(ཕྱི་ལོ་༡༩༩༢ ཟླ་༡༠ ཚེས་༡༠ ཉིན།)
བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བོད་སྤྱི་པའི་འགན་འཁྲི་ནས་བསྡད་ཡོད་པས་ཞུམ་མེད་སྙིང་སྟོབས་ཀྱི་ཐོག་ནས་ལྷག་བསམ་རྒྱུན་བཅངས་བྱེད་དགོས།
དེ་རིང་འདིར་སློབ་ཕྲུག་གཙོ་བོར་གྱུར་པའི་སེར་སྐྱ་མང་པོ་ཞིག་འཛོམས་ནས་ཡོད་པ་རེད། དེ་བཞིན་སྐུ་མགྲོན་ཁག་བཅས་པར་ཞུ་རྒྱུར། ད་ལྟ་འདིར་དྷ་རམ་ས་ལ་ཤོད་ཀྱི་སློབ་གྲྭ་འདིར་དེ་རིང་ཡང་བསྐྱར་སླེབས་པའི་གོ་སྐབས་བྱུང་བར་དགའ་པོ་བྱུང༌། སྔོན་མ་ང་འདིར་འཁྱུག་ཙམ་སླེབས་པ་རེད། དེ་ནས་བར་དེར་ཧ་ལམ་ས་ཆ་ངོ་མ་ཤེས་པའི་བཟོ་འདྲ་པོ་ཆགས་འདུག ད་ལྟ་ལས་བསྡོམས་ནང་ལ་བཤད་པ་ནང་བཞིན་དངོས་གནས་ཡར་རྒྱས་མིག་གིས་མཐོང་རྒྱུ་ཡོད་པ་ཡིན་སྟབས་ཧ་ཅང་དགའ་པོ་བྱུང༌། ཚང་མ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དེ་ནས་ད་ལྟ་འདིར་ཚོགས་གཙོ་དང༌། ཚོགས་གཞོན། བཀའ་ཤག་གིས་གསུང་བཤད་དེ་ཚོའི་ནང་ལ་ཞིབ་ཕྲ་བཀའ་མོལ་བྱུང་སོང༌། ང་ལ་དམིགས་བསལ་གྱི་མང་པོ་ཞུ་རྒྱུ་གང་ཡང་མི་འདུག
འདས་པའི་ལོ་ཡུན་དེ་དག་གི་རིང་ལ་གནས་ཚུལ་འགལ་རྐྱེན་མང་པོ་ཞིག་གི་འོག་ནས་ང་རང་ཚོ་ཚང་མས་སེམས་ཤུགས་མ་ཆག་པར་ཧུར་ཐག་བྱས་པའི་ལག་རྗེས་ལ་བཙན་བྱོལ་བ་ཆགས་ནས་ལོ་སུམ་ཅུ་སོ་གསུམ་ལྷག་ཙམ་གྱི་ནང་ལ་བལྟས་ཡོང་དུས། ང་རང་ཚོའི་ཤེས་རིག་གི་ལས་དོན་གྱི་ཐོག་ལ་དངོས་གནས་གང་ལ་གང་འཚམ་གྱིས་བྱས་རྗེས་དང༌། གྲུབ་འབྲས་མཐོང་རྒྱུ་ཡོད་པ་ཞིག་བྱུང་ཡོད། དངོས་གནས་རང་སྤོབས་པ་སྐྱེས་འོས་པ་རེད། བྱེ་བྲག་སློབ་གྲྭ་འདིར་ཆ་བཞག་པ་ཡིན་ན། གོང་དུ་ལས་བསྡོམས་ནང་ལ་བཤད་པ་བཞིན། དངོས་གནས་རང་ཚང་མས་འབད་རྩོལ་སྙུགས་སྲིང་ངལ་བ་དང་ལེན་བྱས་པའི་གྲུབ་འབྲས་ལ་གནས་ཀྱི་རྩ་བའི་བཀོད་པར་མཚོན་ན་ཡང་ས་ཆ་དེ་ཙམ་མེད་པ་ཞིག་ལ་ལས་སྐུལ་ངལ་རྩོལ་གྱི་འོག་ནས་ད་ཆ་གང་ལྟར་གཞི་རྒྱ་གང་ལ་གང་འཚམ་ཆགས་ཐུབ་པ་བྱུང་བ་ཡིན་པ་རེད།
དེ་བཞིན་ནང་ཤེས་ཡོན་སྤྲོད་ཕྱོགས་ཀྱི་ཐོག་ནས་ཆ་བཞག་ན་ཡང༌། ཚང་མས་ཧུར་སྐྱེད་བྱས་པའི་འབྲས་བུ་ལ་གང་ལྟར་སློབ་ཚན་རན་པོ་རྒྱུགས་སྤྲོད་དེ་ཚོའི་ཐོག་ནས་གསལ་པོ་མཐོང་ཐུབ་པ་ཡིན་སྟབས་དགེ་རྒན་དགེ་ཕྲུག་གཉིས་ཀའི་ཐོག་ནས་གྲུབ་འབྲས་དངོས་གནས་རང་ཚད་ལོངས་པ་བྱུང་བ་ཧ་ཅང་དགའ་པོ་བྱུང༌། དེ་སྔ་འགོ་ཚུགས་པ་ནས་བཟུང་སྟེ་འདིར་དཀའ་ལས་རྒྱག་མཁན་མང་པོ་ཞིག་བྱུང་ཡོད་པ་རེད།
