རྩེད་འཇོ་འདིའི་རིགས་ཀྱི་ནང་དུ་ངས་ཀྱང་སྣང་བརྙན་བསམ་བློའི་ནུས་པ་སྐྱེད་སྲིང་བྱས།
     རྣམ་ཀུན་ང་རང་ཁང་པ་བརྩིགས་པའི་རྩེད་མོ་འདི་རིགས་རྩེ་དུས། ཨ་ཕས་བདག་ལ་རོགས་རམ་མི་དམན་པ་མང་པོ་བྱེད། ངས་ཁང་པ་བརྩིགས་པར་དུས་རྒྱུན་ཁོས་ང་ལ་འཆར་རྟོག་ཕུན་སུམ་ཚོགས་པ་ཞིག་བྱེད་པའི་ལམ་སྟོན་བྱེད་བཞིན་འཆར་རྟོག་བྱས་པ་ཇི་ལྟར་འཐུས་ཚང་ན་དེ་ལྟར་ལེགས་ཟེར། སྐབས་འགར་ཁོས་ད་དུང་དངོས་ཀྱི་འདྲ་དབྱིབས་དང། རི་མོ་བཅས་སྤྱོད་བཞིན་ངའི་ཀླད་པའི་ནང་གི་འཆར་རྟོག་དེ་ཞིབ་ཚགས་སུ་གཏོང་། འདིས་རྩེད་འཇོ་བདེ་ལེགས་ངང་རོལ་བར་ཕན་ཐོགས་པ་མ་ཟད། བདག་གི་བསམ་བློའི་འཆར་རྟོག་ནུས་པ་དེ་བས་ཀྱང་གོང་དུ་སྤེལ་ཐུབ།
     ཨ་ཕས་འབད་འབུངས་བྱས་ཏེ་བདག་གི་ལས་ཀར་ཆ་རྐྱེན་བསྐྲུན་ཅིང། ཁོང་གི་རམ་འདེགས་དེ་རྐྱེན་གྱིས་ངས་དེ་ལས་ལེགས་པའི་ངང་བག་ལ་ཞ་བའི་ནུས་པ་ཕྱིར་འདོན་བྱས། ཨ་ཕས་ད་དུང་བདག་ལ་བཟོ་སྐྲུན་ཆགས་ཚུལ་གྱི་རྨང་གཞིའི་ཤེས་བྱ་དང་རྩ་བའི་ཐབས་ལམ་བཤད་ཀྱིན་ཡོད། པང་ལེབ་ཅི་ལྟར་འདིང་ཚུལ་དང་དེ་དག་ཅི་ལྟར་རྒྱ་སྐྱེད་ཚུལ། ཅི་ལྟར་བྱས་ན་ད་གཟོད་ཚད་མཐུན་གྱི་འབྲས་བུའི་སར་སླེབས་པ་སོགས་བདག་ལ་བརྗོད།
     ཨ་ཕས་བྱིས་པའི་ནུས་པ་སྣ་ཚོགས་ཆུང་དུས་ནས་གསོ་སྐྱོང་བྱེད་འོས་པར་འདོད། མི་ལ་ལའི་བསམ་པར་གསར་གཏོད་ཀྱི་ནུས་པ་ལྟ་བུ་ནི་བྱིས་པ་ནར་སོན་རྗེས་ད་གཟོད་དགོས་པ་ཞིག་ཡིན་པར་འདོད། འདི་ནི་མཐའ་གཅིག་འཆལ་གཏམ་རེད་སྙམ། དོན་དངོས་སུ་བྱིས་པ་ཞིག་རྩེད་མོ་རྩེ་ཤེས་པ་ནས་བཟུང། ཁོ་ལ་གསར་གཏོད་ཀྱི་ནུས་པ་དེ་སླེབས་ཟིན།

བརྒྱད། སློབ་སྦྱོང་གི་ཐབས་ལམ་ཡག་ཤོས་དེ་སྤྲོ་སྣང་ལྡན་པ་ཞིག་ཡིན།

     ངའི་བུ་ཕྲུག་འཇིག་རྟེན་འདིར་སླེབས་མ་ཐག  ངེད་ཁྱོ་ཤུག་གཉིས་ཀྱིས་ཁོ་རང་ཇི་ལྟར་གཉོར་སྐྱོང་བྱེད་པ་དང་སློབ་སྦྱོང་ཇི་ལྟར་སྤྲོད་པའི་འཆར་གཞི་འདིང་པའི་མགོ་བཙུགས། ངའི་རེ་བར་ཨ་ཕས་ང་རང་གསོ་སྐྱོང་བྱས་པའི་ཐབས་ལམ་དེ་སྤྱད་དེ་རང་གི་བུ་ཕྲུག་གཉོར་ན་བསམ། དེ་མིན་ཨ་ཕའི་བསམ་བློ་དར་སྤེལ་བཏང་སྟེ། ཁོང་གི་བསམ་བློས་དེ་ལས་ཀྱང་ངོ་མཚར་བའི་ཕན་འབྲས་བསྐྲུན་ན་སྙམ། བདག་ལ་སློབ་སྦྱོང་གི་ཐབས་ལམ་ཆེས་མང་ཡང། བཙས་མ་ཐག་པའི་བྱིས་པའི་ཐད་ལ་ང་ད་དུང་ཅི་བྱ་གཏོལ་མེད་ཡིན་པར་སྣང། ངས་ཨ་ཕར་ཐབས་ལམ་གང་ཞིག་བྱིས་པར་འོས་ཤིང་འཚམ་པ་རེད་དམ་ཞེས་དྲིས། ཨ་ཕས་བདག་ལ་སྤྲོ་སྣང་ཅན་གྱི་ཐབས་ལམ་ནི་ཆེས་བཟང་བའི་ཐབས་ལམ་རེད་ཟེར། ཕྱི་ཚུལ་ནས་བལྟས་ཚེ། ཨ་ཕའི་ལན་ནི་ཧ་ཅང་སྟབས་བདེ་ཞིག་རེད། ཡིན་ནའང་། སྐད་ཆ་འདིར་དཔག་དཀའ་བའི་རིག་པ་ཞིག་དང་ཕན་སུམ་ཚོགས་པའི་སྙིང་པོ་ཞིག་འདུས་འདུག། ཆེས་རྙོག་འཛིང་ལྡན་ལ་གཏིང་དཔོག་མི་ལོན་པའི་གནས་ལུགས་ཤིག་ཨ་ཕས་ཚིག་དུམ་གཅིག་ཏུ་ཕྱོགས་བསྡུས་བྱས།
     མཁྱེན་རྒྱ་དོག་ཅིང་ཤེས་རྒྱ་ཞན་པའི་མི་མང་པོའི་ཐུན་མོང་གི་ནད་དེ། མི་རེ་འགས་མི་ཚེ་ཐུང་ངུ།   དུས་ཡུན་ཐུང་ངུ་།   སྙིང་རུས་ཚད་ཡོད། མང་སྤངས་ཉུང་བརྩོན་བཅས་ལ་ཁ་གཡར་ཏེ་རང་ཉིད་ཀྱི་ཤེས་རྒྱ་ཁབ་མིག་ཙམ་པོ་འགེབས་ཀྱིན་ཡོད། ངས་བསམ་པར་ཤེས་བྱས་མི་ཞིག་གི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་ཏུ་བསྐྲུན་པ་མ་ཟད། དེ་བས་ད་དུང་ཆེད་ལས་ཞིབ་འཇུག་གཏིང་ཟབ་བྱེད་པ་རོགས་ཕན་ཧ་ཅང་ཆེ། དེ་ཕྱིར་རིན་ཐང་ལྡན་པའི་ཤེས་བྱ་དང་ཕན་ཐོགས་ཅན་གྱི་ཡོན་ཏན་ཡིན་ཚེ་ང་ཚོས་སློབ་སྦྱོང་བྱས་ཏེ་ཁོང་དུ་ཆུབ་པར་བྱེད་དགོས་པ་ལས་གཞན། ད་དུང་བཟང་ཐོག་ལེགས་བརྩེགས་བྱེད་དགོས།
     ང་རང་ཆུང་དུས་སུ་སྐད་རིགས་སློབ་སྦྱོང་བྱེད་པ་གཙོ་བོ་ཡིན་མོད། ཡོན་ཏན་གཞན་གང་མང་ཞིག་ཞོར་ལ་ཁོང་དུ་ཆུད། དེ་དག་ནི་སྐྱེ་དངོས་དང། སྲོག་ཆགས། དངོས་ལུགས། རྫས་འགྱུར། རྩིས་རིག་བཅས་རིག་པ་སོ་སོའི་ཁྱབ་ཁོངས་སུ་སླེབས་ཡོད། ངས་ཨ་ཕའི་སློབ་གསོའི་ཕན་འབྲས་ངོ་མ་གསལ་བཤད་བྱེད་འདོད་པ་ལས་རང་ཉིད་ཀྱི་རྣམ་དཔྱོད་དང་ནུས་པ་ངོམ་སོ་བྱ་འདོད་པ་མིན། ཨ་ཕས་ང་རང་ལོ་ན་གསུམ་བཞི་ནས་བཟུང་ང་ཚོར་གོམས་གཤིས་ཤིག་གྲུབ་སོང་ཟེར། དེ་ནི་དུས་རྒྱུན་ཞོགས་པར་ཁོང་གིས་ང་རང་འཆམ་འཆམ་དུ་ཁྲིད། འགྲོ་ཞོར་དུ་ང་ལ་སྤྲོ་སྣང་ཅན་གྱི་གཏམ་རྒྱུད་གང་མང་བཤད་པ་དང། གཏམ་རྒྱུད་འདི་དག་གི་ཁྲོད་ནས་བདག་ལ་ལོ་རྒྱུས་དང་ས་རྒྱུས་ཀྱི་ཤེས་བྱ་གང་མང་འབྱོར། བདག་གི་ཨ་ཕ་ཤེས་རྒྱ་ཡངས་པས་གཏམ་རྒྱུད་གཅིག་བསྐྱར་ཟློས་ཀྱིས་བཤད་མྱོང་མེད།  