(རྩོམ་ཡིག་འདི་ནི་སྐད་ཡིག་དྲ་གནས་ཀྱི་མུན་སེལ་སྒྲོན་མེ་ལེ་ཚན་ནས་འདིར་འདེམས)
སྡེ་རོང་ཚེ་རིང་དོན་གྲུབ།
དང་པོ། བོད་ཁུལ་དུ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱས་པ་ལེགས་པོ་མི་འདུག
ས་ཁུལ་དངོས་ལ་བརྟག་དཔྱད་བྱས་པ་ལྟར་ན། བོད་ཁུལ་དུ་བོད་ཀྱི་སྐད་དང་ཡི་གེ་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ཏེ་”གོང་རིམ་ནས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ནའང་འོག་རིམ་ནས་ལག་ལེན་དོན་འཁྱོལ་གནང་ཐུབ་གིན་མེད་པ་”དེ་ལྟ་བུ་ཞིག་རེད་ཅེས་བཤད་དེ། དེ་གཙོ་བོ་གཤམ་གྱི་གནད་དོན་འདི་དག་གི་སྟེང་གསལ་བོར་མངོན་ཡོད།
གཅིག་ནི། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་ཕྱོགས་ལ་བཏོན་པའི་བཅའ་ཁྲིམས་དེ་ནན་ཏན་གྱིས་ལག་ལེན་དུ་བསྟར་ཐུབ་ཀྱིན་མེད་དེ། ཁྲིམས་ཡོད་ཀྱང་ཁྲིམས་ལ་མི་བསྟུན་པ་དང་གཟབ་ནན་གྱི་སྒོ་ནས་བཅའ་ཁྲིམས་ལག་བསྟར་མི་བྱེད་པར། ཁྲིམས་འགལ་གྱིས་གང་འདོད་ཅི་འདོད་བྱེད་པའི་གནས་ཚུལ་དེའི་རིགས་ཧ་ཅང་འབུར་ཐོན་རེད། དེ་ལྟར་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་སྐད་དང་ཡི་གེ་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་བཏོན་པའི་སྲིད་ཇུས་བཟང་པོ་དེ་ད་དུང་ཁ་བཤད་ཙམ་དང་ཡིག་ཆའི་བེམ་གཟུགས་ཙམ་གྱི་ཚུལ་དུ་ལུས་འདུག
གཉིས་ནི། བོད་ཡིག་མཁོ་མེད་སྨྲ་བའི་གཡོན་ཕྱོགས་ཀྱི་བསམ་བློའི་ཤུགས་རྐྱེན་ཆེས་ཆེར་ཕྱིན་པ་དེ་རེད། མི་མང་པོ་ཞིག་གིས་བོད་ཡིག་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་གངས་ལྗོངས་རིག་གནས་མཐའ་དག་གི་མགོ་ཁུངས་དང་མ་མ་ལྟ་བུ་ཡིན་པ་རྟོགས་ཐུབ་ཀྱིན་མེད་པ་དང༌། བོད་ཡིག་ནི་ཧྲང་རྒྱལ་རབས་ཀྱི་གནའ་བོའི་རྒྱ་ཡིག་(甲文 古文)ལས་ཀྱང་བྱུང་སྔ་ཞིང་བོད་ཁུལ་ཡོངས་དང་མི་རིགས་ཀུན་གྱིས་ཐུན་མོང་དུ་སྤྱོད་པའི་བསྐལ་བ་ཡ་ཐོག་གི་ཡི་གེ་ཞིག་ཡིན་པ་ཤེས་ཀྱིན་མེད། བོད་རིགས་མི་དམངས་ཀྱིས་རང་ཉིད་ཀྱི་ཡི་གེ་ལ་བརྟེན་ནས་ཚིག་རྒྱན་དང་རོལ་མོ། ཆོས་ལུགས། རིག་གནས། ཡི་གེ ལོ་རྒྱུས། མཚན་ཉིད་རིག་པ། གཏན་ཚིགས་རིག་པ། སྐར་རྩིས། ཁྲིམས་ལུགས། གནམ་གཤིས་རིག་པ། གསོ་རིག གཏམ་རྒྱུད། སྒྲུང་གཏམ། སྙན་ངག ཟློས་གར། གླུ་གར། ངག་རྒྱུན། མཛེས་རིས། བཟོ་ལས། བརྐོ་བཟོ་སོགས་རི་བོའི་གཏོས་དང་མཉམ་པའི་ལོ་རྒྱུས་བསྟན་བཅོས་མང་པོ་ཞིག་མཛད་ཅིང༌། བོད་ཡིག་གི་ལོ་རྒྱུས་བསྟན་བཅོས་དེ་དག་བྱུང་བའི་དུས་ཚོད་དང་གྲངས་ཀ ནང་དོན་ནས་རིན་ཐང་སོགས་ཕྱོགས་གང་ཞིག་ནས་བལྟས་ནའང་ཀྲུང་ཧྭ་མི་རིགས་༥༦ ཁྲོད་ནས་རྒྱའི་མི་རིགས་དང་ཆེས་ཉེ་བའི་གནས་སུ་ཡོད། ད་དུང་མིའི་རིགས་ཀྱི་སྤྱི་ཚོགས་ཚན་རིག་དང་རིག་གནས་ཚན་རིག་མཐའ་འཁོབ་ཀྱི་ཚན་རིག་དང་དེང་གི་བརྡ་འཕྲིན་གསར་པ་ཐག་གཅོད་བྱེད་པ་སོགས་ཚང་མར་བོད་ཡིག་སྤྱད་ནས་ཕབ་བཤུ་དང་བརྒྱུད་སྤེལ་བྱེད་ཆོག་ལ། དེ་དག་བོད་ཡིག་ཏུ་བསྒྱུར་བ་ནི་ལྷའི་ལྷ་རིགས་སྔོན་ཐོན་གྱི་སྒྲ་གདངས་ཡི་གེ་འདིའི་གནས་ཚུལ་དངོས་ལགས་སོ། །