ད་ལྟ་ཡིན་ནའང་དཀའ་ལས་བརྒྱབ་དང་རྒྱག་བཞིན་པ་ཁྱེད་རང་ཚོ་ཚང་མ་ལ་བཀའ་དྲིན་དང་དྲན་གསོ་བྱེད་རྒྱུ་དང༌། ད་ལྟ་འདིར་ཁྱེད་རང་ཚོ་དཀའ་ལས་རྒྱག་བཞིན་པ་འདི་དག་ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ན་དངོས་གནས་བསོད་ནམས་བསག་རྒྱུའི་ལས་ཀ་དང། འཇིག་རྟེན་ཡ་རབས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཡང་བོད་སྤྱི་པའི་དོན་དག་དང་སོ་སོའི་མི་རིགས་ཤིག་འཛུགས་སྐྲུན་བྱེད་རྒྱུའི་ལས་ཀ་ཡིན་པ་རེད། ཆོས་དང་འཇིག་རྟེན་ག་རེའི་ཐོག་ནས་བཤད་པ་ཡིན་ན་ཡང་ཤེས་ཡོན་གྱི་ལས་ཀ་ཟེར་བ་འདི་དངོས་གནས་རང་རླབས་ཆེན་པོ་ཞིག་དང༌། སོ་སོའི་མི་ཚེ་གཅིག་གི་ནང་ལོགས་ལ་རང་ཉིད་རྗེས་སུ་ཡི་རང་སྐྱེས་ཆོག་པའི་ལས་དོན་ཡིན་པས་ད་དུང་ཡིན་ན་ཡང་ཚང་མར་ཧུར་ཐག་བྱེད་རོགས་ཞེས་འབོད་སྐུལ་བྱེད་རྒྱུ་ཡིན།
དེ་ནས་ང་རང་ཚོའི་ལེགས་ཆ་རྣམས་ཚང་མས་མཐོང་གསལ་ལྟར་བསྐྱར་ཟློས་དགོས་དོན་མི་འདུག སྤྱི་ཡོངས་ཀྱི་ཐོག་ནས་བཤད་པ་ཡིན་ན་ང་རང་ཚོ་བོད་མི་བཙན་བྱོལ་བ་གྲངས་ཀ་ཉུང་ཉུང་ཡིན་ན་ཡང་མི་འདུག་མི་འདུག་ཟེར་གྱིན་ཟེར་གྱིན་ལ་ང་ཚོ་ཡར་རྒྱས་ཕྱིན་པའི་ལག་རྗེས་རྣམས་འཛམ་བུ་གླིང་འདིའི་སྒང་ལ་མངོན་གསལ་མཐོང་ཐུབ་པའི་བཙན་བྱོལ་བའི་རྟེན་གཞི་ཆགས་ཡོད་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཕྱོགས་ནས་བཤད་པ་ཡིན་ན་ཡང༌། ད་ལྟའི་ཆར་ཆོས་དང་རིག་གཞུང་ཉམས་ལེན་བྱེད་མཁན་འབོར་ཆེན་པོ་མེད་ཀྱང། འཛམ་བུ་གླིང་འདིའི་སྒང་ལ་བོད་ཀྱི་ཆོས་དང་རིག་གཞུང་འདི་ངོ་སོ་མཐོན་པོའི་ཐོག་གནས་ཡོད་པ་རེད།
དེ་འདྲའི་གནས་ཚུལ་གྱི་འོག་ནས་རྩ་བའི་བོད་དོན་ལ་ཆ་བཞག་ན་ཡང་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྒྱ་མིའི་དབང་འོག་ལ་ཚུད་དེ་བསྡད་ཡོད་ཀྱང། བོད་དོན་རྩ་བ་ནག་བསུབ་གཏོང་མ་ཐུབ་པར་རྒྱ་མིའི་ཐོག་ལ་དཀའ་ངལ་མུ་མཐུད་ནས་འཕྲད་པ་དང༌། རྒྱ་མི་མགོ་ན་ནས་སྡོད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད། འདི་དག་ནི་གཙོ་བོ་བོད་རིགས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང༌། ཞུམ་པ་མེད་པའི་སྒོ་ནས་དཀའ་ངལ་ཁྱད་བསད་ཀྱིས་སྙུགས་སྲིང་ནས་བདེན་པ་མཐའ་གསལ་རྒྱུར་འབད་རྩོལ་བྱས་པའི་ལག་རྗེས་རེད།
