ལེའུ་བཅུ་གཅིག་པ། དགེ་སྦྱོང་གི་ཚོམས།
བྲམ་ཟེས་འདོད་པ་རབ་སྤང་ཞིང༌། །བརྩོན་འགྲུས་ཀྱིས་ནི་རྒྱུན་ཆོད་ཅིག །འདོད་པ་རབ་ཏུ་མ་སྤངས་པར། །ཐུབ་པ་གཅིག་གིས་མ་ཐོབ་བོ། །ཀུན་ཏུ་རྒྱུ་བ་ཞན་པ་དག །ཉོན་མོངས་ཕྱིར་ཡང་ཀུན་སོགས་པས། །བརྩོན་འགྲུས་བརྟན་པོ་ཁོ་ན་ཡིས། །བྱ་བ་དེ་ཉིད་བྱེད་ལ་རག །ཞན་པའི་ལས་ནི་ཇི་སྙེད་དང༌། །ཀུན་ནས་ཉོན་མོངས་དཀའ་ཐུབ་དང༌། །ཚངས་སྤྱོད་ཡོངས་སུ་མ་དག་དེ། །དོན་ཆེན་འགྱུར་སྙམ་མི་བྱེད་དོ། །ཇི་ལྟར་མདའ་ནི་གཟུང་ཉེས་པས། །ལག་པ་ཆོད་པར་གྱུར་པ་ལྟར། །དགེ་སློང་བསྲུང་བ་བྱ་ཉེས་དང༌། །དམྱལ་བར་ཉེ་བར་ཁྲིད་པར་བྱེད། །ཇི་ལྟར་མདའ་ནི་གཟུང་ལེགས་པས། །ལག་པ་ཆོད་པར་མི་འགྱུར་ལྟར། །དགེ་སྦྱོང་བསྲུང་བ་བྱ་ལེགས་ན། །མྱ་ངན་འདས་པར་ཉེ་བར་འདྲེན། །དགེ་སྦྱོང་རྣམ་པར་མ་ཤེས་དང༌། །རྒལ་བར་དཀའ་དང་བཟོད་དཀའ་དང༌། །གང་དག་ཞན་པ་འགྱོད་འགྱུར་བའི། །སྡུག་བསྔལ་མང་པོ་དེ་དག་འབྱུང༌། །ཡང་དང་ཡང་དུ་འགྱོད་པ་ཡི། །ཀུན་རྟོག་དབང་དུ་འགྲོ་བ་ཡི། །སེམས་ནི་བཟློག་པ་མ་བྱས་པར། །དགེ་སྦྱོང་སྤྱོད་པ་ཇི་ལྟར་བྱ། །ཉེས་པར་རབ་བྱུང་ཉེས་དགའ་བ། །ཁྱིམ་འདུག་ཉེས་རྩོམ་བྱེད་པ་དག །སྡུག་བསྔལ་མཉམ་མེད་སྟེན་པ་དག །ཡང་སྲིད་སྡུག་བསྔལ་སོགས་པར་ཟད། །ཚེམ་བུ་ངུར་སྨྲིག་གྱོན་པ་དང༌། །ཕལ་ཆེར་ཡང་དག་མི་སྡོམ་ཞིང༌། །སྡིག་པའི་ཆོས་ཅན་སྡིག་ལ་དགའ། །སྡིག་ཅན་དེ་དག་ངན་འགྲོར་འགྲོ །སཱ་ལའི་ཤིང་ལ་འཁྲི་ཤིང་ལྟར། །གང་ཞིག་ཤིན་ཏུ་ཁྲིམས་འཆལ་ཏེ། །ཇི་ལྟར་རང་ལ་དགྲ་བཞིན་དུ། །དེ་ནི་དེ་ལྟར་བྱེད་པར་འདོད། །མགོ་བོ་སྐྱ་བོར་གྱུར་བར་དུ། །ད་དུང་རྒན་རབས་མ་ཆུད་པ། །དེ་ནི་ལང་ཚོ་གཏུགས་པ་སྟེ། །དེ་ནི་རྒན་བླུན་ཞེས་བྱའོ། །གང་ཞིག་དགེ་དང་སྡིག་པ་དག །སྤངས་ཤིང་ཚངས་པར་སྤྱོད་པ་དང༌། །སྡེ་ཚོགས་སྤངས་ནས་སྤྱོད་བྱེད་པ། །དེ་ནི་རྒན་རབས་ཞེས་བྱའོ། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། རྨོངས་པ་འདོད་ལ་ཞུགས་པ་དག །ཇི་ག་དགེ་སྦྱོང་ཡིན་ནམ་ཀྱེ། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །གང་ཞིག་སྡིག་པ་ཞི་གྱུར་ཏེ། །མཁས་པས་དགེ་སྦྱོང་ཡིན་པར་ཤེས། །བརྟུལ་ཞུགས་མེད་ཅིང་བརྫུན་སྨྲ་ན། །མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན། །གང་དག་སྡིག་པ་ཆེ་ཕྲ་དག །ཀུན་ལ་བརྟགས་ནས་བྱེད་པ་དང༌། །སྡིག་པ་ཞི་བ་དེ་དག་ནི། །དགེ་སྦྱོང་ཉིད་ཅེས་བརྗོད་པར་བྱ། །སྡིག་པ་སྤངས་པ་བྲམ་ཟེ་སྟེ། །ཞི་བར་བྱེད་པ་དགེ་སྦྱོང་ཡིན། །བདག་གི་དྲི་མ་རབ་སྤངས་པ། །དེས་ན་རབ་ཏུ་བྱུང་ཞེས་བརྗོད། །དགེ་སྦྱོང་གི་ཚོམས་ཏེ་བཅུ་གཅིག་པའོ། །