སྐབས་ལན་རེར་འཇར་མན་གྱི་ལོ་རྒྱུས་དང། མཚམས་ལན་རེར་རྒྱ་དཀར་ནག་གི་ལྷ་སྒྲུང། སྐབས་སྐབས་སུ་གསོན་ཉམས་དོད་པའི་ངང་བདག་ལ་སི་པ་ཁྲིན་གྱི་མིས་ཐི་ལི་དབྱིའི་གྲོང་ཁྱེར་ལ་རྒོལ་བའི་དམག་འཁྲུག་བཤད་ལ། ཡང་མཚམས་མཚམས་སུ་ཇིང་གུར་རྒྱལ་པོས་མངའ་ཁོངས་རྒྱ་བསྐྱེད་ཚུལ་གྱིི་བརྒྱུད་རིམ་བཅས་བཤད། ང་ཚོ་ནགས་འདབས་སུ་ཕྱིན་ཚེ། ཨ་ཕས་མེ་ཏོག་རེ་ཟུང་ལ་མཛུབ་མོ་བཙུགས་ཏེ་བདག་ལ་དེ་རྣམས་ཀྱི་མིང་འདྲི་བ་དང། ལན་བཏབ་པའི་རྗེས་སུ་ཁོང་གིས་བདག་ལ་མིང་དེ་ཇི་ལྟར་ཐོགས་ཚུལ་དང། ཟེའུ་འབྲུ་གང་དང། འདབ་མ་གང་ཡིན་པ། ད་དུང་དེ་དག་གི་བྱེད་ནུས། དེ་ལ་ཕན་ནུས་ཅི་ཞིག་ཡོད་པ་སོགས་བརྗོད། གལ་ཏེ་འབུ་སྲིན་ཞིག་མཐོང་ཚེ། ཨ་ཕས་ཡང་བདག་ལ་དེའི་འཚོ་བའི་གོམས་གཤིས་དང་ནར་སོན་གྱི་སྒྲིག་གཞི་བཅས་འགྲེལ་བཤད་གནང་ངེས། འདི་ནི་དངོས་ནས་གང་དང་བསྡུར་ནའང་ཕན་འབྲས་ཆེས་ཆེ་བའི་ཐབས་ལམ་ཞིག་དང། ང་རང་སྐྱེ་དངོས་ཁམས་ལ་སྤྲོ་བས་བརྟས་པའང་དུས་དེ་ནས་མགོ་ཚུགས་ཤིང་ཅི་ཞིག་ནི་སློབ་དང་ཅི་ཞིག་ནི་ཚན་པ་ཡིན་པ་རྟོགས། རང་བྱུང་ཁམས་ཆེན་པོ་ནི་འཇིག་རྟེན་སྟེང་གི་དགེ་རྒན་དམ་པ་སྟེ། མི་རྣམས་ཀྱིས་རང་བྱུང་ཁམས་ལས་འཛད་ཐབས་མེད་པའི་ཤེས་ཡོན་སློབ་ཐུབ་ཅིང། འོན་ཏེ་བློ་ཡིད་ཚིམ་པའི་ངང་དགེ་རྒན་འདི་ཚུལ་བཞིན་བསྟེན་ཐུབ་མཁན་གྱི་ཕ་མ་དང་བྱིས་པ་ནི་ཉིན་མོའི་སྐར་མ་ཙམ་རེད། ཅེས་པ་འདི་ནི་ཨ་ཕའི་ཉིན་ཐོའི་ནང་གི་སྐད་ཆ་ཞིག་རེད། དུས་ཚོད་དང་སྙིང་རུས་ཀྱི་མ་འདང་བར་སྙམ་པའི་མི་རྣམས་ཀྱིས་འདི་མཐོང་ཚེ་དེ་ནི་ཁོ་ཚོའི་བསམ་བློའི་སྟེང་གི་ལེ་ལོ་ཞིག་ཡིན་པའི་རྒྱུ་རྐྱེན་ཕལ་ཆེར་ཁོ་ཚོས་རང་ཉིད་རིག་སྟོབས་ཡོངས་སུ་མ་ཕྱེ་བར། སློབ་གསོ་དང་སློབ་སྦྱོང་གི་ཐབས་མཆོག་གཟབ་ནན་ངང་འཚོལ་གྱིན་འདུག།

དགུ། དགའ་སྤྲོའི་ཁྲོད་ནས་སློབ་སྦྱོང་བྱེད་པའི་ཐབས་ལམ།

     བདག་ལ་མཚོན་ན། དཔེ་ཆ་ཀློག་འདོན་བྱེད་པ་ནི་སྤྲོ་སྣང་རིགས་ཤིག་སྟེ། ང་རང་བྱིས་པ་ཡིན་དུས་སམ། དེ་མིན་ན་སོ་ཕྲ་དུས་སོགས་སུ་ནམ་ཡང་རྩེད་མོ་རྩེ་བ་ལྟར་སློབ་སྦྱོང་བྱེད། ད་ལྟ་མི་རྣམས་ཀྱིས་ཀྱང་མ་གྲོས་གཅིག་མཐུན་ངང་ཨ་ཕའི་སློབ་གསོའི་ལྟ་ཚུལ་འདི་ངོས་ལེན་བྱེད་ཀྱིན་འདུག སློབ་སྦྱོང་ནི་སྐྱེ་བོ་ཀུན་གྱིས་དང་ལེན་བྱ་ཐུབ་པའི་དགའ་ཕྱོགས་ཤིག་སྟེ། དེ་ནི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་གཏོང་བྱེད་ཅིག་རེད། དེ་ནི་བྱིས་པའི་ལས་ཀ་མིན་ལ་འགན་འཁྲི་ཡང་མིན། བྱིས་པ་ན་སོ་འཕེལ་བའི་ལོ་ཟླའི་ནང་སློབ་སྦྱོང་གི་དོན་དུ་སུན་སྣང་མི་བཟོ།
     ང་རང་ལོ་ན་ཆུང་དུས། ཨ་ཕས་བདག་ལ་ཐབས་ཤེས་གང་མང་བཙལ་ཏེ་ངའི་སློབ་འབྲས་གཡུར་ཟ་དང་རྩེད་འཇོར་ཚིམ་པར་རོལ་ཏུ་བཅུག  སྐབས་དེར་ངས་བརྩམས་ཆོས་མང་པོ་ཞིག་བཀླགས་པ་མ་ཟད། ཡོན་ཏན་ཡང་མི་དམན་པ་ཞིག་འབྱོར། ང་ལ་མཚོན་ན། སློབ་སྦྱོང་བྱེད་དུས་བཙན་ཚུགས་གྱིས་སྣང་བ་ཉག་ཙམ་ཡང་མེད། ཨ་ཕས་ཡང་དག་པའི་ཐབས་ཀྱིས་ལམ་སྟོན་བྱས་ཏེ། ང་རང་སློབ་སྦྱོང་ལ་མོས་སུ་བཅུག། ང་རང་སློབ་སྦྱོང་ལ་དུངས་པས་སུ་ཞིག་གིས་བདག་གི་དགའ་ཕྱོགས་ཀྱི་འཕེལ་རྒྱས་འགོག་ཐུབ་བམ། ངའི་ཨ་ཕས་གཞན་གྱི་ཕ་ལྟར་ཉིན་ཧྲིལ་པོར་དཔེ་ཆ་ཀློག་ཏུ་མི་འཇུག་པར་དུས་རྟག་ཏུ་བདག་གི་ལུས་ཕུང་ལ་ལྟ་སྐྱོང་བྱེད་པ་དང། སློབ་སྦྱོང་ཁོ་ནར་མགོ་འཁོར་ནས་མི་འདུག་པའི་སྐུལ་མ་བྱེད། སྔོན་ཆད་ང་རང་སློབ་སྦྱོང་ནང་དུ་རྦད་དེ་འཐིམ་འགྲོ་དུས་ཨ་ཕས་རྒྱུན་དུ་བསྔགས་པའི་སྐད་ཆ་ནི། ཁཱ་ཨར། ཁྱོད་ཀྱིས་ཡུན་རིང་ཞིག་ལ་སློབ་སྦྱོང་བྱས་སོང། ངལ་གསོ་ཅུང་ཙམ་རྒྱོབས་དང། ཅུང་ཙམ་གྱི་རྗེས་སུ་ཡང་བསྐྱར་མུ་མཐུད་ཟེར་བ་དེ་རེད། བྱིས་པ་མང་པོ་ཞིག་སློབ་སྦྱོང་བྱེད་པར་མི་སྤྲོ་བ་དང། དེ་ལ་ཞེན་པ་ལོག་གིན་ཡོད། དེའི་རྒྱུ་མཚན་ནི་བཙན་ཚུགས་ཀྱིས་སློབ་སྦྱོང་བྱེད་དུ་བཅུག་པས་ཡིན་པ་འདྲ། མི་ཚང་མ་རང་ཉིད་ཀྱིས་སྒྲུབ་པར་འདོད་པའི་ལས་དེ་སྒྲུབ་པར་སྤྲོ། གལ་ཏེ་སྤྲོ་བ་ལྡན་ཚེ། དཀའ་ཁག་ཅི་ཙམ་ཆེ་ཡང་དེ་དག་ཐམས་ཅད་སེལ་ཐུབ། དེ་ལས་ལྡོག་སྟེ། སྤྲོ་བ་བྲལ་ཚེ། ཇི་ལྟར་བཙན་ཚུགས་བྱས་ཀྱང་ཧུར་བརྩོན་གྱི་ནུས་པ་གཏན་ནས་འདོན་མི་ཐུབ། མིའི་རང་གཤིས་ནི་རང་དབང་ལ་བློ་ཉེ་བ་དེ་རེད། འུ་ཅག་ཚང་མ་བཙན་དབང་དང་གཉའ་གནོན་ལ་ཞེན་པ་ལོག། ངེད་ཅག་གིས་གཞན་གྱིས་བཙན་གྱིས་ང་ཚོར་སྤྲད་པའི་དངོས་པོ་ལ་ཞེན་པ་ལོག་ཅིང་ངོ་རྒོལ་བྱེད། ཆེས་བསྙོན་མེད་ཀྱི་དོན་དངོས་ཤིག་ནི་བྱིས་པ་ཆེས་ཞེ་མེར་བ་ནི་བཙན་ཚུགས་ངང་སློབ་སྦྱོང་བྱེད་དུ་འཇུག་པ་དེ་རེད།