ང་རང་ཚོ་བཙན་བྱོལ་བའི་ཐོག་ནས་ཡིན་ན་ཡང་དེ་ལུགས་ཀྱི་ཐབས་ཤེས་སྒོ་གང་ས་ནས་བྱས་པའི་གྲུབ་འབྲས་ཡིན་པ་རེད། གྲུབ་འབྲས་འདི་དག་སྐད་ཆ་ཚིག་སྐམ་པོ་གཅིག་གཉིས་ཤིག་བཤད་ནས་ཡོང་ཐུབ་པ་ཞིག་དང༌། འཁྲབ་སྟོན་འདྲ་བོ་ཞིག་བྱས་པའི་ཐོག་ནས་ཡོང་ཐུབ་པ་ཞིག་མིན། ལོ་ནས་ལོ་བསྟུད་འབད་བརྩོན་ཡུན་བསྲིངས་བྱས་ནས་ཡོང་དགོས་པ་ཡིན་སྟབས་ལས་སླ་པོ་ཞིག་མིན། འདི་དག་ནི་དངོས་གནས་དྲང་གནས་ང་ཚོའི་གྲུབ་འབྲས་ཆེན་པོ་ཆགས་ཡོད།
ད་ཚུར་ཕྱོགས་ང་ཚོའི་ཉེས་ས་ནས་བསམ་བློ་གཏོང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་ཡིན། ང་རང་ཚོ་ལྟོས་ས་ལྟོས་འཇོག་གི་ཡག་ཐག་ཆོད་ཡོད་བསམ་པའི་ཐོག་ནས་ཞེ་ལྷོད་ཕྱིན་པ་ཡིན་ན་དཔེ་ལ་ཡོད་པ་བཞིན་དེ་འདྲའི་ཉེན་ཁ་མ་ཡོང་བའི་ངེས་པ་མེད། ཐོག་མར་འཛུགས་སྐྲུན་བྱེད་པའི་སྐབས་མངོན་གསལ་དོད་པོའི་དཀའ་ངལ་ཞིག་མཐོང་གི་ཡོད་དུས་ཚང་མས་རིག་པ་བསྒྲིམས་ཏེ་རང་བཞིན་གྱིས་ཡར་རྒྱས་གཏོང་གི་ཡོད་པ་དང༌། གང་ལ་གང་འཚམ་གྱིས་གཞི་རྩ་ཚུགས། གང་ལ་གང་འཚམ་གྱིས་ཡར་རྒྱས་ཕྱིན་པའི་སྐབས་ལ་བསམ་བློའི་ནང་ལ་ད་འགྲིགས་བསྡད་ཡོད་བསམ་པའི་བློ་ལྷོད་ཀྱི་ངང་ནས་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་རེད།
ང་རང་ཚོའི་ལས་ཀ་གང་དུ་ཡིན་ན་ཡང་གང་ལ་གང་འཚམ་གྱིས་གྲུབ་འབྲས་སོན་པའི་སྐབས་ལ་ཁོ་མུ་མཐུད་ནས་བཟང་པོ་ཞིག་ལ་གནས་མ་ཐུབ་པར་རིམ་པས་ཇེ་སྡུག་ཇེ་ཞན་ལ་འགྲོ་བ་དེ་ལས་རིགས་གང་དུ་ཡིན་ཀྱང་ཡོང་གི་འདུག དཀའ་ངལ་མངོན་གསལ་དོད་པོ་ཡོད་པའི་སྐབས་ལ་ཚང་མས་རིག་པ་བསྒྲིམས་ཀྱི་ཡོད་པ་ཡིན་སྟབས་འཐུས་ཤོར་ཉུང་བ་བྱས། གང་ལ་གང་འཚམ་གྱིས་གྲུབ་འབྲས་ཐོན་པའི་མཚམས་ལ་ལྷོད་ཡངས་ཀྱི་གནས་ཚུལ་འོག་ནས་འཐུས་ཤོར་འགྲོ་རྒྱུ་ལས་སླ་བ་ཞིག་ས་ཆ་གང་དུ་ཡིན་ཀྱང་ཡོང་གི་འདུག དེ་འདྲ་ཡིན་སྟབས་ང་རང་ཚོ་ཡར་རྒྱས་འདྲ་པོ་གང་ལ་གང་འཚམ་ཕྱིན་པའི་སྐབས་ལ་ལྷོད་ཡངས་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་མཐོང་གི་འདུག
གཉིས་ནས་ང་རང་ཚོ་བོད་པའི་གཤིས་ཀ་ལ་ཛ་དྲག་གི་གནས་ཚུལ་ཡོད་ན་གདོང་ལེན་བྱེད་རྒྱུར་བོད་པར་ཐུན་མོང་མ་ཡིན་པའི་སྙིང་སྟོབས་དང༌། རྣམ་དཔྱོད་ཅིག་ཡོད་ངེས་ཅན་རེད། དེ་འདྲའི་ཛ་དྲག་གི་གནས་ཚུལ་མེད་པའི་སྐབས་ལ་ལྷོད་ཡངས་བྱེད་རྒྱུ་དང༌། སྒྱིད་ལུག་བྱེད་རྒྱུ་བོད་པའི་གཤིས་ཀ་ལ་ཡོད་པའི་བཟོ་འདྲ་ཞིག་འདུག དེས་ན་ཚང་མས་ལྷོད་ཡངས་ཀྱི་སྒང་ལ་མ་སོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་གླིང་འདིའི་ཁྱད་ནོར་བྱེ་བྲག་པ་གཅིག་ཡིན་བསམ་པ་མ་དྲན་ཀྱང༌། སོ་སོའི་མི་རིགས་ཤིག་གི་དོན་དག་ཡིན་བསམ་པ་དྲན་དགོས།