གསུམ་ནི། ༡༩༥༦ ལོའི་རྗེས་ནས། བོད་ཁུལ་གྱི་སྲིད་འཛིན་ཁྲིམས་ལུགས་ལས་ཁུངས་དང༌། གསར་འགྱུར་སྨྱན་བྱེད་སྡེ་ཁག ཆ་འཕྲིན་ཐག་གཅོད་བྱེད་ས་དང་དེ་ལས་གཞན་པའི་སྤྱི་ཚོགས་བྱ་འགུལ་གཞན་གང་གི་ཁྲོད་དུའང་བོད་ཡིག་བོད་སྐད་བེད་སྤྱོད་བྱེད་པ་ཤིན་ཏུ་ཉུང༌། བོད་ཡིག་སློབ་སྦྱོང་བྱེད་པའི་མིའི་བོད་ཀྱི་རང་སྐྱོང་ས་ཁུལ་གྱི་ལས་ཁུངས་དག་ནས་བྱ་བ་འཚོལ་དཀའ་བ་དེ་ནི་གཞན་དབང་གི་དོན་དངོས་ཤིག་ཡིན། བོད་ཡིག་སྦྱངས་ཀྱང་བཀོལ་སྤྱོད་བྱེད་ས་མེད་པ་དང་བྱ་བ་འཚོལ་དཀའ་བའི་སྣང་ཚུལ་དེས། བོད་རིགས་སློབ་མ་རྣམས་ཀྱིས་དཔེ་ཆ་འདོན་པའི་སྤྲོ་བ་དང་སེམས་འདུན་དེ་ལ་བར་ཆད་ཆེན་པོ་བཟོས་ཡོད་ཅིང༌། གནད་དོན་ཚབས་ཆེན་འདིས་མི་རིགས་ཀྱི་བརྩེ་དུང་ལ་གས་ཆག་ཟབ་མོ་ཐེབས་པས་བརྟན་འཇགས་མིན་པའི་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ཉག་གཅིག་ཏུ་གྱུར་སོང་བ་རེད། བདག་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་སུ་འཆད་ཁྲིད་བྱེད་སྐབས། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་གནད་དོན་འདིའི་ཕྱོགས་ནས་ཚུར་སྣང་ཆེན་པོ་བྱས་བྱུང་ལ། དེ་མཚུངས་སུ་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བྱ་བ་ལའང་སྐུལ་འདེད་ཆེན་པོ་བྱས།
གཉིས་པ། བོད་ཁུལ་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་མ་བྱས་པ་དེས་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་ཐད་ལ་གནོད་པ་ཐེབས་བཞིན་ཡོད།
(༡) སྐད་ཡིག་གི་འགལ་རྐྱེན་གྱི་དབང་གིས་ཡིན་ཏེ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཀོད་སྟངས་དང་དེ་ཇི་ལྟར་ལག་བསྟར་བྱེད་པའི་གནས་ཚུལ་སོགས་ཁྱབ་བསྒྲགས་བྱས་པ་དེ་བོད་མི་༨༠% སྐད་བརྡའི་སྐད་བརྡ་དང་ཡི་གེ་མ་ཤེས་པར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དེ་ཐོས་ཀྱིན་མེད་ལ། གསར་འགྱུར་དང་ཆ་འཕྲིན་སྣ་ཚོགས་ཅི་ཡང་མཐོང་ཐུབ་ཀྱིན་མེད་པར་སྲིད་ཇུས་བརྒྱུད་སྤེལ་བྱེད་མ་ཐུབ་པ་དང༌། ལམ་ལུགས་ལག་བསྟར་བྱེད་མ་ཐུབ་པར་སྔར་བཞིན་རྗེས་ལུས་ཀྱི་ངང་དུ་ལུས་ཡོད་པ་སོགས་འདི་དག་ཚང་མ་ནི་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་མ་བྱས་པས་ལན་པ་རེད།
(༢) རྒྱང་སྒྲོག་དང་བརྙན་འཕྲིན། ད་དུང་དེ་ལས་གཞན་པའི་སྨྱན་བྱེད་དག་གིས་གཞི་རིམ་ལ་ཤེས་བྱ་དང་ཏང་གི་སྲིད་ཇུས་སྣ་ཚོགས་གཏོང་བཞིན་ཡོད་ནའང། འོན་ཀྱང་ཉན་མཁན་དང་བལྟ་མཁན་དག་གིས་སྐད་ཆའི་འགལ་རྐྱེན་གྱི་དབང་གིས། ཏང་དང་རྒྱལ་ཁབ་ཀྱི་སྐད་སྒྲ་དེ་ཐོས་ཐབས་བྲལ་ཅིང༌། བརྒྱུད་སྒྲོག་བྱེད་ཀྱིན་པའི་ཆ་འཕྲིན་དེའི་རིགས་ཚུར་ལེན་བྱེད་ཐབས་བྲལ་བས། ཕྱིའི་འཇིག་རྟེན་ལ་རྒྱུས་ལོན་བྱེད་མ་ཐུབ་པ་རེད། ཁོ་ཚོས་བརྒྱུད་པའི་བྱེད་ཐབས་དེ་ཁོ་ན་སྤྱོད་པ་ལས། གོ་ཐུབ་པ་དང་མཐོང་ཐུབ་པའི་དམིགས་ཡུལ་དེ་ཐག་གཅོད་བྱེད་ཐུབ་ཀྱིན་མེད་པར། ཆ་འཕྲིན་གྱི་སྒོ་གཏན་ཅིང་ཤེས་བྱའི་དབུལ་བའི་གནས་ཤིག་ཏུ་ལུས་ཡོད་པ་རེད།
(༣) སྐད་ཡིག་གི་འགལ་རྐྱེན་དེའི་དབང་གིས་གཞི་རིམ་དུ་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་ཐུབ་མེད། ང་ཚོའི་བཅའ་ཁྲིམས་གཏན་སྲོལ་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་མེད་པ་དང༌། ད་དུང་ཡང་དག་པའི་སྒོ་ནས་ལོ་ཙཱ་བྱེད་ཐུབ་མཁན་ཞིག་གིས་མང་ཚོགས་ལ་འགྲེལ་བཤད་ཀྱང་རྒྱག་ཐུབ་ཀིན་མེད་པས། རྒྱ་ཡིག་མི་ཤེས་པའི་མང་ཚོགས་རྣམས་རིམ་བཞིན་ཁྲིམས་རྨོངས་སུ་གྱུར་བ་དེ་ནི་སྤྱི་ཚོགས་བདེ་འཇགས་མི་བཟང་བ་ལའང༌། འབྲེལ་བ་ངེས་ཅན་ཞིག་ཡོད་པ་རེད།
(༤) དགེ་རྒན་གྱི་དཔུང་སྡེ་དང་སྨན་པ། ཞབས་ཞུ་བ། ས་ཁུལ་གྱི་ལས་བྱེད་པ་སོགས་ལའང་སྐད་ཡིག་གི་འགལ་རྐྱེན་དེའི་དབང་གིས། ཁོ་ཚོ་དང་སློབ་མ། མགྲོན་པོ། ནད་པ། ལག་རྩལ་སྤེལ་ཡུལ་དང་རྒྱ་ཆེའི་མང་ཚོགས་དང་བར་དུ་ལྐུགས་པ་དང་འོན་པ་ལྟ་བུའི་ཕན་ཚུན་གྱི་འབྲེལ་བ་ཞིག་ཆགས་ནས། ཏང་གི་སྲིད་ཇུས་ཀྱི་ལམ་ཕྱོགས་དང༌། ཏང་ཨུ་སྲིད་གཞུང་གི་སྲིད་དོན་གལ་ཆེན། ཆ་འཕྲིན་སྣ་ཚོགས་ཀྱི་འགྱུར་ལྡོག ཚན་རིག་ཤེས་བྱ་སྣ་ཚོགས་སོགས་རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་གདལ་དུ་གཏོང་མ་ཐུབ་པ་རེད།