གལ་སྲིད་ཕ་མ་དང་དགེ་རྒན་གྱིས་ནམ་ཡང་བཙན་ཚུགས་གྱིས་བྱིས་པར་སློབ་སྦྱོང་བྱེད་དུ་བཅུག་ཚེ། བྱིས་པས་ངོ་རྒོལ་དྲག་པོ་བྱེད་ཁོ་ཐག་ཡིན། སྟབས་ལེགས་པ་ཞིག་ལ། ཨ་ཕས་ང་ལ་སློབ་གསོ་སྤྲོད་དུས། ཁོས་ནམ་ཡང་རྟོགས་དཀའ་བ་རྣམས་གོ་བདེ་རྟོགས་སླ་རུ་གཏོང་བ་དང། ཡིད་འགུག་པའི་རྩེད་མོ་རེ་རེར་བརྟེན་ནས་བདག་གི་སྤྲོ་སེམས་རྒྱས་སུ་བཅུག་སྟེ། སློབ་གཉེར་གྱི་ལས་ལ་སྤྲོ་དགའི་ངང་ཞུགས་སུ་འཇུག། ངའི་དྲན་ངོས་སུ་བདག་གི་བྱིས་དུས་ཀྱི་སློབ་སྦྱོང་ནི་ཤིན་ཏུ་སྤྲོ་བ་ལྡན་པའི་ལས་ཤིག་ཡིན། ད་ལྟའི་དུས་སུའང་སྔར་བཞིན་དུ་སློབ་སྦྱོང་ནི་དངོས་ནས་བློ་ཡིད་སྤྲོ་བའི་གནས་ཚུལ་ཞིག་རེད་སྙམ། ངས་ནམ་ཡིན་ཡང་རང་འགུལ་ངང་སློབ་སྦྱོང་བྱེད་ལ་བདག་གིས་དང་ལེན་བྱས་པའི་སློབ་གསོ་རྣམས་གཞན་གྱིས་སྐུལ་མ་ལ་བརྟེན་ནས་བྱུང་བ་ཞིག་མེད།
     བདག་གི་སློབ་སྦྱོང་གི་འབྲས་བུ་ཞན་པའི་རྐྱེན་གྱིས། ཨ་ཕས་ང་ལ་གཏན་ནས་སྡིགས་མ་མྱོང་ལ་རྡུང་ཡང་མ་མྱོང། ངས་ཀྱང་རྩ་བ་ནས་སློབ་སྦྱོང་དེ་དཀའ་སྡུག་ཅན་གྱི་ལས་ཤིག་ཏུ་བརྩིས་མ་མྱོང། ངས་མཐའ་གཅིག་ཏུ་སློབ་སྦྱོང་དེ་སྤྲོ་བ་ཆེ་ལ་གཟི་བརྗིད་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད། འཇིག་རྟེན་སྟེང་སྤྲོ་བ་ཆེ་ལ་གཟི་བརྗིད་ལྡན་པའི་ལས་སྒྲུབ་མི་འདོད་པ་སུ་ཡང་མེད། གལ་ཏེ་ཡོད་ཚེ། དེ་ནི་གླེན་པ་ཁ་ནག་ཅིག་ཡིན་པར་གདོན་མི་ཟ། འོན་ཏེ་གླེན་པ་ཟེར་བ་ཚུལ་མིན་གྱི་སློབ་གསོར་བརྟེན་ནས་བྱུང་བ་ལས། མ་གཞི་འཇིག་རྟེན་ན་གླེན་པ་ཟེར་བ་མེད།
     དོན་དངོས་སུ། སྐྱེས་ཆེན་གྷོ་ཐི(Goath)ཡང་སྐྱེས་མ་ཐག་ནས་མཆོག་ཏུ་གྱུར་བའི་སྐྱེས་ཆེན་ཞིག་མིན། གྷོ་ཐི་ལོ་ན་ཕྲ་དུས་སུ་བར་སྐབས་ཤིག་ལ་དཔེ་དེབ་ཀློག་པར་རབ་ཏུ་ཞེ་ལོག་ཅིང་། དེ་དུས་ཁོ་སློབ་སྦྱོང་བྱེད་པར་མི་དགའ་མོད། ལོ་མང་ཞིག་གི་རྗེས་སུ་ཁོང་གི་ཡོན་ཚད་སྐྱེ་བོ་ཕལ་བ་ཡོངས་ལས་བརྒལ་ཏེ་སྙན་གྲགས་ཧ་ཅང་ཆེ་བའི་སྐྱེས་ཆེན་ཞིག་ཏུ་གྱུར།
     ཁོ་ཇི་ལྟར་འགྱུར་སོང་ངམ། གཤམ་གསལ་གྱི་གཏམ་རྒྱུད་བཀླགས་རྗེས་དེའི་ནང་གི་གསང་བ་རྟོགས་ཐུབ།  ན་གཞོན་གྷོ་ཐི་ནི་ཉིན་གང་བོར་རྩེ་རྒྱུ་མ་གཏོགས་མི་ཤེས་པས་གཅར་རྡུང་སྐོར་གསུམ་གང་མང་མྱངས། འོན་ཏེ། ཨ་ཕས་ཁོང་ལ་ཅི་ཞིག་བྱས་ཀྱང་བློ་བདེ་བག་ཕེབས་ངང་སློབ་སྦྱོང་བྱེད་དུ་འཇུག་མ་ཐུབ། སྐབས་ཤིག་ལ་གྷོ་ཐིའི་ཨ་ཕ་སྙན་གྲགས་འབར་བའི་མི་རིགས་ཞིབ་འཇུག་པ་སྐུ་ཞབས་ཧྥི་སི་པེ་དང་མཇལ། ཁོང་ནི་བྱིས་པའི་སློབ་གསོ་ལ་སྤྲོ་བ་ཅན་གྱི་མི་ཞིག་ཡིན་པས་སྐྱེས་ཆེན་མང་པོའི་སློབ་སྦྱོང་གི་བརྒྱུད་རིམ་གྷོ་ཐིའི་ཨ་ཕར་བཤད། གླེང་མོལ་དེའི་ཁྲོད་ནས་གྷོ་ཐིའི་ཨ་ཕར་བློ་སྐྱེད་མང་པོ་བྱུང། ཁྱིམ་དུ་ལོག་རྗེས། རྣམ་འགྱུར་བཅོས་སྒྱུར་བྱས་ཏེ་གྷོ་ཐིར་སློབ་གསོའི་བྱེད་ཐབས་གསར་པ་སྤྱད་པ་སྟེ།  ཁོས་ན་གཞོན་གྷོ་ཐིར་ལོ་རྒྱུས་སྟེང་གི་སྐྱེས་ཆེན་མང་པོའི་གཏམ་རྒྱུད་བཤད་པ་དང། དེ་མིན་སྐྱེས་ཆེན་དེ་རྣམས་ཆུང་དུས་ནས་སློབ་ལ་བརྩོན་པའི་བྱིས་པ་མིན་པར་བཤད། ཁོང་གི་ཨ་ཕས་ཀྱང་ན་གཞོན་གྷོ་ཐིར་ཅི་གསུངས་ཐམས་ཅད་བཀའ་བཞིན་བསྒྲུབ་ཏུ་མི་འཇུག་པར། ཁོང་གིས་བག་ལ་ཞ་བའི་འདུ་ཤེས་ཁྲོད་ནས་དཔེ་ཀློག་དང། སློབ་སྦྱོང། སྐྱེས་ཆེན་བཅས་གཞི་གཅིག་ཏུ་སྦྲེལ་ཏེ་སློབ་སྦྱོང་ལ་ངེས་ཤེས་གསར་པ་ཞིག་སྐྱེས་སུ་བཅུག ཉིན་ཞིག་ཁོང་གི་ཨ་ཕ་དང་གྲོགས་པོ་ཞིག་གིས་འཁྱམས་པོ་ཞིག་གི་གཏམ་རྒྱུད་བཤད་ཀྱིན་པའི་སྐབས་སུ་གྷོ་ཐིས་གམ་དུ་ཉན་གྱིན་པ་ཐོས་པས་ཁོང་གིས་བསམ་བཞིན་དུ་སྐད་གསང་མཐོན་པོའི་ངང་གོ་ཐོས་ལ་ཁོ་ཆུང་དུས་སུ་སློབ་སྦྱོང་མི་བྱེད་པར་རྩེད་འཇོར་གཡེང་སྟེ་སྡོད་ཟེར། ཁོས་བསམ་པར་ཡོན་ཏན་མ་སྦྱང་ཡང་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པར་སྙམ། འོན་ཏེ་ལོ་ན་སོན་དུས། ཁོས་ཅི་ཡང་མི་ཤེས་ལ་གང་ཡང་མི་རྟོགས་པས། ལས་ཀ་བཙལ་འདོད་ཀྱང་མ་རྙེད་པས་སྤྲང་པོ་ཞིག་ཏུ་གྱུར་ཅེས་བརྗོད།  ཨ་ཕའི་སྒྲུང་གིས་ན་གཞོན་གྷོ་ཐིར་འཇིགས་ཡེར་བའི་སྣང་བ་ཞིག་སྤྲད། ཁོང་གི་བསམ་པར་ང་རང་ཁྱད་དུ་འཕགས་པའི་མི་ཞིག་བྱེད་དམ། ཡང་ན་ཕྱོགས་གང་སར་ཟས་སློང་བའི་སྤྲང་པོ་ཞིག་བྱེད་མིན་འཁོར། དེའི་ཕྱི་ཉིན་ན་གཞོན་གྷོ་ཐིས་རང་འགུལ་གྱིས་སློབ་སྦྱོང་བྱས་པས་མི་རྣམས་ཧ་ལས། ཁོས་ད་དུང་སྲོག་དང་བསྡོས་ནས་སློབ་སྦྱོང་བྱས་པས་མི་རྣམས་ཀྱིས་ཁོང་གིས་ཁྱད་དུ་འཕགས་པའི་མི་ཞིག་བྱེད་པའི་ལམ་བུ་བདམས་ཟིན་ཞེས་བརྗོད། མཇུག་མཐར། ན་གཞོན་གྷོ་ཐི་ཁྱད་པར་དུ་འཕགས་པའི་མི་ཞིག་ཏུ་གྱུར་ཏེ་བུར་སྐྱེས་པའི་དོན་གོ་འཁྱོངས་པ་རེད།
