༡༣༽ ཕྱི་ལོ་ ༡༩༨༡།༡༢།༡༦ ཉིན་ཤེས་རིག་པར་ཁང་ལ་ལས་བྱེད་བསྡོམས་བཅུ་དྲུག་ཡོད་པ་སྐབས་དེའི་ཡིག་ཆར་གསལ།
༡༤༽ ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༨༥།༣།༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་དྷ་ས་བོད་གཞུང་ཤེས་རིག་པར་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། གསུང་རབ་ཕྱག་དཔེ་ཁག་ལ་ཐུགས་ཞིབ་དང་བྱིན་འབེབས་ཐུགས་སྨོན་ཕྱག་ནས་སྩལ་བར་མ་ཟད། འགོ་ལས་ཡོངས་ལ་མཇལ་ཁ་ཕྱག་དབང་དང་ཕྱག་སྲུང་གསོལ་སྩལ་བཀའ་དྲིན་ཆེ་བ་བྱུང༌། དེ་བཞིན་དེ་སྔར་གོང་ནས་གསོལ་སྩལ་གནང་བའི་ཕྱག་དངུལ་མ་སྐྱེད་བཅས་ཐུགས་རྗེ་བཀའ་བཀའ་དྲིན་བླ་མེད་བཅས་ཕྱིར་འབུལ་ཞུས།
༡༥༽ ཕྱི་ལོ་ ༡༩༨༥།༩།༢༨ ཉིན་ཤེས་རིག་པར་ཁང་གིས་ཡིག་ངག་གཉིས་ཐོག་ནས་བལ་ཡུལ་དང་ལྡི་ལི་གཉིས་ལ་ས་ཁང་ཉོ་ཆོག་པའི་བཀའ་འཁྲོལ་ལན་མང་ཞུས་པ་བཞིན་ཤེས་རིག་ལས་ཁུངས་ནས་བཀའ་འཁྲོལ་ཡིག་ཐོག་སྩལ།
༡༦༽ བོད་དང་བལ་ཡུལ་དུ་བཞུགས་པ་ཚོས་རྒྱ་གར་ནས་ཕྱག་དཔེ་བླུ་ཡོན་ཞུས་ཏེ་འཁྱེར་སྐབས་ས་མཚམས་སུ་དོ་པོ་བསྔོགས་བཤེར་དང་ཟ་བེད་དཀའ་ངལ་ཆེ་བ། སྦྲག་གླ་མཐོ་བར་བརྟེན་སྤྱིར་བཏང་ཕྱི་ལོ་ ༡༩༧༩ ནས་བལ་ཡུལ་དུ་ཁང་པ་ཞིག་ཁང་གླར་གླས་ཏེ་ཤེས་རིག་པར་ཁང་གི་ཡན་ལག་ཚོང་ཁང་བཙུགས་ཡོད་ཀྱང་གནས་སྟངས་བརྟན་པོ་མིན་པར་བརྟེན། ཤེས་རིག་ལས་ཁུངས་ཀྱིས་བཀའ་འཁྲོལ་གནང་བ་ལྟར་ཕྱི་ལོ་ ༡༩༨༥།༡༡།༡༢ ཉིན་ཤེས་རིག་པར་ཁང་གིས་རིག་གཞུང་ཁྱབ་སྤེལ་ཆེད་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ས་ཁུལ་དུ་གནས་འཁོད་བོད་རིགས་བཀྲ་ཤིས་དོན་གྲུབ་ཀྱི་ས་ནས་ས་ཆ་རྒྱ་ཁྱོན་ཕུ་གྲུ་ ༣༢༈༣༠ ཡོད་པའི་ཁང་པ་སྟེང་ཤོད་ཁང་མིག་བརྒྱད་དང་ནུབ་རྒྱུད་ཁང་ཆུང་བཅས་སྤུས་ཉོ་བྱས་རྗེས་དེབ་སྐྱེལ་ཡིག་ཆ་རྣམས་བལ་ཡུལ་གངས་ཅན་བདེ་རྩའི་མིང་ཐོག་ཡོད། བལ་ཡུལ་དུ་ཕྱག་དཔེ་བླུ་ཡོན་ཞུ་བདེའི་ཤེས་རིག་པར་ཁང་གི་ཡན་ལག་གསར་འཛུགས་ཐུབ་པ་དེས་བོད་དང་བལ་ཡུལ་ཁུལ་དུ་གནས་འཁོད་རང་རིགས་ཚོར་ཕན་ཐོགས་ཆེན་པོ་བྱུང༌།
