ཟླ་རེའི་གསར་འགྱུར།

མང་ཚོགས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་སྤེལ་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མི་མང་ཚོགས་དང་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་གོ་རྟོགས་སྤེལ་རྒྱུའི་ལས་གཞིའི་འོག་མ་སུ་རི་བོད་ཁྱིམ་ནས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས ༡༠ ཉིན་མ་སུ་རི་བོད་ཁྱིམ་དང་། ཕྱི་ཚེས་ ༡༡ ཉིན་ར་ཛ་པུར་བོད་ཁྱིམ་བཅས་ལ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་དགེ་རྒན་དང་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ལམ་སྟོན་གསུང་བཤད་དང་དྲི་བ་དྲིས་ལན་གོ་སྒྲིག་ཞུས།
དེ་ནས་ཕྱི་ཚེས་ ༡༣ ཉིན་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས་དང་ར་ཛ་པུར་བོད་ཁྱིམ་སློབ་སྤྱི་མིག་དམར་ལགས། བོད་ཡིག་རྒྱུས་སྟོན་པ་བཟང་པོ་ལགས་བཅས་ནས་བདེ་སྐྱིད་གླིང་སློབ་ཕྲུག་གི་ཕ་མ་དང་། མི་མང་ ༢༥༠ ཙམ་ལ་ཤེས་ཡོན་སྲིད་བྱུས་དགོངས་དོན་ཤེས་ཡོན་སྤྲོད་པའི་དགོས་དམིགས་དང་། ཕ་མའི་འགན་ཁུར་གནང་ཕྱོགས་བཅས་ཀྱི་སྐོར་གོ་རྟོགས་ལས་གཞི་སྤེལ་ཐུབ་པ་བྱུང་ཡོད།
ཉེ་ཆར་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༥ ནས་ཕྱི་ཟླ་ ༩ ཚེས་ ༧ བར་མན་སྤར་ཕན་བདེ་གླིང་དང་། བྷན་དྷ་ར་ནོར་རྒྱས་གླིང་། ཨོ་རི་ས་ཕུན་ཚོགས་གླིང་བཅས་བོད་མིའི་གནས་སྡོད་ས་གནས་ཁག་གསུམ་གྱི་སམ་བྷོ་ཊ་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྲིད་བྱུས་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་གནང་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༡༡ ནས་ ༢༣ བར་ར་ཝང་ལ་ཀུན་ཕན་གླིང་དང་། ཏེ་ཛུ་དར་རྒྱས་གླིང་། བསྟན་འཛིན་སྒང་བཅས་བྱང་ཤར་ཁུལ་གྱི་བོད་མིའི་གནས་སྡོད་ས་གནས་ཁག་གསུམ་ལ་ཤེས་ཡོན་སྲིད་བྱུས་ཀྱི་སྐོར་གོ་རྟོགས་སྤེལ་བཞིན་ཡོད།

ལས་འཆར་དེ་བཞིན་ཨ་རིའི་རོགས་དངུལ་ཁོངས་ནས་མཐུན་འགྱུར་ཞུས་པ་ཞིག་ཆགས་ཡོད། །

སྔོན་མ།
གཞི་རིམ་བར་མའི་ཚན་རིག་སློབ་ཚན་རིགས་ལམ་བརྒྱུད་ནས་ཁྲིད་ཐབས་ཀྱི་ལག་དེབ་རྩོོམ་སྒྲིག་གཏན་འབེབས་ཚོགས་འདུ།
ཕྱི་མ།
གཞི་རིམ་འོག་མའི་བོད་ཡིག་སྦྱོང་དེབ་ཀྱི་ཚོགས་འདུ་ཐེངས་གཉིས་པ་ཚོགས་པ།
Menu