ངའི་བསམ་པར་ཡང་བྱིས་པ་སུ་ཡིན་རུང་དོན་དངོས་སུ་ན་གཞོན་གྷོ་ཐི་བཞིན་འདི་ལྟ་བུའི་འཕོ་འགྱུར་ཞིག་རྙེད་ཐུབ། ངའི་བྱིས་དུས་ཀྱི་ལོ་ཟླའང་འདི་ལྟ་བུའི་གོ་རིམ་བརྒྱུད་མྱོང་ལ་དུས་ཡུན་ཧ་ཅང་ཐུང་ནའང་བློ་རིག་བཀྲ་བའི་ཨ་ཕས་གྷི་ཐིའི་ཕ་ལགས་ཀྱི་སློབ་གསོའི་བྱེད་ཐབས་སྤྱད་དེ་ང་རང་འགྱུར་ཏུ་བཅུག

བཅུ། རོལ་དབྱངས་ཀྱི་སློབ་སྦྱོང་བྱེད་ཐབས།

     སྔོན་ལ་ངས་ཕ་ལགས་ཀྱིས་བདག་ལ་རོལ་དབྱངས་ཁྲིད་པའི་དོན་དེ་གླེང་མྱོང། དོན་དངོས་སུ་བྱིས་དུས་སུ་ང་རང་རོལ་དབྱངས་དང་མཉམ་གཤིབ་བྱས་ཏེ་ནར་སོན། དེང་སྐབས་ཀྱི་ཁྱིམ་ཚང་དུ་རོལ་ཆས་ཡོད་པར་མ་ཟད། བྱིས་པར་རོལ་དབྱངས་ཁྲིད་པ་ནི་ཆེས་རྒྱུན་ལྡན་གྱི་གནས་ཚུལ་རེད། བདག་གི་ཤེས་ཚོད་ལ་ཆ་རྐྱེན་ཅུང་ལེགས་པའི་ཁྱིམ་ཚང་དུ་རྣོ་སྦྲེང་དང་འོག་འཇུག་ཆུང་བ་སློབ་པ་ནི་ཕལ་ཆེར་བྱིས་པ་ཚང་མ་ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་ཞིག་རེད།
     མི་རྣམས་མ་གྲོས་གཅིག་མཐུན་གྱིས་འཚོ་བའི་ཁྲོད་དུ་རོལ་དབྱངས་ལ་བེད་སྤྱོད་ཀྱི་རང་བཞིན་ཆེན་པོ་ཞིག་མེད་པར་སྙམ། ཡིན་ནའང། ཕ་མ་འདི་དག་གིས་ཧུར་བརྩོན་ཆེན་པོས་ངང་བྱིས་པར་རོལ་དབྱངས་སློབ་ཏུ་འཇུག་པའི་དགོས་དམིགས་ཅི་ཞིག་ཡིན་ནམ། ཕ་མ་ལ་ལས་རང་ཉིད་ཀྱི་བྱིས་པར་དགའ་ཕྱོགས་གཅིག་མང་དུ་འགྲོ་བ་དང། ཡང་རེ་འགས་རང་ཉིད་ཀྱི་བྱིས་པ་རྣམ་དཔྱོད་ཅན་ཞིག་ཏུ་གྱུར་ན་སྙམ། དེ་མིན་ད་དུང་ཕ་མ་ལ་ལས་རང་ཉིད་ཀྱི་བྱིས་པ་རིག་སྟོབས་འབར་བའི་རོལ་དབྱངས་མཁས་ཅན་པའོ་གྷི་ནི་ནི་ལྟ་བུ་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཅིང་། ཕྱིས་སུ་ཕུགས་འདུན་མངོན་འགྱུར་བྱུང་ཚེ་ཕ་མ་གཉིས་ལ་རྒྱུ་ནོར་འབོར་ཆེན་བསྐྲུན་རྒྱུ་དེ་རེད། ཕ་མ་འདི་དག་གི་ཀུན་སློང་ཡང་དག་ཡིན་མིན་གནས་སྐབས་སུ་ང་ཚོས་གླེང་སློང་མི་བྱེད་མོད། འོན་ཏེ་སུས་ཀྱང་བསྙོན་ཐབས་བྲལ་བ་ནི་རོལ་དབྱངས་བསླབས་རྗེས་རིག་སྟོབས་དར་ཞིང་སྤྲོ་སྣང་རྒྱས་ཐུབ་པ་ནི་ཡང་དག་པ་དང། དེ་མིན་སེམས་ཁམས་གསོ་བཅོས་དང་སྒྱུ་རྩལ་ཤེས་རྟོགས་ཀྱི་ནུས་པ་སྐྱེད་སྲིང་ཐུབ་པའང་དངོས་ཡོད་རེད། ཚང་མས་ཤེས་གསལ་ལྟར་རོལ་དབྱངས་ནི་བསམ་བརྗོད་ལས་འདས་པའི་ལྐོག་གྱུར་ཞིག་སྟེ། དེ་ལ་མཐོང་རེག་བྲལ་ཞིང་དེ་ནི་སྐད་ཀྱི་བརྡ་བཞིན་དུ་ཉན་པ་ཙམ་གྱིས་རྟོགས་པ་ཞིག་མིན། འོན་ཀྱང་འཚོ་བའི་ཁྲོད་ཀྱི་འཛད་མེད་ཀྱི་རྣམ་དཔྱོད་དང་རྫོགས་མེད་ཀྱི་བསམ་བློ་རྣམས་ལྐོག་ཏུ་གྱུར་བའི་རོལ་དབྱངས་ཁྲོད་བག་ལ་ཉལ་ཡོད། གོམ་པ་དང་པོ་ནས་ཐོག་མར་ཐབས་རྩལ་སློབ་པ་ནི་བྱིས་པ་མང་པོས་རོལ་དབྱངས་སློབ་ཐབས་ཤིག་རེད། ཡིན་ན་ཡང་དུས་རྒྱུན་ནུས་རྩལ་སློབ་ཐབས་ཀྱི་དཀའ་ངལ་གྱིས་ཁོ་ཚོ་རོལ་དབྱངས་ལ་སུན་སྣང་སྐྱེ་རུ་འཇུག  འདི་ལྟ་བུའི་སློབ་སྦྱོང་གི་གོ་རིམ་ཁྲོད་དུ་རོལ་དབྱངས་སློབ་པའི་དགའ་བདེ་དེ་མྱང་མི་ཐུབ། དངོས་ཡོད་ཐོག་ནུས་རྩལ་གྱིས་རོལ་དབྱངས་ཀྱི་ཡོད་ཚད་མངོན་མི་ཐུབ། ནུས་རྩལ་དེ་རོལ་མོ་དཀྲོལ་རྡུང་བྱེད་སྐབས་སུ་ཧ་ཅང་གལ་ཆེ་ཡང་ཕྱོགས་ག་གེ་མོ་ནས་བརྗོད་དུས། སེམས་ཁམས་དང་བསམ་བློ་ནི་ད་གཟོད་རོལ་དབྱངས་ཀྱི་ཡན་ལག་དང་ནུས་རྩལ་ནི་རོལ་དབྱངས་ཀྱི་ཉིང་ལག་ཁོ་ན་རེད། མི་ཚང་མ་ང་ལ་གོ་ལོག་འདུག  ཁོ་ཚོས་ངས་རོལ་དབྱངས་སློབ་པ་ནི་བྱ་བ་དང་ལས་ཀའི་རྗེས་སུ་དུས་འདའ་ཐབས་བྱེད་པར་སྙམ། དོན་དམ་དུ་ང་ལ་རོལ་དབྱངས་ཀྱི་ཁྲོད་ནས་འབྱོར་བའི་ཤེས་ཡོན་དེ་དུས་འདའ་བྱེད་རྩེད་མོའི་ཁྱབ་ཁོངས་ནས་ཡོངས་སུ་བརྒལ་བས་ངས་དེ་ཉིད་ནམ་ཡང་བདག་གི་དགའ་བ་ཆེས་འཕེལ་ས་ཞིག་ཏུ་རྩི་བཞིན་ཡོད།