༡༧༽ དེ་བཞིན་ཕྱི་ལོ་ ༡༩༨༦ ལོར་ལྡི་ལི་བསམ་ཡས་གླིང་ངམ་མན་ཇུ་ཀྲི་ལའི་ནང་གནས་འཁོད་བོད་རིགས་དམ་ཆོས་ལགས་ཀྱི་ཁྱིམ་ཚང་གཅིག་གི་ས་ཆ་ཨང་ ༢༢ ཅན་དང་གུར་རང་འགྲིགས་བོད་གཞུང་ཤེས་རིག་པར་ཁང་གིས་སྤུས་ཉོ་བྱས་རྗེས་ཕྱི་ལོ་ ༡༩༨༧ ལོར་ཁང་པ་ཐོག་བརྩེགས་གཉིས་ཅན་ཧིན་སྒོར་ ༢༣༠༠༠༠།༠༠ ཐོག་གསར་རྒྱག་ཞུས་འདུག་པ་དེ་དག་ལྡི་ལི་ཤེས་རིག་པར་ཁང་ཡན་ལག་གི་ལས་ཁུངས་དང་ལས་བྱེད་གཉིས་ཀྱི་ལས་ཤག དཔེ་དེབ་དང་བཀའ་བསྟན་གསུང་རབ་པར་བསྐྲུན་ཟིན་རྗེས་གནས་སྐབས་ཉར་འཇོག་གནང་སར་སྤྱད།
༡༨༽ ཕྱི་ལོ་ ༡༩༨༨།༢།༢༦ ཉིན་དྷ་ས་དབུས་ཤེས་རིག་པར་ཁང་ཆགས་ཡུལ་སྨན་རྩིས་ཁང་གི་གཤམ་དུ་ཡོད་པའི་སི་སི་རྡར་གོ་སེ་ས་ཁང་རྣམས་སྐབས་དེའི་ཤེས་རིག་དྲུང་ཆེའི་མཚན་ཐོག་མིང་བསྒྱུར་གནང་བ་མ་ཟད། དེར་ཨར་ལས་འཛུགས་སྐྲུན་གནང་སྟེ། ཤེས་རིག་པར་ཁང་གི་ལས་ཤག་དང་གསུང་རབ་གླེག་བམ་བཞུགས་ཡུལ་ཁང་མིག་ཆུང་ངུ་ ༥༨ གསར་རྒྱག་བྱས། ལོ་དུས་དེའི་གཡས་གཡོན་དུ་དེ་སྔོན་སྤྱི་སྒེར་ཁག ༡༩ ནང་དངུལ་བུན་བླངས་པ་དེ་དག་གི་ངོ་སྐྱེད་རིམ་སྤྲད་ཐོག་སློབ་དེབ་ཆ་ཚང་ལོ་ལྟར་དུས་ཐོག་འབུལ་ལམ་ཞུས་པར་མ་ཟད། འབུམ་རྒྱས་འབྲིང་བསྡུས་གསུམ་དང་བཀའ་འགྱུར་དང་རྗེའི་གསུང་འབུམ་སོགས་དཔེ་དེབ་ཁྱོན་ཆེ་པར་བསྐྲུན་ཞུས།
༡༩༽ རང་གཞུང་གི་ཁྲིམས་དང་སྒྲིག་གཞིའི་དགོངས་དོན་བོད་གཞུང་ཤེས་རིག་པར་ཁང་ནས་ལོ་རེ་གཙང་ཁེའི་བརྒྱ་ཆའི་འབུལ་འབབ་ཕྱི་ལོ་ ༡༩༨༢ ནས་ཕྱི་ལོ་ ༡༩༩༠ བར་དྷ་ས་ས་གནས་རང་བདེན་ཚོགས་ཆུང་བརྒྱུད་རང་གཞུང་དཔལ་འབྱོར་ལས་ཁུངས་ལ་ཧིན་སྒོར་ ༨༢༩༨༥༤།༦༥ འབུལ་ལམ་ཞུས།