གསུམ་པ། ཁྱབ་ཁོངས་སོ་སོ་ནས་བོད་ཀྱི་སྐད་ཡིག་བཀོལ་བྱེད་པའི་སྲིད་ཇུས་ཀྱི་དྲན་ཚུལ།
(༡) སྐད་ཡིག་གང་རུང་ཞིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་ལ། ཐོག་མར་སློབ་སྦྱོང་བྱེད་མཁན་གྱི་མདུན་ལམ་འཕེལ་རྒྱས་ཀྱི་ཕྱོགས་ལ་བསམ་བློ་གཏོང་དགོས། མ་ཡུམ་སྐད་ཡིག་ལ་བརྟེན་ན་ཚན་རིག་ཤེས་བྱར་རྒྱུས་ལོན་དང་ཤེས་རྟོགས་བྱེད་ཐུབ་པའི་ཟུར་ངོས་འདི་ནས་བལྟས་ན། བོད་ཁུལ་དུ་བོད་རང་གི་སྐད་ཡིག་བེད་སྤྱོད་དང་སློབ་སྦྱོང་བྱེད་པ་དེ་ནི་ལས་བཟང་པོ་ཞིག་སྣང༌། སྤྱིའི་མི་གྲངས་ཀྱིས་༨༠% ཡན་ཟིན་པའི་བོད་ཀྱི་ས་ཁུལ་ལ་མངོན་ནས་བཤད་ན། བོད་ཀྱི་སྐད་ཡིག་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཤེས་རིག་གི་ཉིང་བཅུད་ཡིན་ལ། ཤུལ་བཞག་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱས་ཏེ་མི་རིགས་ཀྱི་རིག་གནས་རྒྱུ་སྤུས་མཐོར་འདེགས་དང༌། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ལ་སྐུལ་འདེད་བྱེད་པའི་སྒུལ་ཤུགས་ཉག་གཅིག་ཡིན། མི་རིགས་ཀྱི་བརྩེ་དུང་མངོན་པར་བྱེད་པའི་མཚོན་རྟགས་གལ་ཆེན་དེ་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བོད་རིགས་མི་དམངས་ཀྱི་བརྩེ་དུང་དང་ཕན་ཚུན་འགྲོ་འོང་བྱེད་པའི་ཡོ་བྱད་གལ་ཆེན་ཞིག་ཀྱང་ཡིན། དཔེར་ན། རྒྱ་མི་རིགས་ཀྱིས་ཀྱང་མི་རིགས་རང་གི་ཕལ་སྐད་དེ་བཀོལ་སྤྱོད་དང་སློབ་སྦྱོང་བྱས་ན་ཁྱད་ཆོས་དེ་འདྲ་མེད་པར་འདོད་ནས། ཚང་མས་ཚ་ཚ་འུར་འུར་གྱིས་དབྱིན་ཡིག་བཀོལ་སྤྱོད་བྱས་པས། རྗེས་སུ་དབྱིན་ཡིག་དེ་རང་གི་ཕ་སྐད་ལྟར་བརྩིས་ཏེ་ཚང་མས་དེ་ལ་སློབ་སྦྱོང་བྱས་ཏེ་འགྲན་རྩོད་སྣ་ཚོགས་བྱས་ནའང༌། རྗེས་སུ་ཡང་བསྐྱར་རང་གི་མ་ཡུམ་ཕ་སྐད་དེར་འཇུ་དགོས་བྱུང་ལ། རྒྱ་མི་རིགས་རྣམས་དོན་དེར་བསམ་པའི་འཆར་སྒོ་ག་འདྲ་ཞིག་ཡོད་པ་ནི་ཚིག་གི་ཕྲེང་བར་སྤེལ་ཏེ་བརྗོད་མི་དགོས་སོ། །
(༢) བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ཁོར་ཡུར་བཟང་པོ་ཞིག་སྐྲུན་དགོས། ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ཕྱོགས་ལ་ཁྲིམས་ལུགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་དང་གཏན་འཁེལ་གསལ་བོ་ཞིག་བྱས་ཡོད་པས། ད་ལྟ་ནི་ཁྲིམས་ལུགས་དང་སྲིད་ཇུས་དེ་ལག་བསྟར་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས།
ཐོག་མར། རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་མཐོང་ཆེན་བྱེད་མིན་ནི་ཆེས་རྩ་བའི་སྲིད་འཛིན་གྱི་ཁག་ཐེག་ཡིན། དེ་དང་ཁྲིམས་ལུགས་ཀྱི་ཁག་ཐེག་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ན་ད་གཟོད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་འབྱུང་སྲིད། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་མིན་དེ་ནི་རྒྱལ་ཁབ་ཀྱི་མཚན་སྙན་དང་མི་རིགས་ཀྱི་གནད་དོན། བོད་ཁྲལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བདེ་འཇགས་སོགས་དོན་ཆེན་འདིའི་རིགས་དང་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་ཅིང༌། ཐོག་མར་སྲིད་གཞུང་དང་སྡེ་ཁག་སོ་སོའི་འགོ་ཁྲིད་དང་དཔོན་རིགས་དག་ནས་འགོ་རྩོམ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། རིམ་པ་སོ་སོའི་ལས་བྱེད་དག་རང་གི་མི་རིགས་དེའི་སྐད་ཡིག་ལ་བྱང་ཆ་མེད་པ་དེ་ནི་སྣང་ཚུལ་མི་ལེགས་པ་ཞིག་རེད། དེའི་ཕྱིར། མི་རིགས་རང་གི་རིམ་པ་སོ་སོའི་ལས་བྱེད་དང་འགོ་ཁྲིད་དག་གིས་སྤོབས་པ་ཆེར་བསྐྱེད་དང་རང་ཉིད་ནས་འགོ་བརྩམས་ཏེ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དགོས། འདི་ནི་ཕྱོགས་བསྡུས་རྒྱུ་སྤུས་མཐོར་འདེགས་དང་སྲིད་ཇུས་དངོས་འབེབས་ཀྱི་བྱ་བ་ངོ་མ་དེ་ལགས་སོ། །