     ཆུང་དུས་སུ་རོལ་དབྱངས་དགེ་རྒན་གྱི་རེ་འདོད་བཞིན་རོལ་དབྱངས་ཀྱི་རྨང་གཞི་ཤེས་བྱ་རྣམས་ཁོང་དུ་ཆུད་ཕྱིར་ཉིན་རྒྱུན་རོ་བྲོ་དབེན་པའི་གདངས་དབྱངས་རྣམས་ནན་གྱིས་རྡུང། འདི་ནི་ངེས་པར་མཁོ་ནའང་ངས་སློབ་ཐབས་དེ་ལས་ཅི་ཡང་སྦྱང་མ་ཐུབ་ལ་སྤྲོ་བ་ཉག་ཙམ་ཡང་ཚོར་མ་ནུས་པས་འདིས་རོལ་དབྱངས་ལ་བཅངས་པའི་སྔར་ཡོད་ཀྱི་སྤྲོ་བ་རྣམས་བོར་དུ་བཅུག  ཉིན་ཞིག་ངས་སྙིང་སྟོབས་བསྐྱེད་དེ་ཨ་ཕར་ངས་རོལ་དབྱངས་བསླབ་པའི་མྱོང་ཚོར་དང། དེ་ཉིད་སྦྱང་འདོད་མེད་པའི་འཆར་གཞི་རྣམས་བརྗོད། དེ་ནས་ཁོང་གིས་ “རོལ་དབྱངས་ནི་སྙན་འཇེབས་མིན་པའི་གདངས་དབྱངས་ཤིག་རེད་དམ། དེ་ཉིད་རྣ་དབང་འགུགས་པ་ཞིག་མིན་ནམ།” ཞེས་པའི་སྐད་ཆ་འདི་འདྲི་བ་ལས་ཅི་ཡང་བརྗོད་མ་བྱུང། ངས་ “མ་རེད། སློབ་དཔོན་མང་པོའི་རོལ་དབྱངས་བརྩམས་ཆོས་ཀྱིས་བདག་ལ་སྤྲོ་བ་སྦྱིན་བྱུང། དེ་ནི་སྨྲ་བསམ་བརྗོད་ལས་འདས་མོད། འོན་ཀྱང་དངོས་སུ་མྱོང་ཐུབ་པའི་ཚོར་བ་ཞིག་སླེབ་ཀྱི་མི་འདུག ” 
ང་རང་པེ་ཏོ་ཧྥིན་དང་མོ་ཟ་ཁྲི། པ་ཧྭ། པོ་གྷི་ནི་ནི། ཝེ་ཝ་ཨར་སོགས་པའི་སློབ་དཔོན་དེ་དག་གི་བརྩམས་ཆོས་ལ་ཤིན་ཏུ་དགའ། ཨ་ཕས་ “དེ་འདྲ་ཞིག་ཡིན་ཚེ། ཅིའི་ཕྱིར་རོལ་དབྱངས་སྦྱང་མ་འདོད་པ་རེད་ ” ཅེས་དྲིས་བྱུང།
“ངས་གདངས་དབྱངས་འདི་དག་དཀྲོལ་དུས་ངལ་ཞིང་དུབ་པས་སྙན་ཆའང་བྲལ། དེ་ནི་སློབ་དཔོན་དམ་པ་རྣམས་ཀྱི་རོལ་དབྱངས་ལྟར་སྙན་ཞིང་འཇེབས་པ་ཞིག་མ་རེད། ”
“ཁཱ་ཨར། རོལ་དབྱངས་ཅི་ཞིག་གིས་གྲུབ་པ་དང། དེ་ཉིད་གང་ལ་བརྟེན་ནས་མངོན་པར་ཁྱོད་ཀྱིས་བསམ་བློ་བཏང་མྱོང་ངམ ”
“སྒྲ་ཡིན་པ་སྨོས་ག་ལ་དགོས། བགྲང་གིས་མི་ལང་བའི་དབྱངས་འགྲོས་དང་གདངས་རྟགས་ཀྱིས་རོལ་དབྱངས་གྲུབ་པ་རེད། ”
“ དེ་རེད། སྙན་འཇེབས་ཀྱི་རོལ་དབྱངས་ནི་གདངས་དབྱངས་ཀྱིས་གྲུབ། ཅིའི་ཕྱིར་ཁྱོད་ཀྱིས་གདངས་དབྱངས་སྦྱོང་བརྡར་བྱེད་མི་འདོད་དམ། ” ཨ་ཕའི་སྐད་ཆར་ཉན་ནས་ཅི་ཞིག་བརྗོད་དགོས་པ་ཆ་མ་འཚལ་བར་ལྡབ་ལྡིབ་ངང་ “ གལ་ཏེ་དངོས་ནས་སྦྱང་དགོས་ཚེ། ངས་སློབ་དཔོན་རྣམས་ཀྱི་བརྩམས་ཆོས་སྦྱང་རྒྱུ་ཡིན།” ཞེས་བཤད།
“ གདངས་དབྱངས་ནི་དངོས་ནས་སྙན་དབང་གསོ་བའི་བདུད་རྩི་རེད། ཡིན་ནའང་གདངས་དབྱངས་ནི་རོལ་དབྱངས་ཀྱི་རྩ་བའི་གྲུབ་རྫས་རེད། གལ་ཏེ་གདངས་དབྱངས་རྣམས་བྱང་ཆུབ་པར་མ་སྦྱང་ཚེ་ཡར་རྒྱས་གོང་འཕེལ་དུ་འགྲོ་ཐབས་བྲལ། གདངས་དབྱངས་ནི་མ་ཡོད་ཐབས་མེད་དུ་གྱུར་བའི་རོལ་དབྱངས་ཀྱི་ཆ་ཤས་ཤིག་སྟེ། དེ་ལའང་འགུག་ཤུགས་དྲག་པོ་ཞིག་དང་ཚོར་བ་ཡིད་དུ་འོང་བ་ཞིག་ཡོད། ཁྱོད་ཀྱིས་དེ་ཉིད་གཟབ་ནན་ངང་ངོས་ཟིན་མ་བྱས་པ་ཁོ་ན་རེད། ཕུལ་དུ་བྱུང་བའི་རོལ་མོ་བ་གང་མང་ཞིག་གིས་ཆེས་སྟབས་བདེ་བའི་གདངས་དབྱངས་ཀྱིས་ཡིད་དབང་རབ་ཏུ་འགུག་པའི་རོལ་དབྱངས་དཀྲོལ་བ་རེད། དེའི་ཕྱིར་ཁ་ཞེ་གཉིས་ནས་རོལ་དབྱངས་ཀྱི་ལྡིང་ཁང་དུ་བསྐྱོད་འདོད་ཚེ། ཁྱོད་རང་བློ་གཅིག་སེམས་གཅིག་གིས་རོལ་དབྱངས་དང་དབྱེར་མེད་དུ་འདྲེས་དགོས་ལ། དེ་ནི་རོལ་དབྱངས་ཀྱི་རྩ་བའི་གྲུབ་ཆ་གདངས་དབྱངས་ནས་མགོ་རྩོམ་དགོས་” ཞེས་བརྗོད་བྱུང། ངས་ ”ཁྱེད་ཀྱི་སྐད་ཆ་ཡང་དག་པར་ཡིད་ཆེས་བྱེད། འོན་ཀྱང་གདངས་དབྱངས་སྦྱོང་རྒྱུ་དེ་དངོས་ནས་དཀའ་ཁག་ཅན་ཞིག་རེད་” ཅེས་ལན་བཏབ། ”ས་སྟེང་གི་དོན་དག་ཆེ་མ་ཆུང་གསུམ་ཀུན་ལ་དཀའ་ཁག་ཡོད། རོལ་དབྱངས་སློབ་པའི་སྐབས་སུ་དེ་ལས་དཀའ་བའི་དཀའ་ངལ་མཇུག་ན་ཡོད། གལ་ཏེ་ཆེས་མ་མཐའི་གདངས་དབྱངས་ཀྱང་དཀའ་ཚེགས་ཆེ་བར་བསམ་ནས་སྦྱང་འདོད་མེད་ན། ཆེས་ལེགས་པ་ནི་མཚམས་འཇོག་བྱ་རྒྱུ་དེ་རེད”་ཅེས་གསུངས་བྱུང། ང་ལ་ཨ་ལན་མེད་པ་མཐོང་ཚེ་ཨ་ཕས་ངང་རྒྱུད་རིང་པོས་བདག་ལ་ ”ངས་དུས་རྒྱུན་ཁྱོད་ལ་ལམ་སྟོན་བྱས་ཏེ། ཁྱོད་རང་རྣམ་དཔྱོད་ལྡན་པའི་སྐྱེས་བུ་ཞིག་བྱེད་རྒྱུ་དེ་ཡིན། རྣམ་དཔྱོད་བཀྲ་བའི་སྐྱེ་བུས་དོན་ཆུང་ནས་མགོ་རྩོམ་ལ། འཚོ་བའི་གྲུབ་སྣེ་ཕྲ་མོ་རེ་རེའི་ཁྲོད་མཛེས་སྡུག་རྒུམ། དཀའ་སྡུག་ཡོད་ཚད་ཧུར་ཐག་གིས་སེལ་” ཞེས་ཞལ་ཏ་གནང་བྱུང།
དེ་ནས་བཟུང། ང་རོལ་དབྱངས་ལ་ངེས་ཤེས་གཏིང་ཟབ་ཅིག་སྐྱེས་ཤིང་གདངས་དབྱངས་ཀྱང་གཟབ་ནན་ངང་སློབ་མགོ་ཚུགས། རོལ་དབྱངས་སློབ་དུས་བདག་ལ་འཛད་མེད་ཀྱི་སྤྲོ་བ་དང་རྣམ་དཔྱོད་ཅིག་རྒྱས། བྱ་བ་ཐམས་ཅད་ཆུང་ཙག་ནས་སྒྲུབ་དགོས་ལ་འབད་ཅིང་བརྩོན་ཚེ་ད་གཟོད་ལེགས་གྲུབ་བྱ་ཐུབ།

བཅུ་གཅིག།   སློབ་སྦྱོང་གི་ངེས་མཁོ་རང་བཞིན་དང་འཐུས་ཤོར་རང་བཞིན།

     ཨ་ཕས་བསམ་པར་གལ་ཏེ་མི་ཞིག་གིས་སློབ་པ་ཁོ་ན་དོན་དུ་གཉེར་ཚེ། སོས་དལ་བག་ཕེབས་སུ་བསྡད་པ་ལས་ཀྱང་ངན་ཟེར། ཁོང་ཉིད་ཆེས་མི་དགའ་བ་ནི་དཔེ་ཆ་གཅིག་པུར་འཐམ་པའི་དཔེ་ཆ་བ་བླུན་པོ་རེད། སྟབས་ལེགས་པ་ཞིག་ལ། བདག་ལ་འདི་ལྟ་བུའི་དཔྱོད་ལྡན་གྱི་ཕ་ཞིག་ཡོད་པས་ངས་ཁོང་ཉིད་ཀྱི་ལྟ་ཚུལ་ལ་རྒྱབ་སྐྱོར་ཆེན་པོ་བྱེད།