དཔེར་ན་ང་རང་ཚོས་ཆོས་དང་རིག་གཞུང་ཞེས་རྟག་པར་བཤད་ཀྱི་ཡོད་ཀྱང། ཁ་ནས་བཤད་པའི་ཚིག་དེས་འདང་གི་མེད། སོ་སོ་རང་ཉིད་ཀྱི་བསམ་བློའི་ནང་ལ་ཕྱོགས་གཅིག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་དེའི་གཙོ་ཆེའི་སྙིང་དོན་རྣམས་ཤེས་ཐུབ་པ་ཞིག་དང༌། གཉིས་ནས་ཤེས་པ་ཙམ་གྱིས་མི་ཆོག་པར་ཆུ་ཚོད་ ༢༤ རིང་སོ་སོའི་གོམས་གཤིས་ལ་འཇགས་ཐུབ་པ་ཞིག་དགོས་ཀྱི་ཡོད། དེ་བྱུང་བ་ཡིན་ན་བོད་ཀྱི་ཆོས་དང་རིག་གཞུང་དེ་སོ་སོའི་མི་ཚེའི་ཆ་ཤས་འདྲ་པོ་ཆགས་ཡོང་དུས་དེའི་ཐོག་ནས། སོ་སོའི་ཉིན་རེ་ཉིན་རེའི་འཚོ་བའི་ནང་ལ་ཡ་རབས་སྤྱོད་བཟང་ལྡན་མཁན་ཞིག་དང༌། དེའི་ཐོག་ནས་འཛམ་བུ་གླིང་འདིའི་སྒང་ལ་བོད་པའི་སྤྱི་ཚོགས་གང་དུ་ཡོད་ན་ཡང་ཡ་རབས་ཀྱི་སྤྱི་ཚོགས་ཆགས་ཐུབ་པ་ཞིག་ཡོང་གི་རེད།
བོད་ཀྱི་ཆོས་དང་རིག་གཞུང་རྩ་བ་ཆེན་པོ་རེད་ཅེས་ཁ་ནས་བཤད་པ་ཙམ་དང༌། བོད་ཆས་གྱོན་ཤེས་ཙམ་ཞིག་དང༌། བོད་སྐད་རྒྱག་ཤེས་པ་ཙམ་ཞིག་གིས་མི་འགྲིགས་པར་བསམ་བློའི་ནང་ལ་བོད་པའི་ཆོས་དང་རིག་གཞུང་གི་བསླབ་བྱ་བཟང་པོའི་ཚོར་སྣང་དེ་སེམས་ནང་ལ་རྒྱུན་དུ་འཇགས་ཐུབ་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་འདུག དཔེར་ན་འདས་པའི་ལོ་སུམ་ཅུ་སོ་གྲངས་ནང་ང་ཚོའི་སློབ་གྲྭའི་ནང་ནས་སློབ་སྦྱོང་གང་ལ་གང་འཚམ་ཐོན་བསྡད་མཁན་རིགས་ཤིག་ཡོང་གི་ཡོད། ཁོང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་པ་རེད། ཚང་མའི་སྣང་བ་ལ་འཇགས་བསྡད་ཡོད་པ་རེད། འོན་ཀྱང་འགག་ལ་ཐུག་པའི་སྐབས་ལ་སོ་སོ་སྒེར་གྱི་དཔལ་འབྱོར་དང་འབྲེལ་བའི་གོ་སྐབས་བྱུང་བ་ཡིན་ན་དེ་དང་ལེན་བྱེད་པ་མ་གཏོགས། བོད་ཀྱི་སྤྱི་པའི་དོན་དག་དང་ཡང་སྒོས་ང་རང་ཚོའི་མི་རབས་ནས་མི་རབས་གཙོ་སྐྱོང་བྱེད་རྒྱུའི་ལས་རིགས་དེ་འདྲའི་ནང་ལ་ཁྱོན་ནས་དོ་སྣང་མེད་པ་དེ་འདྲ་ཡོང་གི་འདུག
བོད་ཀྱི་ཆོས་དང་རིག་གཞུང་འདི་དག་འཛམ་བུ་གླིང་འདིའི་ཁྱད་ནོར་བྱེ་བྲག་པ་གཅིག་ཡིན་བསམ་པ་མ་དྲན་ན་ཡང༌། སོ་སོའི་མི་རིགས་ཤིག་གི་དོན་དག་ཡིན་བསམ་པ་དྲན་དགོས་ཀྱང། ཤེས་ཡོན་གང་ལ་གང་འཚམ་ཡོད་པ་འགའ་ཞིག་གིས་སོ་སོའི་ཁྱིམ་ཚང་གི་གནད་དོན་དང་འབྲེལ་བའི་གོ་སྐབས་གང་དུ་བྱུང་རུང་དེར་འགྲོ་རྒྱུ་གཙོ་བྱས། སྤྱི་པའི་དོན་དག་ལ་དེ་ཙམ་གྱི་སེམས་ཁུར་མེད་མཁན་དེ་འདྲ་ཡོང་གི་འདུག དེ་ཚོ་ང་ཚོའི་ཏན་ཏན་འཐུས་ཤོར་རེད། དེ་འདྲའི་འཐུས་ཤོར་མཐོང་ཚར་དུས་དེ་བྱས་ཆོག་གི་མ་རེད། ཁྱོད་རང་གིས་ནོར་བ་རེད་ཅེས་ལབ་པས་ལ་མི་དག་ཅིང། ཕན་ཐོགས་གང་ཡང་མི་འདུག