གཉིས་པ། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དེ་ངོས་འཛིན་གསལ་བོ་དང༌། མཐོང་ཆེན་ལེགས་པོ། ལག་ལེན་མཐར་འཁྱོལ། སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་གསུམ་གྱི་འབྲེལ་བའི་ཁྲོད་དུ། བཀོལ་སྤྱོད་ནི་དཀྱིལ་སྙིང་ཡིན་ལ། བེད་སྤྱོད་ལེགས་པོ་ཞིག་བྱེད་ཐུབ་སོང་ཚེ་ད་སློབ་སྦྱོང་དང་འཕེལ་རྒྱས་ཟེར་བ་དེ་ཡང་རང་བཞིན་གྱིས་འགྲུབ་འོང་བ་རེད། སློབ་སྦྱོང་གི་དམིགས་ཡུལ་ནི་བཀོལ་སྤྱོད་བྱེད་པའི་ཆེད་དུ་ཡིན་ལ། འཕེལ་རྒྱས་ཟེར་བ་དེ་ཡང་སྔར་ལས་བཟང་པོའི་སྒོ་ནས་བཀོལ་སྤྱོད་བྱེད་པའི་ཆེད་དུ་ཡིན་ལ།
གསུམ་པ། མི་རིགས་སོ་སོས་རང་གི་སྐད་ཡིག་དེ་བེད་སྤྱོད་དང་སློབ་སྦྱོང་བྱེད་པ་ལ་ཕན་ཚུན་རྒྱུས་ལོན་དང༌། ཕན་ཚུན་བརྩི་འཇོག ཕན་ཚུན་རོགས་རམ། ཕན་ཚུན་ལ་སློབ་སྦྱོང་བཅས་བྱེད་དགོས།
བོད་མི་རྣམས་ཀྱིས་ཐོག་མར་རང་གི་སྐད་ཡིག་ལ་སློབ་སྦྱོང་ལེགས་པོ་བྱེད་པའི་རྨང་གཞིའི་སྟེང་དུ། རྒྱ་དང་ཡང་ན་མི་རིགས་གཞན་པའི་སྐད་ཡིག་ལའང་སློབ་སྦྱོང་བྱས་ནས། སྐད་ཡིག་གཉིས་སམ་གཉིས་ཡན་ཆད་ཤེས་པར་བྱ་དགོས། གཞན་ཡང་བོད་ཁུལ་བྱ་བ་སྒྲུབ་པའམ་བོད་ཁུལ་ནས་སྐྱེས་པའི་མི་རིགས་གཞན་པས་བོད་རིགས་མི་དམངས་ཀྱིས་རང་གི་མི་རིགས་སྐད་ཡིག་ལ་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་གནད་དོན་གྱི་སྟེང་ནས་བརྩི་མཐོང་དང་རྒྱབ་སྐྱོར། རྒྱུས་ལོན་གང་ལེགས་བཅས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་འབྲས་བུ་ལྡན་པ་ཞིག་རེད། དུས་རབས་སྔོན་མའི་ལོ་རབས་༥༠ ནང་དུ་ང་ཚོ་བོད་ཁུལ་དུ་ཡོང་བའི་རྒྱ་མི་ལས་བྱེད་དང་དམག་དཔུང་གིས་དེ་ལྟར་བྱས་པའི་མཇུག་འབྲས་ནི། ཏང་དང་བོད་མི་ཡིད་གཅིག་ཏུ་འདྲེས་ཤིང༌། དམངས་དང་དམག་མི་ཆུ་དང་ཉ་མོ་བཞིན་བརྩེ་བ་ཟབ་མོར་སོང་བ་དེ་རེད། བདག་གིས་བསམ་ན་རླབས་ཆེ་བའི་སྲོལ་རྒྱུན་ཡག་པོ་འདི་ནི་ད་ལྟ་ད་དུང་ཡང་དུས་ཡོལ་བྱས་མེད་ལ། དེ་ལས་ལྡོག་སྟེ་ཧ་ཅང་གལ་ཆེ་བར་མངོན། འདི་ནི་འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པའི་རྨང་གཞི་ཡིན་ལ། ཁོ་ཚོས་འདི་ལྟར་སྒྲུབ་སྲིད་པར་ཡང་ང་ལ་ཡིད་ཆེས་བརྟན་པོ་ཡོད།
(༡) སློབ་གསོའི་སྟེང་གི་སློབ་སྦྱོང་དང་བེད་སྤྱོད།
སྐད་བརྡ་རིག་པའི་འཕོ་འགྱུར་དང་བསྟུན་ནས། མ་ཡུམ་ཕ་སྐད་ལ་བྱང་ཆ་ཆེན་པོ་ཡོད་ཚེ་རིག་ཚན་སོ་སོའི་ཤེས་བྱ་འཐུས་ཚང་དུ་འགྲོ་བར་ཕན་ནུས་རྒྱ་ཆེན་པོ་ཡོད་པ་དང༌། ཁོ་ཚོས་སློབ་སྦྱོང་གི་ནུས་ཤུགས་ཇེ་ཆེར་ཕྱིན་ཏེ་ཁོ་ཚོ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་བྱ་འགུལ་སྣ་ཚོགས་ལ་ཞུགས་པའི་ནུས་པ་མཐོར་འདེགས་སུ་གཏོང་ཐུབ། དེའི་ཕྱིར། བོད་ཁུལ་དུ་ཐོག་མའི་སློབ་གསོའི་དུས་རིམ་དུ།་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་པ་གཙོར་བྱས་ནས་དེའི་རིགས་ཀྱི་སྐད་ཡིག་གཉིས་སློབ་ཁྲིད་ལག་བསྟར་བྱས་ཏེ། སློབ་མས་ཐོག་མར་རང་མི་རིགས་ཀྱི་སྐད་ཡིག་ལ་སློབ་སྦྱོང་ལེགས་པོ་བྱེད་དགོས་པར་མ་ཟད། དེ་དང་མཉམ་དུ་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་རྒྱའི་སྐད་ཡིག་དང་ཕྱི་སྐད་ཡིག་ལའང་སློབ་སྦྱོང་ལེགས་པོ་བྱེད་དགོས། བོད་སྐད་ཡིག་གི་སློབ་ཁྲིད་ནི་སློབ་ཆུང་ནས་སློབ་འབྲིང་བར་དུ་མུ་མཐུད་དེ་ལག་བསྟར་བྱེད་དགོས་ཤིང༌། གོ་རིམ་དེའི་ཁྲོད་དུ་དེ་ལ་རྒྱུན་ཆད་དང་འགྱུར་ལྡོག་ཅི་ཡང་མ་བྱུང་ཚེ། ད་གཟོད་ཕྱི་རབས་རྣམས་ཀྱི་བོད་ཀྱི་སྐད་ཡིག་གི་ཆུ་ཚད་དེ་ངོ་བོའི་སྟེང་ནས་རྒྱུན་འཛིན་ཐུབ་པ་ཡིན།