     བདག་གི་བྱིས་དུས་ཀྱི་འཚོ་བ་ཤིན་ཏུ་མཚར་སྡུག་ལྡན་པ་ནི་ཨ་ཕས་བདག་གིས་དང་ལེན་བྱེད་ཐུབ་པའི་ཐབས་ལམ་སྤྱད་དེ་བདག་ལ་སློབ་གསོ་དང། བདག་གི་བསམ་བློར་སྦྱོང་བརྡར་བྱས་ཏེ་སློབ་སྦྱོང་གི་ཁྲོད་ནས་རྣམ་དཔྱོད་རྒྱས་སུ་བཅུག་པ་རེད། ཁོང་ནི་ཕ་མ་གཞན་དང་མི་མཚུངས་པར་བྱིས་པར་བཙན་ཚུགས་ཀྱིས་ཤེས་བྱ་སྣ་མང་སློབ་པའམ། ཡང་ན་ཡོ་བྱད་བཞིན་ཞིབ་འཇུག་བྱེད་དུ་མི་འཇུག
     ད་ལྟ་ཧ་ལམ་ཕ་མ་ཚང་མས་རང་ཉིད་ཀྱི་བུ་ཕྲུག་གི་ཆེད་དུ་ཟས་བརྗེད་ཅིང་གཉིད་ཆག་གི་ཡོད།  ཁོ་ཚོས་བསམ་པར་བྱིས་པ་གསོ་སྐྱོང་བྱེད་པ་ནི་ཡོན་ཏན་ཅན་ཞིག་ཏུ་འགྱུར་རྒྱུ་དེ་རེད་སྙམ་ཞིང་བྱིས་པའི་མི་ཚེའི་དམིགས་འདུན་ནི་ཡོན་ཏན་སྣ་མང་འབྱོར་རྒྱུ་དེ་རེད་འདོད། གནས་ཚུལ་འདི་འདྲའི་ཁྲོད་དུ་བྱིས་པས་རྨོངས་པའི་ངང་སློབ་སྦྱོང་བྱེད་པ་ལས་སློབ་སྦྱོང་གི་ཁྲོད་ནས་རྣམ་དཔྱོད་རྙེད་མི་ཐུབ། འདི་ལྟར་བྱིས་པ་ལ་ལས་བསླབ་པའི་ཡོན་ཏན་དེ་ཕུན་སུམ་ཚོགས་ནའང་ཁོ་ཚོས་ཤེས་བྱ་རྣམས་དངོས་ཡོད་སྟེང་བཀོལ་མི་ནུས་པས་ཁོ་ཚོ་ནི་ཤེས་ཡོན་སློབ་པའི་ཡོ་བྱད་ཁོ་ན་ཙམ་རེད། ཁོ་ཚོས་ཤེས་ཡོན་ལས་རང་ཉིད་ལ་མཁོ་ཆེ་བ་རྣམས་སྡུད་ལེན་བྱེད་མི་ཤེས་པས། ཁོ་ཚོ་ནར་སོན་པའི་རྗེས་སུའང་སྔར་བཞིན་ཤེས་འཇོན་དབེན་པའི་མི་ལྷག་རེད། འདི་ནི་ད་གཟོད་དཔེ་ཆ་ཁོ་ན་བཀླག་སྟེ། ཡོན་ཏན་སློབ་པའི་ཉེན་ཚབས་ཆེན་པོ་ཞིག་རེད། འདི་ལྟ་བུའི་མི་ལ་ཤེས་འཇོན་དཀོན་པས་དྲན་ཐོ་ལེགས་པོ་ཙམ་ལས་དཔེ་འཇོག་མེད། ཚང་མས་ཤེས་གསལ་ལྟར་རིག་པའི་གནས་གང་ཞིག་ལ་འཇུག་ཀྱང་དེ་ལ་ལོ་ཟླ་སྦྲེལ་ཏེ་འབད་འབུངས་བྱེད་དགོས། དེའི་ཕྱིར་དཔེ་ཀློག་གཅིག་པུ་ལས་ཅི་ཡང་མི་ཤེས་པའི་མི་དེས་དོན་དངོས་སུ་མི་ཚེ་དང་ལོ་ཟླ་དཀོན་མཆོག་གིས་གནང་བའི་རྒྱུ་ནོར་ཆུད་ཟོས་སུ་གཏོང་གིན་འདུག
     མི་ཞིག་གིས་ཁྱོད་ཀྱི་བསམ་ཚུལ་དེ་ཧ་ཅང་དངོས་ཡོད་དང། བྱིས་པས་ཡོན་ཏན་སློབ་པར་གསོ་སྐྱོང་བྱེད་པ་ནི་ཐོབ་ཤོར་ལ་དང་དོད་བྱེད་འོས་པ་ཞིག་མ་རེད། དེ་མིན་ང་ཚོས་མ་གཞི་ནས་ཡོན་ཏན་སློབ་དགོས། ཞེས་བརྗོད་ངེས། ངས་གླེང་ཚུལ་འདི་རིགས་ལ་མགོ་བོ་གཡུག་བཞིན་ཤུགས་རིང་འཐེན་པ་ལས་ཅི་ཡང་བྱེད་ཀྱི་མིན། ངས་ཤེས་བྱ་སྣ་མང་ཁོང་དུ་ཆུབ་པར་དེའི་འཇུག་ལམ་ལེགས་པོར་ཞུགས་ཚེ་དཀའ་ཚེགས་ཆེན་པོ་མེད་པར་ཁོང་དུ་འཇུག་ཐུབ་ཅེས་བརྗོད་མྱོང། དགོད་བྲོ་བ་ཞིག་ལ་མི་མང་པོ་ཞིག་གིས་བློ་སྒོ་འབྱེད་མི་ཤེས་པར་བྱིས་པར་འཕྲུལ་འཁོར་བཞིན་སློབ་གསོ་གཏོང། འདི་ལྟར་འཆར་ཡན་དབེན་ཞིང་བེམ་པོ་ལྟ་བུའི་སློབ་གསོས་བྱིས་པའི་རིན་ཐང་བྲལ་བའི་ལོ་ཟླ་ཆུད་ཟོས་སུ་གཏོང། འོན་ཀྱང་ཕན་འབྲས་ཞན་པའི་སློབ་གསོའི་བྱེད་ཐབས་འདི་ལྟ་བུ་ནི་ད་ལྟ་ད་དུང་མི་མང་ཆེ་བས་བེད་སྤྱོད་བྱེད་པས་འདི་ནི་དངོས་ནས་ཡིད་སེམས་སྐྱོ་བ་ཞིག་རེད། དེ་ལས་ཀྱང་བཟོད་དཀའ་བ་ནི་མི་མང་པོས་བྱེད་ཐབས་འདི་ནོར་འཁྲུལ་ཡིན་པ་ད་དུང་ཡང་ངོས་ཟིན་མི་འདུག།
ང་རང་སྐྱེས་པའི་སྐབས་སུ་ནུས་མེད་ཅིག་སྟེ། འོན་ཏེ་དཀོན་མཆོག་གིས་དྲང་བདེན་དང། བྱམས་བརྩེ་ངང་བདག་ལ་རྣམ་དཔྱོད་ཀྱིས་ཁེངས་པའི་ཨ་ཕ་ཞིག་དང། ཕུལ་དུ་བྱུང་བའི་སློབ་གསོའི་ལྡེ་མིག་ཅིག་གནང། འདི་དག་ཐམས་ཅད་ནི་ས་སྟེང་འདིའི་སྐྱེ་བོ་ཤིན་ཏུ་ཉུང་ངུ་ཞིག་ལ་དབང་བའི་ལོངས་སྤྱོད་རེད། ཨ་ཕའི་བསམ་པར་ཤེས་བྱ་དང་ཡོན་ཏན་གཉིས་ཀ་གལ་ཆེ་མོད། དེ་དག་ནི་ཡོད་ཚད་ག་ལ་ཡིན། རིག་པ་དང་རྣམ་དཔྱོད་ནི་ད་གཟོད་མི་བུ་ཞིག་གི་ཅ་ལག་གལ་ཆེན་རེད། ཨ་ཕས་སྔོན་ཆད་གྲོགས་པོ་ཞིག་ལ་བླུན་པོས་ད་གཟོད་མཁས་པ་ནི་འཇོན་ཐང་ཅན་དང་རྣམ་དཔྱོད་ཅན་ལས་ལྷག་ཏུ་བེད་སྤྱོད་ཆེ་བར་འདོད། དོན་དངོས་སུ་བླུན་པོ་ངོ་མ་ནི་ཤེས་བྱ་དང་ཡོན་ཏན་གྱི་ཁྲོད་ནས་རྣམ་དཔྱོད་དང་བློ་སྒོ་འབྱེད་པའི་ལྡེ་མིག་མི་རྙེད་མཁན་དེ་རེད། རབ་ཡིན་ན་འདིའི་རིགས་ཀྱིས་ཤེས་བྱ་ཡོན་ཏན་སྦྱང་རྒྱུ་མེད་དེ། ཁོ་ཚོས་བསླབ་པ་ཇི་ལྟར་མང་ཚེ་དེ་ལས་ཀྱང་བླུན་པོར་འགྱུར་ཞེས་བརྗོད་མྱོང།
