ཟླ་རེའི་གསར་འགྱུར།

མ་སུ་རི་བོད་ཁྱིམ་གྱི་སློབ་ཁག་གཉིས་ནང་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཚོགས།

གསར་འཕྲིན།

༄༅། །མ་སུ་རི་བོད་ཁྱིམ་ནས་གདན་ཞུ་གནང་དོན་ལྟར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དེ་གར་ཆེད་ཕེབས་ཀྱིས། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་གནང་།
དེ་ཡང་ཕྱི་ཚེས ༢༧ ཉིན་རཱཇཔུར་བོད་ཁྱིམ་གྱི་སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་དང་། སློབ་མ་དབུས་བཞག་གི་སློབ་ཁྲིད་གནང་སྟངས། ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་བསླབ་གཞི་རྩ་འཛིན་གྱི་བརྗོད་གཞི་ཁག་ངོ་སྤྲོད་དང་དྲི་བ་དྲིས་ལན་གནང་། དེ་བཞིན་འདི་ལོའི་སློབ་དུས་གསར་བའི་ནང་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་འཛིན་གྲྭའི་ནང་དུ་སློབ་ཁྲིད་གནང་སྐབས་ལག་བསྟར་གནད་སྨིན་ཡོང་ཐབས་ཀྱི་གོ་བསྡུར་སྦྱང་བཤད་གནང་ཡོད་པ་རེད།
ཕྱི་ཚེས་ ༢༨ སྔ་དྲོ་མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་ནས་ཟབ་སྦྱོང་གལ་གནད་ངོ་སྤྲོད་དང་འབྲེལ་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་གོང་གསལ་བརྗོད་གཞི་ཐོག་དང་། གཞི་རིམ་བར་མ་དང་གོང་མའི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ངོ་སྤྲོད་སྦྱང་བཤད་གནང་བ་དང་ཆབས་ཅིག་ཉེ་སྔོན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་ལྟ་གྲུབ་དགེ་རྒན་ལུང་རིགས་ངག་དབང་ལགས་དང་། སློབ་དགེ་བསོད་ནམས་ཚེ་རིང་ལགས། སློབ་དགེ་བློ་བཟང་དོན་གྲུབ་ལགས་བཅས་ནས་ཀྱང་མ་སུ་རི་དང་རཱཇཔུར་སློབ་དགེ་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་ཉམས་མྱོང་བརྗེ་རེས་གནང་།
ཟབ་སྦྱོང་མཇུག་བསྡོམས་སྐབས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས་ནས་མཇུག་བསྡོམས་གསུང་བཤད་དང་ཐུགས་རྗེ་ཆེ་ཞུ་གནང་ནས་ཟབ་སྦྱོང་ལེགས་གྲུབ་བྱུང་བ་བཅས། །

སྔོན་མ།
གཞི་རིམ་བར་མའི་དགེ་རྒན་འོས་སྦྱོང་གི་གསལ་བསྒྲགས།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དྲུག་པ་ཚོགས་པ།
Menu