(༢) ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་དགོས།
སྐད་བརྡ་གང་ཞིག་སློབ་སྦྱོང་བྱེད་ནའང༌། སྐད་བརྡ་(སྐད་ཆ)དེའི་ཁོར་ཡུག་གིས་མཐའ་གཅིག་ཏུ་ཐག་གཅོད་ཀྱི་ནུས་པ་ཐོན་བཞིན་ཡོད། དེ་བཞིན་དུ་བོད་ཀྱི་སྐད་ཡིག་གི་བྱ་བ་དེའང་ཚུལ་དེ་ལས་མ་འདས། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ནས་བེད་སྤྱོད་བྱེད་པ་དེ་ལ་གཙོ་བོ་ཁྱིམ་ཚང་གི་བེད་སྤྱོད་དང་སྤྱི་ཚོགས་ཀྱི་བེད་སྤྱོད། སློབ་གྲྭའི་བེད་སྤྱོད། གསར་འགྱུར་སྨྱན་བྱེད་ཀྱི་བེད་སྤྱོད། སྤྱི་ཚོགས་འགྲོ་འོང་གི་བེད་སྤྱོད། སྤྱི་སྤྱོད་ཁོར་ཡུག་གི་བེད་སྤྱོད། ཞབས་ཞུའི་ལས་རིགས་ཀྱི་བེད་སྤྱོད། ཚོགས་འདུ་སྣ་ཚོགས་ཀྱི་བེད་སྤྱོད། ལས་ཁུངས་ཀྱི་བེད་སྤྱོད། ཆ་འཕྲིན་བྱ་བའི་བེད་སྤྱོད་སོགས་འདུས། འདི་ནི་ཆེས་གནད་འགག་དང་ཆེས་འབྲས་བུ་ཡོད་པའི་སློབ་སྦྱོང་དང་བེད་སྤྱོད་ཀྱི་བྱེད་ཐབས་ཤིག་ཡིན།
(༣) སྲིད་འཛིན་བེད་སྤྱོད།
སྲིད་འཛིན་བེད་སྤྱོད་ནི་དཀའ་ཁག་ཆེས་ཆེ་བའི་བེད་སྤྱོད་ཀྱི་བྱེད་ཐབས་ཤིག་ཡིན། ༡༩༥༩ ལོའི་ཚུན་ལ། རང་སྐྱོང་ཁུལ་དང་རྫོང༌། ས་ཁུལ། ཞང་སོགས་ཀྱིས་ཕལ་ཆེར་དུས་ཡུན་ལོ་ངོ་༤༠ རིང་ལ་བོད་ཡིག་བེད་སྤྱོད་མ་བྱས་པར། ཚང་མས་རྒྱ་ཡིག་བེད་སྤྱད་ནས་སྲིད་འཛིན་ཡིག་ཆ་བྲིས་ཤིང༌། དེ་ལ་བརྟེན་ནས་ད་ལྟའི་བོད་ཀྱི་ལས་བྱེད་མི་སྣ་༩༥% རང་མི་རིགས་ཀྱི་སྐད་ཡིག་ཧ་མི་གོ་བའི་གནས་ཚུལ་དེ་བྱུང་བ་རེད། མི་མི་ཉུང་བ་ཞིག་གིས་ཐ་ན་རང་གི་སྐད་ཡིག་མི་ཤེས་པའི་སྣང་ཚུལ་དེ་ལས། ད་གཟོད་སྲིད་འཛིན་བེད་སྤྱོད་ནི་ཆེས་དཀའ་ཁག་ཆེ་བའི་གནས་ཤིག་ཏུ་གྱུར་བ་རེད། འོན་ཀྱང་ཏང་དང་སྲིད་གཞུང་སོགས་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་གིས་གཙིགས་ཆེན་བྱས་ཚེ། བོད་རིགས་ཀྱིས་༨༠% ཟིན་པའི་བོད་རང་གི་ས་ཁུལ་གྱི་སྲིད་འཛིན་སྡེ་ཁག་ནས་བོད་ཡིག་བེད་སྤྱོད་གཏོང་རྒྱུ་དེའང་དེ་འདྲའི་དཀའ་ཁག་ཆེ་བ་ཞིག་མ་རེད་དེ། དཔེར་ན། རྒྱ་རིགས་འདུས་སྡོད་བྱེད་སའི་ས་ཁུལ་ནས་རྒྱ་ཡིག་བེད་སྤྱོད་གཏོང་བར་དེ་འདྲའི་དཀའ་ཁག་ཆེན་པོ་མེད། དེ་དང་གནས་ལུགས་གཅིག་ཏུ་འདུག་གོ །
སྲིད་འཛིན་བེད་སྤྱོད་ཀྱི་ནང་དུ། རིམ་པ་སོ་སོའི་སྲིད་གཞུང་དང༌། དམངས་ཆེན། སྲིད་གྲོས་ཀྱི་ཡིག་ཆ། སྙན་ཞུ། བརྡ་སྦྱོར། སྤྱི་བསྒྲགས་སོགས་ལ་བོད་རྒྱ་ཡིག་རིགས་གཉིས་བེད་སྤྱོད་བྱས་ཡོད་པ་དང༌། ས་ཁུལ་དང་གྲོང་ཁྱེར། ཁུལ། རྫོང༌། ཞང་གི་ཏང་ཚབ། འཐུས་མི༑ སྲིད་གྲོས་ཚོགས་འདུའི་སྙན་ཞུ་དང་གཞི་རྒྱ་ཆེ་བའི་ཚོགས་འདུ་སྣ་ཚོགས་ཀྱི་ཡིག་ཆ་དང་གསུང་བཤད་ལ་བོད་རྒྱ་ཡིག་རིགས་གཉིས་བེད་སྤྱོད་བྱས་ཡོད་པ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་དང༌། ཁེ་ལས་དང་ཁེ་ལས་མ་ཡིན་པའི་ལས་ཁུངས་ཀྱི་གཞུང་ཡིག་སྤྱི་ཐེལ། ཡིག་སྐོགས། དཔང་རྟགས། གདན་ཞུའི་ཡི་གེ ཡིག་ཆའི་རྒྱུ་ཆ་དང་ཡོ་བྱད་སོགས་ལ་བོད་རྒྱ་ཡིག་རིགས་གཉིས་བེད་སྤྱོད་བྱས་ཡོད་པ། ས་ཁུལ་དང་གྲོང་ཁྱེར། ཁུལ། རྫོང་ཏང་ཨུ། དམངས་ཆེན། སྲིད་གཞུང༌། སྲིད་གྲོས་གཞུང་ལས་ཁང་གི་ལས་བྱེད་མི་སྣ་དང་དྲུང་ཡིག་སོགས་སྐད་རིགས་གཉིས་ལ་བྱང་ཆ་ཡོད་དགོས། ལྷག་པར་དུ་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་གིས་མི་རིགས་ལོ་རྒྱུས་རིག་གནས་ཤེས་བྱ་ངེས་ཅན་ཞིག་ཁོང་དུ་ཆུད་དགོས་པར་མ་ཟད། ད་དུང་བོད་རྒྱ་ཡིག་རིགས་གཉིས་ཡན་ཆད་ཀྱི་སྐད་ཡིག་ཤེས་ན་རབ་རེད།