     ཨ་ཕས་མི་རྣམས་ལ་སློབ་སྦྱོང་བྱེད་དུས་བྱེད་ཐབས་ལེགས་པོ་བསྟེན་པ་ལས་ཡོན་ཏན་མ་སློབ་ཟེར་ཀྱིན་མེད་ཅེས་ལམ་སྟོན་གནང་འདོད་པ་མངོན་གསལ་རེད། གོང་དུ་ང་ལོ་ན་གསུམ་བཞིའི་སྐབས་ཤེས་ཡོན་གང་མང་འབྱོར་བ་གླེང་ཟིན། ངས་ཐོག་མར་སློབ་སྦྱོང་བྱེད་དུས་རྣམ་དཔྱོད་ལྡན་པའི་ཕ་ལགས་ཀྱིས་ངའི་ཀླད་པའི་ནང་ལྟ་ཚུལ་འདི་འདྲ་ཞིག་གྲུབ་ཏུ་བཅུག། སློབ་སྦྱོང་ནི་ངེས་མཁོའི་བྱེད་ཐབས་ལས་དམིགས་ཡུལ་ཡོངས་སུ་རྫོགས་པ་མིན་ཞེས་ངའི་ད་ལྟའི་ཤེས་ཡོན་ཞིབ་འཇུག་དང་སློབ་ཁྲིད་ཁྲོད། ལྟ་ཚུལ་འདི་དམིགས་འབེན་ཉག་གཅིག་ཏུ་བཟུང་ཡོད། ངས་བརྩམས་ཆོས་འབོར་ཆེན་བཀླགས་པས་ཡོན་ཏན་གང་མང་འབྱོར་བྱུང་ལ་ཞིབ་འཇུག་ཀྱང་ཐེངས་མང་བྱས། སློབ་སྦྱོང་དང་ཞིབ་འཇུག་འདི་དག་གི་ཁྲོད་ང་རང་དཔེ་ཆ་བ་གླེན་པ་ཞིག་ཏུ་མ་གྱུར། བསྲེགས་བཅད་བརྡར་གསུམ་བྱས་པའི་དོན་དངོས་འདིས་ཨ་ཕའི་ལྟ་ཚུལ་ཡང་དག་ཡིན་པ་བདེན་དཔང་བྱས།
     ངས་ཏན་ཊིན་ཞིབ་འཇུག་ཁྲོད་དུ་གླེང་སློང་ཅན་གྱི་ལྟ་ཚུལ་མང་པོ་བཏོན། དེ་ནི་བདག་རང་ལོ་ན་ཉེར་གསུམ་སྐབས་འདོན་སྤེལ་བྱས་པའི་<<ཏན་ཊིན་གྱི་ལོག་འགྲེལ་>>ཞེས་པ་དེ་རེད། འདི་ལས་མཐོང་ཐུབ་པ་ནི་ང་རང་དཔེ་ཆ་བ་གླེན་པ་ཞིག་མ་རེད། སློབ་སྦྱོང་གི་ཁྲོད་ནས་བདག་ལ་ཐོབ་པ་ནི་ཤེས་ཡོན་ལས་ད་དུང་གཞན་གང་མང་ཞིག་མཆིས་ལ། དེ་མིན་ཚེ་ལྟ་ཚུལ་འདི་དག་གང་ནས་འོང། འདི་དག་ཚང་མས་ངས་ཕ་ལགས་ལ་བཀའ་འདྲི་ཞུ་བར་འདོད།

བཅུ་གཉིས། སྦྱོང་ཐབས་སྤེལ་མ།

     མི་ཚང་མས་ང་རང་ཆུང་དུས་ནས་ཧ་ཅང་གཟབ་ནན་ཅན་ཞིག་རེད་སྙམ་འདུག  ང་དངོས་ནས་གཟབ་ནན་ཅན་ཞིག་ཡིན་པ་ངོ་མ་རེད།   འོན་ཀྱང་བདག་དང་ཨ་ཕའི་གཟབ་ནན་གྱི་གོ་དོན་དེ་གཞན་དག་དང་གཏན་ནས་མི་འདྲ། ཕ་ལགས་ཀྱི་ཉིན་ཐོའི་ནང་”དེ་རིང་སྐུ་ཞབས་མཱེ་གེར་ལི་ཤཱིས་བདག་ལ་སྐུ་ཞབས་ཝེ་ཐི། ཁྱོད་ཀྱི་བྱིས་པ་ཁཱ་ཨར་ལ་འདི་འདྲའི་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པས། ཁོས་འབད་བརྩོན་བྱས་པ་ཁོ་ཐག་རེད་ཟེར། ངས་འབད་པ་མེད་ན་གྲུབ་འབྲས་ག་ལ་འབྱུང་ཞེས་བརྗོད།
     སྐུ་ཞབས་མཱེ་གེར་ལི་ཤཱིས་ངས་དཔོག་ཐུབ་ཀྱིན་འདུག  ཁྱོད་ཀྱི་བྱིས་པར་རྩེད་མོ་རྩེ་ཁོམ་མེད་པར། དུས་རྒྱུན་གཉིད་ཆག་ཟས་བརྗེད་ངང་སློབ་སྦྱོང་བྱེད་ཀྱིན་ཡོད་པ་ཨེ་རེད་ཅེས་དྲིས་བྱུང། ངས་ཁོ་ལ་མ་རེད། ཁཱ་ཨར་ལ་རྩེད་འཇོའི་དུས་ཚོད་འདང་རན་ཞིག་ཡོད། སྤྱིར་ཁོ་བརྩོན་པ་ཆེ་ཡང་། བྱིས་པ་གཞན་དག་དང་མཚུངས་པར་རྩེད་འཇོར་ཡང་དགའ་ཞེས་ལན་བཏབ།
     སྐུ་ཞབས་མཱེ་གེར་ལི་ཤཱིས་ངས་ཁོ་ལ་དྲང་མོར་བཤད་ཀྱིན་མེད་སྙམ་ནས་གཏན་ནས་ཡིད་ཆེས་བྱེད་ཀྱིན་མི་འདུག  ང་ནི་དཀོན་མཆོག་ལ་དད་པས་དཀོན་མཆོག་གིས་དཔང་པོ་བྱས་ཆོག་ལ། ངས་གཏན་ནས་རྫུན་བཤད་མེད། གལ་ཏེ་ངའི་གསོ་སྐྱོང་བྱ་ཐབས་འདིས་ཕ་མ་དང་བྱིས་པ་གཞན་ལ་ཕན་ཐོགས་ཏེ་གཞན་གྱིས་དང་ལེན་བྱས་ཚེ་དེ་ནི་འགྲུབ་དཀའ་བའི་དོན་ཆེན་ཞིག་ཡིན་པས། ངས་ཅིའི་ཕྱིར་སྦ་གསང་བྱེད།” 
     ངས་ཨ་ཕས་བརྗོད་པའི་སྐད་ཆ་རྣམས་བདེན་པ་ཡིན་པའི་ཡིད་ཆེས་བྱེད། གོང་དུ་ངས་ཡང་དང་བསྐྱར་དུ་ངས་ཡོན་ཏན་དེ་འདྲ་མང་པོ་ཞིག་ཁོང་དུ་ཆུད་པ་མ་ཟད། ད་དུང་བསླབ་བྱ་རེ་རེར་བླངས་པའི་གྲུབ་འབྲས་ཕུལ་ཏུ་བྱུང་བ་ནི་ཨ་ཕས་བདག་ལ་སློབ་གསོ་གནང་བའི་གྲུབ་འབྲས་ཡིན་ཞེས་བརྗོད་མྱོང།
     བདག་གི་བྱིས་དུས་ནི་སྤྲོ་དགས་གཏམས་ཤིང་མཚར་སྡུག་བཀྲ་བ་ཞིག་ཡིན་པ་ལས་ཉིན་གང་བོར་དཔེ་ཁང་དུ་བཅུག་ནས་གོམ་གང་མི་སྤོ་བར་སྡོད་པ་ཞིག་མིན།
     གོང་དུ་གླེང་བའི་ཐབས་ལམ་ལས་གཞན། སྦྱོང་ཐབས་སྤེལ་མའི་ལུགས་ནི་ཨ་ཕའི་ཐུན་མོང་མ་ཡིན་པའི་སློབ་གསོའི་ཐབས་ལམ་གཞན་ཞིག་ཡིན་ལ། དེ་ནི་ཉིན་རེའི་སློབ་སྦྱོང་ཁྲོད་སློབ་སྦྱོང་གི་གནས་ཚུལ་དང་བསྟུན་ནས་སློབ་སྦྱོང་གི་ནང་དོན་ཅི་དགར་བརྗེ་བསྒྱུར་བྱེད་པ་ཞིག་རེད། ཆེས་ལེགས་པའི་དངོས་པོ་ཞིག་ཡིན་རུང། གལ་ཏེ་ཉིན་གང་བོར་ངོ་གཏད་དེ་སྡོད་ཚེ་དེ་ལ་སུན་སྣང་སྐྱེ་བ་ཁོས་རྟོགས་ཡོད། འདི་ནི་མི་རྣམས་གསར་འགྲོགས་ཆེ་ལ་རྙིང་པར་སུན་པའི་སེམས་ཁམས་རེད། སློབ་སྦྱོང་ཡང་དེ་བཞིན་ཏེ། ཉིན་ཧྲིལ་པོར་ཤེས་བྱ་སྣ་གཅིག་སྦྱང་ནས་སྡོད་ཚེ། ཀླད་ཆེན་ཡང་ངལ་ཞིང་དུབ་པར་འགྱུར་ངེས། དེ་ནི་ཇི་ལྟར་བྱས་ཏེ་གནས་ཚུལ་འདི་རིགས་མི་འབྱུང་བ་བྱེད་དགོས་སམ། འོས་འཚམ་ངང་སྦྱོང་བཞིན་པའི་བསླབ་བྱ་བརྗེ་བའམ་མཚམས་མི་ཆད་པར་སྦྱང་བྱར་འགྱུར་བ་གཏོང་བ་ནི་བྱ་ཐབས་ལེགས་ཤོས་ཤིག་སྟེ། འདི་ནི་སྣོལ་སྦྲེལ་སློབ་སྦྱོང་གི་བྱེད་ཐབས་རེད།