དེས་ག་རེའི་རྟགས་བསྟན་གྱི་ཡོད་པ་རེད་ཅེས་ཟེར་ན། མི་དེ་ཚོའི་གྲས་ཐོག་མར་སློབ་གྲྭ་འགྲིམས་ནས་སློབ་སྦྱོང་བྱེད་པའི་སྐབས་སུ་བསམ་བློའི་ནང་ལ་བོད་ཀྱི་ཆོས་དང་རིག་གཞུང་སྐོར་དང༌། དེ་དང་འབྲེལ་བའི་བོད་སྤྱི་པའི་དོན་དག་གི་སེམས་ཤུགས་ཀྱི་ས་བོན་ནུས་པ་ཐོན་པ་ཞིག་འདེབས་མ་ཐུབ་པའི་ཉེར་ལེན་གྱིས་མཐའ་མ་སློབ་སྦྱོང་མཐའ་འཁྱོལ་ནས་མི་ཚེ་སྐྱེལ་བའི་སྐབས་ལ་སྒེར་ཕན་གྱི་གོ་སྐབས་བཟང་པོ་ཞིག་རག་སོང་ན་ལམ་སང་དེར་རྒྱུག་འགྲོ་བའི་གནས་ཚུལ་འདི་ཆགས་ཡོང་གི་འདུག སྤྱིར་ན་མི་སོ་སོ་སྒེར་གྱི་ཐོབ་ཐང་རེད་ལ། རང་དབང་ཡིན་པས་སོ་སོ་ག་རེ་བྱས་ཀྱང་དེ་ཆོག་གི་མ་རེད་ཟེར་ཐབས་མེད་ནའང། བློ་ཕམ་པའི་གནས་ཚུལ་ཞིག་རེད། འདི་ང་ཚོའི་འཐུས་ཤོར་གཅིག་རེད།
དེ་བཞིན་ང་རང་ཚོས་བོད་ཀྱི་ནང་ལ་བོད་ཀྱི་ཆོས་དང་རིག་གཞུང་གཙོ་བོར་གྱུར་པའི་བཟང་པོའི་ལྟ་སྤྱོད་ཉམས་ཆག་འགྲོ་གི་འདུག་ཅེས་ང་ཚོས་བཤད་ཀྱི་ཡོད་པ་རེད། སྤྱི་ཡོངས་ཀྱི་ཐོག་ནས་བཤད་པ་ཡིན་ན། ང་ཚོ་བཙན་བྱོལ་ལ་ཡོད་པ་འདི་དག་ཆོས་དང་རིག་གཞུང་ཐོག་ལ་གོ་སྐབས་ཏན་ཏན་མང་བ་དང༌། མཐུན་རྐྱེན་འཛོམས་པ་དང་ལེགས་པ་ཡོད་ཀྱང༌། ཞིབ་ཕྲའི་ཚད་བསྡུར་བྱས་ཏེ་དཔེར་ན་བོད་ཡིག་ལེགས་ཉེས་ལ་མཚོན་ན། བོད་ནང་འཚར་ལོངས་བྱེད་མཁན་གྱི་མི་སློབ་སྦྱོང་གི་གོ་སྐབས་མ་བྱུང་བའི་གྲས་མ་གཏོགས། གོ་སྐབས་བྱུང་བ་ཚོའི་བོད་ཡིག་གནས་ཚད་དང༌། ང་ཚོ་རིག་གནས་ཐོན་པར་བརྩིས་པའི་བོད་ཡིག་གི་གནས་ཚད་བསྡུར་བ་ཡིན་ན་འོ་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་འདུག
དེ་ག་ནང་བཞིན་འཛམ་གླིང་གི་དེང་དུས་ཀྱི་ཤེས་ཡོན་སྣ་ཚོགས་པ་དེ་ཚོའི་གྲས་སྐད་ཡིག་གཞན་དག་ལ་བརྟེན་མི་དགོས་པར་སོ་སོ་རང་གི་སྐད་ཡིག་གི་ཐོག་ནས་དོན་དག་ཚང་མ་ཤེས་ཐུབ་པ་ཞིག་བྱེད་དགོས་ཀྱི་འདུག་ཅེས་ང་ཚོས་ལོ་ནས་ལོ་བསྟུད་དེ་འབད་རྩོལ་བྱེད་ཀྱི་ཡོད་པ་རེད། འབོད་སྐུལ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་བོད་ནང་ནས་ཡིག་ཆ་ཐོན་པ་དེ་ཚོའི་གྲས་ལེགས་པ་ཡོད་པའི་བཟོ་འདུག དེ་ཚོའི་གྲས་ང་ཚོས་འཐུས་ཤོར་གྱི་ཡོད་པའི་རྟགས་གསལ་པོ་རེད། ང་རང་ཚོར་བསྟོད་ར་མི་གཞན་དག་གིས་བཏང་ན་འགྲིགས་པ་རེད། ང་རང་ཚོ་ནང་ཚགས་རུབ་རུབ་བྱས་ནས་གོ་བསྡུར་བྱེད་དུས་ང་ཚོ་འཐུས་ག་ནས་ཤོར་གྱི་འདུག ང་ཚོ་གྲ་མ་འགྲིག་ཐོན་ས་ག་ནས་ཐོན་གྱི་འདུག དེ་ཚོར་བསམ་བློ་བཏང་ནས་དོ་སྣང་བྱེད་རྒྱུ་དེ་གལ་ཆེན་པོ་རེད། འཐུས་མ་ཤོར་བ་བྱུང་ན་ཚགས་ཚུད་པོ་དང་ཡར་རྒྱས་ཡོང་ཡོང་པ་རེད། ང་ཚོས་རྒྱུན་དུ་ལྷོད་ཡངས་མ་ཤོར་བ་དང༌། གཟབ་གཟབ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་འདུག
ཆོས་དད་ཡོད་མིན་ལ་མ་ལྟོས་པར་མི་རིགས་ཀྱི་ཁྱད་ཆོས་མཚོན་བྱེད་རིག་གཞུང་ཡིན་པ་ལ་ངོས་འཛིན་བྱས་ཏེ་ཚང་མས་ནང་པའི་ཆོས་དེ་བསྐྱར་གསོ་བྱེད་དགོས།
གཞི་རྐང་ང་རང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་འདི་དག་ཕྱོགས་གཅིག་ནས་འཛམ་བུ་གླིང་འདིའི་སྒང་ལ་རིག་གཞུང་འདྲ་མི་འདྲ་མང་པོ་ཡོད་པ་དང༌། གནའ་རབས་ཀྱི་རིག་གཞུང་མང་པོ་ཡོད་པའི་ནང་ལ་བོད་ཀྱི་རིག་གཞུང་འདི་དངོས་གནས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་གི་ཡག་པོ་ཡོད་པ་དེ་འཛམ་བུ་གླིང་གི་མི་དོ་སྣང་ཡོད་མཁན་དང་བློ་གཟུ་བོར་གནས་པ་ཕལ་མོ་ཆེས་མོས་མཐུན་གཅིག་གྱུར་ཡོད་པ་གསལ་པོ་རེད།
གཉིས་ནས་ང་རང་ཚོ་བོད་མི་རིགས་གཞིས་བྱེས་ཚང་མའི་སེམས་ཀྱི་གཏིང་ལ་སོ་སོའི་རང་དབང་བརླག་པའི་སེམས་ནད་ཆེན་པོ་ཡོད། མི་རིགས་ཤིག་གི་རང་དབང་ཞེས་པའི་འགག་རྩ་སོ་སོའི་མི་རིགས་འབུར་ཐོན་ཡོད་པ་དང་མི་རིགས་ཟུར་གསལ་ཞིག་ཡོང་བའི་ཁྱད་ཆོས་སམ་ངོ་བོ་མཚོན་བྱེད་གཙོ་བོ་དེ་སོ་སོའི་རིག་གཞུང་འདི་ཡིན་པ་རེད། དཔེར་ན། སྔོན་མ་ཨུ་རུ་སུའི་ཁྱབ་ཁོངས་ཀྱི་མངའ་སྡེ་ཁ་ཤས་ཤིག་ལ་ཉེ་ཆར་ཕྱིན་པ་ཡིན། ས་ཁུལ་དེ་ཚོའི་ནང་ལ་སོ་སོ་སྒེར་གྱི་ངོས་ནས་ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར་ནང་པ་སངས་རྒྱས་པའི་ཆོས་ཤིག་མེད་ན་སོ་སོའི་མི་རིགས་ཀྱི་རྣམ་པ་བྱེ་བྲག་པ་ཞིག་མཚོན་གྱི་མེད་པ་དང་མི་རིགས་ཀྱི་མཚོན་བྱེད་བརླག་འགྲོ་གི་འདུག་ཅེས་ཟེར་གྱི་འདུག སོ་སོ་སྒེར་གྱི་ཆོས་དད་ཡོད་མིན་ལ་མ་ལྟོས་པར་མི་རིགས་ཀྱི་ཁྱད་ཆོས་མཚོན་བྱེད་རིག་གཞུང་ཡིན་པ་ལ་ངོས་འཛིན་བྱས་ཏེ་ཚང་མས་ནང་པའི་ཆོས་དེ་བསྐྱར་གསོ་བྱེད་མ་ཐུབ་ན་སོ་སོའི་མི་རིགས་ཀྱི་རྣམ་པ་དེ་བརླག་གི་འདུག་ཅེས་དོ་འཁུར་ཆེན་པོ་བྱེད་ཀྱི་འདུག ནང་པའི་ཆོས་དེ་ཆོས་ལ་འདུ་ཤེས་ནས་སྐྱེ་བ་ཕྱི་མ་ལ་ཕན་གྱི་རེད་བསམ་པའི་འདུ་ཤེས་ཡོད་རུང་མེད་རུང་གང་ལྟར་སོ་སོ་གསོན་པའི་མི་ཚེ་འདིའི་རིང་མི་རིགས་བྱེ་བྲག་པ་གཅིག་གི་རྣམ་འགྱུར་མ་བརླག་པ་དང༌། དེའི་རྣམ་པ་མ་བརླག་པའི་དོན་དག་ལ་ནང་པའི་ཆོས་དེ་གལ་ཆེན་པོ་འདུག་ཅེས་ཁོང་ཚོ་མང་པོ་ཞིག་གིས་བཤད་བྱུང༌།
ང་རང་ཚོ་བོད་ལ་ཡིན་ནའང་དེ་དེ་བཞིན་རེད། ང་ཚོར་རང་དབང་དགོས་ཀྱི་ཡོད། ང་ཚོའི་རང་དབང་བརླག་སོང་ཟེར་བའི་རྩ་བ་འདྲ་པོ་དེ་སོ་སོ་མི་རིགས་ཟུར་གསལ་ཞིག་ཡིན་པའི་སྐད་ཆ་བཤད་ཡོང་དུས་སོ་སོའི་ཆོས་དང་རིག་གཞུང་གལ་ཆེན་པོ་རེད། མི་རིགས་ཤིག་གི་ལ་རྒྱའི་ཆ་ནས་བཤད་པ་ཡིན་ན་ཡང་རུང༌། མི་རིགས་ཀྱི་རྣམ་པ་ཟུར་གསལ་གྱི་མཚོན་བྱེད་དམ། མི་རིགས་ཀྱི་ཁྱད་ཆོས་མཚོན་བྱེད་གང་ཅིར་སོ་སོའི་ཆོས་དང་རིག་གཞུང་གལ་ཆེན་པོ་རེད། ང་རང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་འདི་འཛམ་བུ་གླིང་འདིའི་སྒང་གི་རིག་གཞུང་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་ང་རང་ཚོས་གཏམ་འདོད་བྱས་ནས་བཤད་པ་དང༌། ང་རྒྱལ་གྱི་ཐོག་ནས་བཤད་པ་མིན་པ། རྒྱུ་མཚན་གྱི་ཐོག་ནས་མཐོང་གསལ་ཡིན།
དཔེར་ན་ཁ་སང་ཁ་ཉིན་ཉིན་ལྔའི་རིང་ལ་ཚན་རིག་པ་དེ་འདྲ་དང་ང་ཚོ་མཉམ་དུ་འཚོགས་ཏེ་བསམ་ཚུལ་གོ་བསྡུར་བྱས་པ་ཡིན། ད་རེས་ཐེངས་དང་པོ་མ་རེད། དེ་སྔ་དེ་འདྲ་ཚར་འགའ་ཤས་ཚོགས་མྱོང༌། དེས་ག་རེ་རྟགས་བསྟན་གྱི་ཡོད་པ་རེད་ཅེས་ཟེར་ན། སྤྱིར་བཏང་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་མང་པོ་ཡོད་ཀྱང། དེང་དུས་ཀྱི་ཚན་རིག་པ། ཚན་རིག་གི་སྡེ་ཚན་རིགས་ཁ་ཤས་ཀྱི་ཚན་རིག་པ་དེ་ཚོ་དང་མཉམ་དུ་གོ་བསྡུར་བྱེད་ཐུབ་མཁན་དེ་ཕལ་ཆེར་ནང་པའི་ཆོས་མ་གཏོགས་དཀོན་པོ་རེད། ཚན་རིག་གི་སྡེ་ཚན་ཚང་མ་རང་གང་ཤེས་ཏེ། གཙོ་བོ་སེམས་དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་ནང་པའི་ཆོས་དང༌། ཚན་རིག་གི་སྡེ་ཚན་བྱེ་བྲག་པ་དེ་ཚོ་མཉམ་དུ་ཟུང་སྦྲེལ་གྱི་ཐོག་ནས་ཉམས་ཞིབ་བྱེད་རྒྱུ་ལ་དེང་སང་ཚན་རིག་པ་ཚོའི་ནང་དུ་དོ་སྣང་ཆེ་རུ་ཆེ་རུ་འགྲོ་བ་གསལ་པོ་འདུག ང་རང་ཚོའི་ཕ་མེས་ནས་རིམ་པས་རིམ་པས་དར་སྤེལ་བྱུང་ནས་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་ང་ཚོའི་བོད་ཀྱི་རིག་གཞུང་འདི་དངོས་གནས་འཛམ་བུ་གླིང་འདིའི་སྒང་ལ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡོད་པའི་རྟགས་གསལ་པོ་བསྟན་གྱི་ཡོད། དེ་ལྟར་སྤྱི་དང་བྱེ་བྲག་གི་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་བསམ་བློ་བཏང་བ་ཡིན་ན་སོ་སོའི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་སྤེལ་བྱས་ནས་དེའི་ངོ་བོ་དང་ཁྱད་ཆོས་ངོས་ཟིན་རྒྱུ་དང༌། དེའི་དགོས་པ་དགེ་མཚན་སེམས་ཀྱི་ནང་ལ་འཇགས་ཐུབ་པའི་ཐོག་ནས་དེ་ལུགས་ཀྱི་འབད་རྩོལ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ངས་དེ་ཞུས་ན་བསམ་བྱུང༌། གཞན་དེ་འདྲ་ཞིག་རེད།
དེ་རིང་འདིར་སེར་སྐྱ་མི་མང་གང་ལ་གང་འཚམ་ཞིག་སླེབས་ཡོད་པ་རེད། ང་རང་ཚོ་བོད་སྤྱི་པའི་དོན་དག་ལ་ཆ་བཞག་ན་ག་རེ་བྱས་ཀྱང་བདེན་མཐའ་གསལ་རྒྱུའི་ཐོག་ལ་ཕྱོགས་མང་པོ་ཞིག་ནས་འགལ་རྐྱེན་རྣམས་འགྱུར་བཞིན་པ་དང༌། མཐུན་རྐྱེན་མང་པོ་ཞིག་འཛོམས་ཡོང་གི་ཡོད། ད་ལྟའི་དགུ་བཅུ་གོ་གཉིས་ནས་གོ་གསུམ། གོ་བཞི། གོ་ལྔ་སོགས་ལོ་ཁ་ཤས་རིང་ང་ཚོ་ལམ་འཕྲང་དོག་ས་ཞིག་ལ་སླེབས་ཡོད། ལ་རྩེ་རུ་སླེབས་ཐག་ཉེ་བ་གང་ཞིག་ལ་དེའི་ལམ་འཕྲང་དོག་པོ་ཡོད་པའི་གནས་ཚུལ་དེ་འདྲ་ཞིག་ཆགས་ཡོད།
ང་རང་ཚོ་འདིར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་བོད་སྤྱི་པའི་དོན་དག་གི་འགན་ཁུར་འཁྲིས་ནས་བསྡད་ཡོད་པ་ལྟར་ཚང་མས་ད་ལྟ་ཕན་ལ་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་ཐོག་ནས་ལྷག་བསམ་རྒྱུན་བཅངས་བྱས་ཏེ། སོ་སོར་སྐབས་སུ་བབ་པའི་ལས་རིགས་གང་གི་ནང་ལ་ཡིན་ན་ཡང་ཚང་མས་སྤྱི་པའི་དོན་དག་བསམ་སྟེ་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད་པ་རེད་ལ། ད་དུང་ཡིན་ཀྱང་ཚང་མར་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན།
ཉི་མ་ཚ་པོ་བྱེ་ཐང་འདྲ་པོ་འདིའི་ནང་ལ་ཁྱེད་རང་ཚོ་བསིལ་གྲིབ་མེད་པར་སྡོད་སྐབས་སྐད་ཆ་ཡུན་རིང་པོ་བཤད་ན་ཁྱེད་རང་ཚོ་ཐང་ཆད་ཅིང། དཀའ་ལས་ཡོད་འགྲོ། ཁྱེད་རང་ཚོ་ཚང་མས་སྒྲིག་ཁྲིམས་སྲུང༌། ཚང་མ་དངོས་གཙང་མ། སེམས་ལ་དགའ་སྣང་དང༌། སྤྲོ་སྣང་གི་རྣམ་པ་གདོང་གི་ཐོག་ནས་གསལ་པོ་མཚོན་གྱི་འདུག་སྟབས་ང་རང་ཧ་ཅང་དགའ་པོ་བྱུང་ལ་ཚང་མ་ལ་ཐུགས་རྗེ་ཆེ་ཡང་བསྐྱར་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ།། །།