གྲོང་ཁྱེར་དང་ས་ཁུལ། རྫོང་བཅས་ཀྱི་ལས་ཁུངས་དང༌། ཁེ་ལས་དང་ཁེ་ལས་མ་ཡིན་པའི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང༌། ལྷག་པར་དུ་བྱ་བ་དེའི་རིགས་ཀྱི་དྲུང་ཡིག་དང་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ནི་སྐད་གཉིས་སྨྲ་བ་ལ་བྱང་ཆ་ཆེན་པོ་ཡོད་དགོས། རྫོང་སོ་སོའི་སྲིད་གཞུང་གི་གཞུང་སྒྲུབ་ཁང་གི་ལོ་ཙཱ་ཁའོ་ལྟ་བུ་ལ་མི་༣-༤ ཡན་གྱི་ལོ་ཙཱའི་ཆེད་ལས་མི་སྣ་བཀོད་སྒྲིག་བྱེད་དགོས།
(༤) བཅའ་ཁྲིམས་བེད་སྤྱོད།
རང་རྒྱལ་གྱི་《རྩ་ཁྲིམས་》སུ་གཏན་འཁེལ་བྱས་དོན། “རིགས་སོ་སོའི་སྤྱི་འབངས་སུའང་རང་མི་རིགས་ཀྱི་སྐད་ཡིག་དེར་བཟོ་བཅོས་བྱེད་པའི་དབང་ཆ་ཡོད།” ཅེས་བསྟན་པ་ལྟར། སྲིད་ཁྲིམས་ལས་ཁུངས་ཀྱི་ཡིག་ཆ་སྣ་ཚོགས་ལ་ས་ཁུལ་དེ་དང་མཐུན་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྐད་ཡིག་བེད་སྤྱོད་གཏོང་དགོས། གྱོད་དོན་ཁྱབ་སྒྲོག་དང་ཐག་གཅོད་བྱེད་སྐབས་དགོས་མཁོ་དངོས་ལ་དམིགས་ཏེ་ས་ཁུལ་དེར་སྤྱི་ཁྱབ་ཏུ་སྤྱོད་ཀྱིན་པའི་བོད་རྒྱ་ཡིག་གི་ཡིག་ཆ་བེད་སྤྱོད་གཏོང་དགོས།
(༥) གསར་འགྱུར་སྨྱན་བྱེད་ཀྱི་བེད་སྤྱོད།
རྒྱང་སྒྲོག་དང་བརྙན་འཕྲིན། གློག་བརྙན་སོགས་བོད་ཀྱི་སྐད་ཡིག་ཏུ་ལོ་ཙཱ་བྱེད་པའི་བྱ་བ་དེ་ཤིན་ཏུ་སྤྱི་སྤྱོད་གལ་ཆེ། རབ་ཡིན་ན་གྲོང་ཁྱེར་དང་ས་གནས། ཁུལ་ཡན་ཆད་ནས་“རྒྱང་སྒྲོག་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་”རེ་བཙུགས་ནས། བརྙན་འཕྲིན་ཟློས་གར། གློག་བརྙན། སྒྱུ་རྩལ་ཟློས་གར། ཚན་རིག་སློབ་གསོའི་གློག་བརྙན། གསར་འགྱུར་གློག་བརྙན། ཆེད་གླེང་གློག་བརྙན་སོགས་བོད་སྐད་དུ་བསྒྱུར་ཐུབ་པ་བྱུང་ན་ཤིན་ཏུ་བཟང༌།
ས་གནས་དང་ཁུལ། རྫོང་རྒྱང་སྒྲོག་བོད་སྐད་བརྙན་འཕྲིན་ཅུའུ་ཡིས་བོད་སྐད་རྩོམ་སྒྲིག་ཁང་གི་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། ཀྲུང་དབྱང་གི་”གསར་འགྱུར་མཉམ་སྒྲོག་”དང་“ས་གནས་གསར་འགྱུར་” སོགས་བོད་སྐད་དུ་བསྒྱུར་ནས་རྒྱ་སྐད་མཉམ་དུ་ཕྱིར་གཏོང་བྱེད་ཐུབ་ཚེ། སྤྱིར་བཏང་དུ་རོང་འབྲོག་ཕྱོགས་ས་ཁུལ་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཆ་འཕྲིན་སྣ་ཚོགས་ཐོས་ཐུབ་གིན་མེད་པའི་གནད་དོན་དེ་ཐག་གཅོད་བྱས་སོང་བ་རེད། གསར་འགྱུར་གལ་ཆེན་ཁག་ཅིག་དང་འགོ་ཁྲིད་ཀྱི་བརྙན་འཕྲིན་གསུང་བཤད་སོགས་ལ་བོད་སྐད་ཀྱིས་དུས་ཐོག་ཏུ་གསལ་བཤད་བྱེད་པའི་བྱེད་ཐབས་སྤྱད་དེ། སྐད་རིགས་དུས་མཉམ་དུ་ལོ་ཙཱ་བྱེད་དགོས། ས་གནས་དང་ས་ཁུལ། རྫོང་རྒྱང་སྒྲོག་བརྙན་འཕྲིན་བཅས་ཀྱིས་རིམ་པ་བཞིན་དུ་བོད་སྐད་ཀྱི་ལེ་ཚན་ཕྱིར་གཏོང་གི་དུས་ཚོད་ཇེ་རིང་དུ་གཏོང་དགོས་པ་ལས་གཞན། ད་དུང་《བདག་གི་རྗེས་སུ་སློབ》 《ཞིང་ལས་རྒྱང་སྒྲོག་སློབ་གྲྭ》 《ཕྱུགས་ལས་རྒྱང་སྒྲོག་སློབ་གྲྭ》 《དམངས་ཁྲོད་གཏམ་རྒྱུད》 《བོད་མི་དང་བོད་ཀྱི་རིག་གནས》 《བོད་ཁུལ་དུ་བསྐྱོད་པ》 《སྤྲོ་སྐྱིད་ཀྱི་བདུན་ཕྲག་རྗེས་མ》སོགས་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་སྐོར་ཞིག་སྒྲུབ་དགོས།