     ཉིན་ཞིག་ང་རང་དབྱིབས་རྩིས་ཀྱི་འདྲི་གཞི་ཅུང་དཀའ་ཁག་ཅན་ཞིག་ལ་འཕྲད། དཀའ་མདུད་གྲོལ་བའི་བརྒྱུད་རིམ་ཁྲོད་ལན་མང་པོར་ངལ་གསོ་བྱས་ཀྱང་བདག་སྔར་བཞིན་མགོ་རྨོངས་ནས་དཀའ་བ་གྲོལ་མ་ཐུབ། ཕ་ལགས་ཀྱིས་ལྷོད་འཇགས་མིན་པའི་རྣམ་འགྱུར་མཐོང་སྟེ་ང་ལ “ཁཱ་ཨར། དེ་རིང་ཅི་བྱུང་སོང། ཅིའི་ཕྱིར་སྡོད་མི་ཚུགས་སམ་” 
“དཀའ་གནད་འདི་གྲོལ་ཤེས་ཀྱིན་མི་འདུག། ཕལ་ཆེར་དཀའ་དྲགས་པ་འདྲ་”
“ཁྱོད་རང་ཐང་ཆད་འདུག་གམ”
“རེད། ཐང་ཤིན་ཏུ་ཆད་བྱུང། མགོ་བོའང་ན་སོང།”
“འབད་པ་བྱས་རུང་ངལ་མ་གསོས་ན་ག་ལ་འགྲིག། ཁྱོད་ངལ་གསོས”
     “ཕན་ཐོགས་མི་འདུག ང་ཐེངས་འགར་ངལ་གསོ་བརྒྱབ་ཟིན་”ཞེས་སྨྲས། ཕ་ལགས་ཀྱིས་འདྲི་གཞི་དེར་ཞིབ་ལྟ་ཞིག་བྱས་རྗེས་འདྲི་གཞི་འདིར་ཁྱོད་ཀྱིས་ཆུ་ཚོད་ཅི་ཙམ་བཏང་ཟེར། ཆུ་ཚོད་གཉིས་ཡིན་རྒྱུ་རེད་ཅེས་བརྗོད་པར་ཁཱ་ཨར། ཁྱོད་ཀྱི་ཆུ་ཚད་ལ་གཞིགས་ཚེ་འདྲི་གཞི་འདིའི་དཀའ་མདུད་གྲོལ་ཐུབ་ན་འོས་ཞེས་གསུངས། ཕྱིས་སུ་ངས་ཀྱང་དེ་ལྟར་བསམ་མོད། འོན་ཀྱང་དཀའ་མདུད་གྲོལ་མ་ཐུབ། རྒྱུ་མཚན་ཅི་ཞིག་ཡིན་པ་རྟོགས་མ་ཐུབ་ཅེས་སྨྲས། དེ་ནས་ཨ་ཕས་སྔོན་ལ་ཁྱོད་ཀྱིས་ལས་བྱ་གཞན་རྣམས་མཇུག་སྒྲིལ་བར་བྱོས་ལ་འདྲི་གཞི་འདི་ཅུང་ཙམ་ཞོག་དང་ཟེར། འདི་ནི་ནམ་ལངས་ཁའི་འོག་གཅིན་ལྟ་བུ་ཡིན་པས་འོས་འཚམ་ཨེ་ཡིན་ནམ། འདི་ནི་སྔར་བཞིན་རྣམ་འགྱུར་ཞིག་རེད་སྨྲས། དེ་ནས་ཨ་ཕས་ད་ལྟ་གལ་ཏེ་སློབ་མཚམས་བཞག་ཚེ་ཁྱོད་ཀྱི་སློབ་སྦྱོང་གི་འཆར་གཞིར་ཤུགས་རྐྱེན་ཐེབས།
     གལ་ཏེ་མུ་མཐུད་དེ་སོང་ན། ཁྱོད་རང་དེ་བས་ཀྱང་ངལ་ཞིང་དུབ་ངེས། གལ་ཏེ་སྔོན་ལ་དཀའ་མདུད་འདི་གནས་སྐབས་སུ་བསྐྱུར་ཏེ། སྦྱང་ཚན་གཞན་རྣམས་འགྲུབ་རྗེས་བསྐྱར་དུ་བསྒྲུབ་ན། གྲུབ་འབྲས་ཀྱང་ཇེ་ལེགས་སུ་འགྲོ་ངེས། གནས་སྐབས་སུ་འཇོག་པ་ནི། དཀའ་ངལ་གྱི་མདུན་ནས་དཔའ་ཞུམ་པ་མ་རེད། དེ་ནི་སློབ་སྦྱོང་བྱེད་པའི་ཐབས་ཤིག་སྟེ། དེས་ཁྱོད་ལ་ཆོད་སེམས་མེད་པ་མཚོན་མེད། ཁྱོད་ཀྱིས་གོ་སོང་ངམ་ཞེས་བརྗོད་བྱུང།
     ཨ་ཕས་གནས་སྐབས་སུ་འཇོག་པ་ནི་སྡར་མའི་རྣམ་འགྱུར་མིན་ལ། དེས་སློབ་སྦྱོང་གི་འཆར་གཞིར་ཡང་ཤུགས་རྐྱེན་མི་ཐེབས་པ་བརྗོད་པས་ངས་བསླབ་བྱ་གཞན་སྦྱོང་བའི་མགོ་ཚུགས་ཏེ་དབྱིབས་རྩིས་ཀྱི་དཀའ་འདྲི་དེ་ཟུར་ལ་བཞག། སྐབས་ཐོག་དེར་ངས་སློབ་ཀྱིན་པ་ནི་ས་ཁམས་ཀྱི་ཤེས་བྱ་འགའ་སྟེ། ངས་ས་ཁམས་ཀྱི་དཔེ་དེབ་ལག་ཏུ་བླངས་མ་ཐག་དོན་དག་ཡ་མཚར་པོ་ཞིག་བྱུང་སོང། དེ་ནི་ད་སོ་མ་རྨོངས་ཤིང་འཐིབ་པའི་ཀླད་པ་དྭངས་ཤིང་གསལ་བར་གྱུར་ཏེ། ས་ཁམས་སློབ་ཚན་དེ་ཐོགས་མེད་ངང་ལེགས་པར་གྲུབ། ཡང་བསྐྱར་སྐར་མ་བཅུར་ངལ་གསོ་བྱས་རྗེས་དབྱིབས་རྩིས་འདྲི་གཞི་དེ་སླར་ཡང་གྲོལ། ཐེངས་འདིར་ངས་འདྲི་གཞི་དེ་དེ་འདྲའི་དཀའ་མོ་ཞིག་མིན་པ་རྟོགས་སོང། དཀའ་མདུད་དེ་ལྷས་ཕྱག་རོགས་གནང་བ་བཞིན་བག་ཕེབས་ངང་གྲོལ་བ་མ་ཟད། གྲོལ་ཐབས་ཀྱང་མི་འདྲ་བ་རིགས་གཉིས་རྙེད་བྱུང། སྦྱོང་ཚན་གྲུབ་རྗེས། ངས་དགའ་སྤྲོའི་ངང་ཨ་ཕར་ཕ་ལགས་ཁྱེད་ཀྱིས་སྨྲས་པ་ནོར་མི་འདུག  འདྲི་གཞི་དེ་དངོས་ནས་ཁག་པོ་ཞིག་མ་རེད་ཅེས་བརྗོད། ཕ་ལགས་འཛུམ་བཞིན་དུ་ཐབས་ལམ་ཡང་དག་ཅིག་རྙེད་མ་ཐུབ་པ་ལས། ས་སྟེང་འདིར་གྲོལ་དཀའ་བའི་དཀའ་མདུད་ཅིག་གཏན་ནས་མེད་ཅེས་སྨྲས་བྱུང།
     ཕྱིས་ཀྱི་ལོ་ཟླའི་ནང་འདི་ལྟ་བུའི་སྤེལ་མའི་ལུགས་ཀྱི་སློབ་སྦྱོང་བྱེད་ཐབས་ནི་ངས་རྒྱུན་དུ་སྤྱོད་ཀྱིན་ཡོད། བྱེད་ཐབས་འདི་ལྟ་བུ་སློབ་སྦྱོང་ཁོ་ན་ཙམ་མིན་པར་ང་རང་ཧ་ཝ་ཊི་སློབ་ཆེན་མཐར་ཕྱིན་རྗེས་སུ་ད་དུང་བྱ་བ་དང་འཚོ་བའི་ཁྲོད་དུ་སྤྱད་པས་བྱེད་ཐབས་འདིས་བདག་ལ་ཕན་འབྲས་འཛད་མེད་ཅིག་གནང།
     ཨ་ཕའི་ལམ་སྟོན་འོག། ངས་ནམ་རྒྱུན་བྱེད་ཐབས་ལེགས་པོར་བརྟེན་ནས་དཀའ་ངལ་ཐག་གཅོད་བྱེད། ང་རང་སློབ་སྦྱོང་དང་བྱ་བའི་ཁྲོད་ནས་དཀའ་ཁག་ལ་ཐུག་ཚེ། སྔོན་ལ་ངས་ནམ་ཡང་བར་སྐབས་སུ་བཏང་སྙོམས་སུ་འཇོག་པ་ལས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱིན་མེད། ངས་ལས་ཀ་གཞན་རྣམས་གྲུབ་རྗེས་ཕྱིར་དཀའ་ངལ་འདི་དག་གི་སྟེང་འཁོར་དུས་ཐོག་མའི་དཀའ་མདུད་དེ་གྲོལ་ཐབས་མེད་པ་ཞིག་མིན་པ་དང། འདི་ལྟར་ཆུ་ཚོད་ཡུད་ཙམ་ཕྱིན་དུས་དང་ཐོག་གི་དཀའ་མདུད་ཉོག་པོ་དེ་རྣམས་ཅུང་སྟབས་བདེ་ངང་སེལ་ཐུབ་པ་རྟོགས་སོང།

《卡爾.威特的教育》 ཞེས་པའི་རྒྱ་འགྱུར་མའི་དེབ་ལས་ཚན་བཤུས་ཀྱིས་བོད་བསྒྱུར་བྱས།

མདུན་ཤོག

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed