[toc]

ཁ་ཤོག་གི་རི་མོའི་འགྲེལ་བཤད།

རྡོ་རྗེ་རྒྱ་གྲམ་ནི་ལས་བཞི་ལྷུན་གྱིས་འགྲུབ་པའི་མཚོན་རྟགས་ཡིན་ཏེ། མཚོན་བྱེད་དཀར་པོ་ནི། ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པའི་གདོན་རྣམས་ལས་ཐར་བ་དང༌། གློ་བུར་ཡེ་འདྲོག་དུས་མ་ཡིན་པར་འཆི་བ་སོགས། ནད་དང་སྡུག་བསྔལ་བར་ཆད་ཐམས་ཅད་དང་ཉོན་མོངས་པ་དང་ཤེས་བྱའི་སྡིག་སྒྲིབ་ཐམས་ཅད་ཞི༷་བའི་མཚོན་རྟགས། མཚོན་བྱེད་སེར་པོ་ནི། ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ཟས་ནོར་ལོངས་སྤྱོད་བུ་སློབ་འཁོར་འབངས་མངའ་རིས་ཆོས་སྲིད་དར་ཞིང་རྒྱས་པ་དང༌། མཁྱེན་བརྩེ་མཐུ་སྟོབས་ནུས་རྩལ་ཉམས་རྟོགས་ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར། ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱ༷ས་པའི་མཚོན་རྟགས། མཚོན་བྱེད་དམར་པོ་ནི། འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྒྱལ་བློན་བཙུན་མོ་སྐྱེ་འགྲོ་ཕོ་མོའི་ཟས་ནོར་ལོངས་སྤྱོད་དང་དྲེགས་ལྡན་མི་དང་མི་མ་ཡིན་མཐའ་བཞིའི་རྒྱལ་ཁབ་མཐའ་དག་གི་མཐུ་བོ་ཆེ་རང་དབང་མེད་པར་མོས་པ་རྣམ་བཞིས་དབ༷ང་དུ་འདུ་བའི་མཚོན་རྟགས། མཚོན་བྱེད་ལྗང་གུ་ནི། གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གཟུགས་མེད་སོགས་ཀྱི་དགྲ་བགེགས་ལོག་འདྲེན་འབྱུང་པོ་དམ་སྲི་སྒབ་འདྲེ་མཐའ་བཞིའི་དམག་དཔུང་བྱད་མ་ལྷ་སྲུང་བཅས་པ་ཐམས་ཅད་ཀྱི་གནོད་པ་ལས་གྲོལ་ཞིང༌། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་འཚེ་ཞིང༌། བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་མ་རུང་གདུག་ཅན་བསམ་ངན་སྦྱོར་རྩུབ་འཆང་བ་ཚར་གཅོད་པའི་དྲ༷ག་པོའི་ཕྲིན་ལས་མཚོན་རྟགས། ལྟེ་བ་སྔོན་པོ་ནི། ཞི་རྒྱས་དབང་དྲག་ལས་རབ་འབྱམས་ཐོགས་མེད་དུ་ཐམས་ཅད་ལྷུན་གྱིས་འགྲུབ་པའི་མཚོན་བྱེད་བཅས་སོ། །
        ༡༩༩༢ ལོའི་སྦྲང་ཆར་དེབ་གསུམ་པའི་ཤེས་རབ་རྒན་པོའི་འབེལ་གཏམ་ལས་བདམས་བཀོད་ཞུས།
ཁ་ཤོག་ཇུས་འགོད་པ། ཚེ་བརྟན།

དགོས་དམིགས་དང་གསལ་འདེབས།

  • དུས་དེབ་འདིའི་དམིགས་ཡུལ་ནི། བོད་མིའི་སྤྱི་ཚོགས་སྤྱི་དང་སྒོས་སུ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་ དང་རིག་གཞུང་གི་གནས་ཚད་གོང་དུ་སྤེལ་རྒྱུ་དེ་ཡིན།
  • དུས་དེབ་འདི་ཉུང་མཐར་ལོ་རེར་ཐེངས་རེ་འདོན་རྒྱུ།
  • དུས་དེབ་འདིའི་ནང་ཤེས་ཡོན་དང༌། བོད་ཀྱི་སྐད་ཡིག་རིག་གཞུང༌། ཡ་རབས་བཟང་སྤྱོད། སློབ་གྲྭའི་སློབ་ཚན་དང་འབྲེལ་ཡོད་ཁག སློབ་ཁྲིད་ཐབས་ལམ། ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་སོགས་དེང་དུས་ཤེས་བྱ་ཁག་བཅས་གཙོ་བོར་བཟུང་ནས་དགོད་རྒྱུ།
  • རྒྱ་ཆེའི་མཁས་པ་ཁག་དང༌། རྩོམ་པ་པོ། དགེ་རྒན། ཀློག་པ་པོ་བཅས་ནས་གོང་གསལ་ནང་དོན་ཅན་གྱི་རྩོམ་ཡིག་དང༌། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་བར་དགའ་བསུ་ཞུ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་བཀོད་རྗེས་ལེགས་གཟོའི་རྩོམ་ཡོན་འོས་འཚམས་ཤིག་འདི་གའི་གཏན་འབེབས་གཞིར་བཟུང་འབུལ་རྒྱུ་ཡིན།
  • རྩོམ་སྒྲིག་པའམ་རྩོམ་པ་པོའི་མིང་འཁོད་རྩོམ་ཡིག་རྣམས་འདི་ག་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་འགོད་མིན་གྱི་དབང་ཚད་ནི། དུས་དེབ་ཀྱི་རྩོམ་སྒྲིག་པར་ཡོད།
  • འདི་ གར་བསྐུར་འབྱོར་བྱུང་བའི་རྩོམ་ཡིག་རྣམས་དུས་དེབ་ཐོག་བཀོད་མིན་ལ་མ་ལྟོས་པར། རྩོམ་ཡིག་ཕྱིར་སློག་བྱ་རྒྱུ་མིན་ན། དོ་བདག་སོ་སོས་མ་ཕྱི་ཉར་ཚགས་གནང་རོགས་ཞུ།

དེབ་ཀྱི་དཀར་ཆག

བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་གྱི་སྐད་བོད་ཀྱི་སྐད་དུ་ཇི་ལྟར་བསྒྱུར་ཚུལ། ཚེ་ཏན་ཞབས་དྲུང༌། 
སྟོན་པས་གསུངས་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་བཞུགས་སོ། །
སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་གྱི་རིགས་ལམ་སྐོར་ལ་དཔྱད་ཞིབ་ལམ་ཙམ་བྱས་པ།  ཨ་ཚོགས་བསྟན་འཛིན་འཇམ་དབྱངས།
གཞོན་ནུ་དྲུག་གི་རྟོགས་པ་བརྗོད་པའི་འགྲེལ་ཆུང་དོན་བསྡུས།  ལྷ་མོ་སྐྱབས།
ཡུལ་སྐད་དང་ཡིག་སྐད་གླེང་བ།  རྡོ་རྗེ་དབང་ཕྱུག
བོད་སྨན་གྱི་འབྱུང་ཁུངས་དང་འཕེལ་རིམ་མདོ་ཙམ་གླེང་བ།  བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག
ལེ་ཐོ་ལྟ་སྟངས་རྒྱས་པ་ཀུན་གསལ་མེ་ལོང་ཞེས་བྱ་བ།  ཨེ་པ་བསོད་ནམས་རིན་ཆེན།
བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་འབྲེལ་བའི་སྐྱེས་སྐར་སྲུང་བརྩི་ཞུ་ཚུལ་བློ་གསར་གཞོན་ནུ་དགྱེས་པའི་དགའ་སྟོན།  བསྟན་འཛིན་ཀླུ་སྒྲུབ།
གཞི་རིམ་འོག་མའི་སློབ་མར་ཨང་སྡེ་སྤྲོད་ཕྱོགས་ཐོག་དབུས་ཤེས་ཡོན་ལྷན་ཚོགས་(CBSE)ཀྱི་ལམ་སྟོན།བཀྲ་ཤིས་དོན་གྲུབ་ཀྱིས་བསྒྱུར།
འཛིན་གྲྭའི་དགེ་རྒན་གྱི་སྣེ་ཁྲིད་ནུས་པའི་སྐོར་རོབ་ཙམ་གླེང་བ།  ལྷག་པ་ཚེ་རིང༌།
རྩོམ་སྒྲིག་པ། དགེ་འདུན་དོན།

མདུན་ཤོག