དུས་དེབ་དང་ཚགས་པར། དཔེ་སྐྲུན། ལོ་ཙཱ་བཅས་ཀྱིས་གཞི་རྒྱ་ཆེ་བའི་སྒོ་ནས་བོད་ཡིག་བེད་སྤྱོད་གཏོང་དགོས། མིག་སྔར་བོད་ཁུལ་གྱི་བོད་ཡིག་གི་ཚགས་པར་དང་དུས་དེབ་དེ་རྒྱ་ཡིག་དང་བསྡུར་ན་གྲངས་ཀ་ཅུང་ཉུང་བ་དེས། བོད་རིགས་མི་དམངས་ཀྱིས་༨༠% ཡན་ཟིན་པའི་བོད་ཀྱི་ས་ཁུལ་དང་འཚམ་པོ་མིན་པས། ད་ལྟའི་དུས་དེབ་པར་སྐྲུན་ཐད་ཀྱི་དཀའ་ཁག་ཤིན་ཏུ་ཆེ། དེའི་ཕྱིར། རྒྱ་ཡིག་གི་ད་ཡོད་ཚགས་པར་དང་དུས་དེབ་དེ་དག་བོད་རྒྱ་ཡིག་རིགས་གཉིས་སུ་པར་སྐྲུན་བྱེད་ཐུབ་ཚེ་དེ་ལས་ཀྱང་བཟང་བར་སྙམ། ཕྱིན་ཆད་བོད་ཁུལ་འཁྲབ་སྟོན་པའི་པར་རིས། ཟློས་གར་ངོ་སྤྲོད། ལེ་ཚན་པར་ངོས་སོགས་ལ་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱེད་དགོས།
(༦) བརྡ་འཕྲིན་བྱ་བ་བེད་སྤྱོད་གཏོང་དགོས།
ད་ལྟ་ཆ་འཕྲིན་དང་དྲ་རྒྱའི་དུས་རབས་སུ་ཐོན་ཡོད་པས། སྐད་ཡིག་གི་གནས་གྲངས་ཐག་གཅོད་བྱེད་རྒྱུ་ནི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཆེས་རྩ་བའི་ལག་རྩལ་ཡིན་ལ། ཆ་འཕྲིན་ཅན་གྱི་ཕྱོགས་སུ་གོམ་པ་དང་པོ་སྤོས་བའང་རེད། བོད་ཡིག་གི་གནས་གྲངས་ཚད་གཞི་དེ་དུས་རབས་སྔོན་མའི་དུས་མཇུག་ཏུ་རྒྱལ་སྤྱིའི་ཚད་གཞིའི་རྩ་འཛུགས་ཀྱི་ཐག་གཅོད་ལ་བརྒྱུད་ནས་ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་ཡི་གེར་གྱུར་བ་རེད།
རྒྱལ་སྤྱི་ཚད་གཞིའི་《ཆ་འཕྲིན་ལག་རྩལ། ཆ་འཕྲིན་བརྗེ་རེས་ལ་བོད་ཡིག་ཡིག་རྟགས་ཚོགས། རྩ་བའི་ཡིག་ཚོགས་བཀོལ་སྤྱོད་བྱེད་པ་》དང༌། 《བོད་ཡིག་གནས་གྲངས་ཡིག་ཚོགས་དང་པོ་དཀར་གཟུགས་》དངོས་སུ་ཁྱབ་བསྒྲགས་བྱས། 《རྩིས་འཁོར་windows ལས་དོན》མཉེན་ཆས་གསར་གཏོད་བྱེད་པའི་སྒང་ཡིན། གོང་དུ་བཤད་པའི་འབྲས་བུ་དེ་དག་བོད་ཡིག་ཆ་འཕྲིན་ཐག་གཅོད་བྱེད་པའི་ཕྱོགས་སུ་བཀོལ་ཚེ། བོད་སྐད་ཡིག་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་སྒོ་ནས་བཀོལ་སྤྱོད་བྱེད་ཐུབ།
(༧) ཞབས་ཞུའི་ལས་རིགས་སུ་བེད་སྤྱོད་གཏོང་དགོས་པ།
ལས་ཞུགས་པ་དང་རྒྱ་ཆེ་བའི་བོད་རིགས་མི་དམངས་ལ་རྒྱུན་ལྡན་དུ་འབྲེལ་འདྲིས་བྱེད་བཞིན་ཡོད་པའི་ལས་རིགས་སོ་སོའི་ཞབས་ཞུ་མི་སྣའི་བོད་སྐད་མི་གོ་བ་དེ་ལ་རྒྱ་ཆེ་བའི་བོད་མི་རྣམས་བསམ་འཆར་ཆེས་མང་པོ་ཡོད་པ་མ་ཟད། སྣང་ཚུལ་དེ་ནི་ཛ་དྲག་ཆེ་བའི་གནད་དོན་ཞིག་ཀྱང་རེད། དེས་ཐད་ཀར་མི་དམངས་མང་ཚོགས་ཀྱི་ཚེ་གང་བོའི་ཁེ་ཕན་ལ་འབྲེལ་བ་ཡོད།
ཞབས་ཞུའི་ལས་ཁུངས་ཀྱིས་མྱུར་དུ་འདིའི་ཕྱོགས་ལ་ཤུགས་སྣོན་དང་གསོ་སྦྱོང་བྱེད་རྒྱུ་གལ། དཔེར་ན། རླངས་འཁོར་ས་ཚིགས། དངུལ་ཁང༌། འགྲིམ་འགྲུལ་ཉེན་རྟོག བཟོ་ཚོང༌། སྦྲག་ཁང༌། ཡིད་རྟོན་ཁང༌། མི་རིགས་ཨུ་ཡོན་ལྷན་ཁང༌། ཞིང་ལས། ཕྱུགས་ལས་སོགས་འབྲེལ་ཡོད་ལས་ཁུངས་དང་ཚོང་ཁང༌། མགྲོན་ཁང༌། ཟ་ཁང་སོགས་ཞབས་ཞུའི་ལས་གནས་༩༥% ལས་ཞུགས་མི་སྣའི་བོད་སྐད་མི་གོ ལས་ཁུངས་འདི་དག་གིས་ནན་གྱིས་གསོ་སྦྱོང་བྱེད་རྒྱུའི་ཕྱོགས་ལ་ངེས་པར་དུ་ཤུགས་སྣོན་བྱེད་དགོས།
བོད་ཁུལ་གྱིས་ལས་ཁུངས་སོ་སོའི་བཀོལ་སྤྱོད་བྱེད་པའི་ཟུང་འཛིན་དང༌། ལག་འཛིན། རེའུ་མིག དཔང་ཡིག་སོགས་ཀྱི་ཡིག་ཆ་ཡང་རྒྱ་བོད་ཡིག་རིགས་གཉིས་ཀྱི་སྒོ་ནས་བཀོལ་སྤྱོད་བྱེད་རྒྱུར་གཏན་འཁེལ་བྱེད་ན་འོས།
(༨) བོད་ཡིག་སྤྱི་སྤྱོད་ར་བར་ཡང་བེད་སྤྱོད་གཏོང་དགོས།
བོད་ཁུལ་གྱི་ཚོགས་ར་སོ་སོ་ནས་བོད་སྐད་ཡིག་རྒྱ་ཆེར་བཀོལ་སྤྱོད་བྱེད་པའི་རེ་བ་འདོན་དགོས་པ་མ་ཟད། མི་རིགས་ཀྱི་ཁྱད་ཆོས་འབུར་ཐོན་བྱེད་དགོས་པ་དང༌། ད་དུང་བོད་ཁུལ་ལ་བྱ་བ་སྒྲུབ་པ་དང༌། ཚོང་ལས་གཉེར་བ། ཡུལ་སྐོར་ལ་ཡོང་བའི་རིགས་སོ་སོའི་གྲོགས་པོར་བོད་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་ཁོར་ཡུག་བཟང་པོ་ཞིག་འདོན་སྤྲོད་བྱེད་དགོས།
སྤྱི་སྤྱོད་ར་བའི་སྒྲིག་སྲོལ་ལམ་བྱང༌། བརྡ་ཁྱབ། ཁྱབ་བསྒྲགས། དྲིལ་བསྒྲགས་རི་མོ། ཐོན་རྫས་ངོ་སྤྲོད། ཐོན་རྫས་བཀོལ་སྤྱོད་གསལ་བཤད་སོགས་ལ་རྒྱ་བོད་ཡིག་རིགས་གཉིས་ཡན་གྱི་ཡི་གེ་བཀོལ་སྤྱོད་བྱེད་དགོས།
(༩) ལས་ཞུགས།
གནས་རིམ་འཕར་བའི་ལས་བྱེད་པར་བོད་སྐད་ཡིག་ཚད་ལྡན་དུ་ཐོན་དགོས་པའི་རེ་བ་འདོན་དགོས། ལས་ཞུགས་རྒྱུགས་གཞིས་རྒྱ་བོད་སྐད་ཡིག་འདྲ་མཉམ་གྱིས་རྒྱུགས་གཞིའི་ཚན་བྱང་དུ་འཇོག་རྒྱུ་ནི་ཛ་དྲག་ཆེ་བའི་གནད་དོན་ཞིག་ཏུ་གྱུར་འདུག་ལ། རྒྱུ་མཚན་ནི་དེ་ཐད་ཀར་བོད་སྐད་ཡིག་སྦྱངས་པའི་མང་ཚོགས་ཀྱི་མདུན་ལམ་གནད་དོན་ལ་འབྲེལ་བ་དམ་པོ་ཡོད། ས་གནས་སོ་སོས་ཤུགས་ཆེན་པོས་བོད་སྐད་ཡིག་ནི་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྒྱལ་ཁབ་གཞུང་ཞབས་པ་དང་ཁེ་ལས་དང་ཁེ་ལས་མ་ཡིན་པའི་ལས་རིགས་ཀྱི་མི་སྣ་ལས་གནས་ཞུགས་པའི་སྐད་ཆའི་ལག་ཆར་བཀོལ་སྤྱོད་བྱེད་རྒྱུ་དང༌། དེ་དང་མཉམ་དུ་རྒྱའི་སྐད་ཡིག་དང་འདྲ་མཉམ་གྱིས་རྒྱུགས་གཞིའི་ཚན་བྱང་དུ་འཇོག་དགོས་པའི་རེ་བ་འདོན་བཞིན་ཡོད། བོད་མི་རིགས་ཆེད་ལས་ལག་རྩལ་མི་སྣའི་གོ་གནས་འཕར་བའི་གོ་མིང༌། མི་འདྲ་བའི་ཆེད་ལས་ལ་བསྟུན་ནས་ངེས་པར་དུ་བོད་སྐད་ཡིག་གི་ཆུ་ཚད་ཀྱི་ཚད་འཇལ་དགོས་པའི་རེ་བ་འདོན་དགོས། མི་རིགས་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་དང་གྲངས་ཉུང་མི་རིགས་ཀྱི་བར་དུ་འབྲེལ་ཟམ་གྱི་ནུས་པ་འདོན་མཁན་ཡིན། སྐད་ཡིག་ནི་མི་དང་མིའི་བར་འབྲེལ་འདྲིས་བྱེད་པའི་ལག་ཆ་གཙོ་བོ་ཡིན། རྗེས་ཕྱོགས་བོད་ཁུལ་གྱི་ལས་བྱེད་པ་མང་པོ་ཞིག་བསྐོ་འཐེན་བྱེད་དགོས། བོད་སྐད་ཡིག་རྒྱུགས་གཞི་ངེས་པར་དུ་ཚད་ལྡན་ཡིན་དགོས། འདི་ནི་བྱ་བའི་དགོས་མཁོ་དང་སྲིད་ཇུས་ལག་བསྟར་གྱི་དགོས་མཁོ་ཡིན། ཏང་ཨུ་རྩ་འཛུགས་སྡེ་ཁག་གིས་གནད་དོན་འདི་གཙོ་བོར་འཛིན་དགོས་ལ། འདིས་རྒྱ་ཆེ་བའི་ལས་བྱེད་པས་བོད་སྐད་ཡིག་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་སྐུལ་སྤེལ་གཏོང་ཐུབ་པས་འདི་ནི་འབྲས་ལྡན་གྱི་བྱེད་ཐབས་ཤིག་ཡིན།
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
སྡེ་རོང་ཚེ་རིང་དོན་འགྲུབ་ནི་སྤྱི་ལོ་༡༩༥༤ ལོའི་ཟླ་༡༡ པའི་ནང་ཁམས་སྡེ་རོང་གི་བོད་ཁྱིམ་དག་མ་ཞིག་ནས་སྐྱེས། ཁོང་ནི་ཞིབ་འཇུག་པ་དང་གུང་ཁྲན་ཏང་ཡོན། ཀྲུང་གོ་ལས་གནས་ཚན་རིག་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་པ། ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོ་ཡིག་ཚོགས་ཚོགས་མི། རྒྱལ་ནང་གི་སྙན་གྲགས་འབར་བའི་མཁས་དབང་དང་ལོ་རྒྱུས་སྨྲ་བ། བོད་རིག་པ་བ། ཡིག་ཚོགས་རིག་པ་སོགས་ཀྱི་མཚན་ཉིད་ཐོབ་ཡོད། རྒྱལ་ཁབ་ཕྱི་ནང་གི་རིག་མཐུན་སྦྱོང་གཞིའི་ཁྱབ་ཁོངས་ཀྱི་སྟོང་ཆ་ཆེན་པོ་བཞི་སྐོང་བ། རྒྱལ་སྤྱི་དང་རྒྱལ་ནང་གི་རིག་གཞུང་ཚོགས་པ་དང་ཚགས་པར་སྟེང་དཔྱད་རྩོམ་༡༢༠ ལྷག་སྤེལ། ཁོང་གི་མཛད་རྗེས་ལོ་རྒྱུས་ངོ་སྤྲོད་འདོན་སྤེལ་བྱས་མྱོང་བའི་དེབ་ལ། 《འཛམ་གླིང་སྐྱེས་བུ་སྙན་གྲགས་ཅན་གྱི་མཚན་ཐོ།》 《ཀྲུང་ཧྭའི་མཛད་རྗེས་ཆེ་བའི་མི་སྣའི་མཛོད་ཆེན》 《ཀྲུང་ཧྭ་མི་སྣ་གྲགས་ཆེན་གྱི་མཛོད་ཆེན》 《ཏང་གི་བླ་སྲོག》 《འཛམ་གླིང་མི་སྣའི་ཚིག་མཛོད་ཆེན་མོ》 《ཀྲུང་གོའི་ཕུལ་བྱུང་མི་སྣའི་ཚིག་མཛོད》 《འཛམ་གླིང་ཕུལ་བྱུང་ཆེད་མཁས་མིང་མཛོད་》 སོགས་མང་པོ་ཞིག་ཡོད་དོ། །