ལེའུ་བཅུ་གཉིས་པ། ལམ་གྱི་ཚོམས།
གང་ཚེ་འཕགས་པའི་བདེན་པ་བཞི། །ཤེས་རབ་ཀྱིས་ནི་མཐོང་བ་དང༌། །ལམ་འདི་རབ་ཏུ་ཤེས་པ་ཡིས། །སྲིད་པའི་སྲེད་པ་རབ་ཏུ་འདྲལ། །དཔེར་ན་རླུང་གིས་རྡུལ་བསླང་བ། །ཆར་བ་བབ་པས་ཞི་བྱེད་ལྟར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་ཀུན་རྟོག་ཞི་བར་འགྱུར། །གང་ཞིག་ལེགས་པར་རྟོགས་པ་ཡིས། །སྐྱེ་ཤི་ལེགས་པར་ཟད་འགྱུར་ཞིང༌། །འཇིག་རྟེན་ངེས་འབྱེད་འགྱུར་བ་ཡི། །ཤེས་རབ་དེ་ནི་གཙོ་བོ་ཡིན། །བདེན་པའི་ནང་ན་བདེན་བཞི་དང༌། །ལམ་ནང་ཡན་ལག་བརྒྱད་པ་མཆོག །རྐང་གཉིས་ནང་ན་མིག་ཅན་དང༌། །ཆོས་ཀྱི་ནང་ན་ཆགས་བྲལ་མཆོག །འདུ་བྱེད་ཐམས་ཅད་མི་རྟག་པར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང༌། །ལམ་འདི་རྣམ་པར་དག་པར་འགྱུར། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང༌། །ལམ་འདི་རྣམ་པར་དག་པར་འགྱུར། །འདུ་བྱེད་ཐམས་ཅད་སྟོང་ཉིད་དུ། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང༌། །ལམ་འདི་རྣམ་པར་དག་པར་འགྱུར། །འདུ་བྱེད་ཐམས་ཅད་བདག་མེད་པར། །གང་ཚེ་ཤེས་རབ་ཀྱིས་མཐོང་བ། །དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང༌། །ལམ་འདི་རྣམ་པར་དག་པ་འགྱུར། །སྲེད་པའི་ཟུག་རྔུ་གཅོད་བྱེད་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་པ་སྟེ། །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །སྲེད་པའི་ཟུག་རྔུ་སེལ་བའི་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་པ་སྟེ། །ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། །ལྟ་བ་རྣམ་པར་དག་བྱེད་པ། །ལམ་འདི་མ་གཏོགས་གཞན་མེད་པས། །ཏིང་ངེ་འཛིན་ལ་རབ་གནས་ཏེ། །བདུད་ཀྱི་འཆིང་བ་སྤང་བར་གྱིས། །འདི་ནི་དྲང་ལམ་འདི་ནི་ཕ་རོལ་གནོན། །མཚོ་ལ་ངང་པའི་སྲང་ལྟར་བགྲོད་པ་གཅིག །ཤཱཀྱ་ཐུབ་པས་མཉམ་གཞག་གང་རྟོགས་ནས། །ཚོགས་ལ་ཡང་དང་ཡང་དུ་བཤད་པ་འདི། །སྐྱེ་ཤིའི་མཐའ་རྟོགས་ཕན་མཛད་ཐུགས་བརྩེ་བས། །བགྲོད་པ་གཅིག་ལམ་རབ་ཏུ་བསྟན་མཛད་པའི། །ལམ་འདིས་ཆུ་བོ་རྣམས་ལས་སྔོན་བརྒལ་ཅིང༌། །དེ་བཞིན་བརྒལ་བར་འགྱུར་ཞིང་རྒལ་བར་མཛད། །ཤིན་ཏུ་མཐར་གཏུགས་གདུལ་བྱ་དག་བྱ་དང༌། །འཁོར་བའི་སྐྱེ་ཤི་ཟད་པར་བྱ་བ་དང༌། །ཁམས་རྣམས་དུ་མ་སོ་སོར་རྟོགས་བྱའི་ཕྱིར། །སྤྱན་དང་ལྡན་པས་ལམ་འདི་རབ་ཏུ་བསྟན། །ཇི་ལྟར་ཆུ་ཀླུང་གངྒཱའི་ཆུ་རྒྱུན་ཞུགས། །རྒྱ་མཚོའི་ནང་དུ་འབབ་པར་འགྱུར་བ་ལྟར། །དེ་བཞིན་ཤེས་རབ་ཡངས་པས་བསྟན་པའི་ལམ། །འདི་ནི་འཆི་མེད་ཐོབ་པར་བྱ་ཕྱིར་འཇུག །གང་ཞིག་འབྱུང་པོ་ཀུན་ལ་ཐུགས་བརྩེ་བས། །སྔོན་ཆད་མ་ཐོས་ཆོས་ཀྱི་འཁོར་ལོ་བསྐོར། །སྐྱོབ་པ་ལྷ་དང་མི་རྣམས་འདུལ་མཛད་པ། །སྲིད་པའི་མཐར་ཕྱིན་དེ་ལ་ཕྱག་འཚལ་ལོ། །རྣམ་རྟོག་དགེ་བ་གསུམ་ནི་བརྟག་བྱ་ཞིང༌། །དགེ་བ་མ་ཡིན་གསུམ་ཡང་རྣམ་པར་སྤངས། །ཀུན་ནས་རྡུལ་ལངས་ཆར་གྱིས་མནན་པ་ལྟར། །དེ་ནས་རྟོག་དང་དཔྱོད་པ་ཞི་བར་བྱ། །དེ་ནས་སེམས་ལ་རྣམ་རྟོག་ཉེར་ཞི་ནས། །བླ་མེད་བྱང་ཆུབ་བདེ་ལ་རེག་པར་འགྱུར། །ཏིང་འཛིན་གསུམ་པོ་རྣམས་ལ་ཡིད་གཏད་ཅིང༌། །བདེན་པ་ལས་སྐྱེས་ཚད་མེད་བསྒོམ་པར་བྱ། །དྲན་ལྡན་མཁས་པས་མདུད་པ་ཞི་བྱ་ཞིང༌། །གསུམ་པོ་རྣམས་ཀྱིས་གནས་གསུམ་རབ་ཏུ་དྲལ། །ཤེས་རབ་མཚོན་དང་བརྩོན་འགྲུས་སྟོབས་དང་ལྡན། །དྲན་ལྡན་མཉམ་གཞག་ཏིང་འཛིན་ལ་དགའ་བས། །འཇིག་རྟེན་སྐྱེ་དང་འཇིག་པར་རྟོགས་ནས་ནི། །ཀུན་ལས་རབ་ཏུ་རྣམ་གྲོལ་དེ་རིག་ཡིན། །འཇིག་རྟེན་མཐའ་མ་ལེགས་པར་རྟོགས་གྱུར་ནས། །འཇིག་རྟེན་མཐར་སོན་ཕ་རོལ་ཕྱིན་ཞེས་བརྗོད། །གང་གིས་ཞི་བ་འཕགས་ལམ་ཡན་ལག་བརྒྱད། །ལམ་དྲང་བསྒོམས་པ་དེས་ནི་བདུད་རྩི་རྙེད། །དེ་ལྟར་སྤྱོད་པས་བདེ་འདོད་བདེ་བ་འཐོབ། །སྙན་པ་འཐོབ་ཅིང་གྲགས་པ་འཕེལ་བར་འགྱུར། །ལམ་གྱི་ཚོམས་ཏེ་བཅུ་གཉིས་པའོ།། །།
ལེའུ་བཅུ་གསུམ་པ། བཀུར་སྟིའི་ཚོམས།
ཆེད་དུ་བརྗོད་པའི་ཚོམས། བམ་པོ་གཉིས་པ། དྲེའུ་མོ་རང་གི་མངལ་གྱིས་དང༌། །འདམ་བུ་སྨྱིག་མ་འབྲས་བུས་དང༌། །ཆུ་ཤིང་འབྲས་བུས་ཕུང་བ་ལྟར། །ཕོ་བཤལ་བཀུར་སྟིས་ཕུང་བར་འགྱུར། །ཇི་སྲིད་བླུན་པོ་མཆོད་བྱས་པ། །དེ་སྲིད་རབ་ཏུ་བརླག་པ་འགྱུར། །བྱིས་པའི་དཀར་པོའི་ཆ་འགྲིབ་ཅིང༌། །དེ་ཡི་སྤྱི་བོའང་ངེས་པར་ཉམས། །ངན་པ་རྙེད་པ་འདོད་པ་དང༌། །དགེ་སློང་འཁོར་ནི་འདོད་པ་དང༌། །གནས་ལ་སེར་སྣ་བྱེད་པ་དག །རིགས་གཞན་དག་གིས་མཆོད་པ་དང༌། །རབ་ཏུ་བྱུང་དང་ཁྱིམ་པ་དག །གང་ཡང་རུང་བས་བདག་འཕྲིགས་ཏེ། །བྱ་བ་བྱས་རུང་མ་བྱས་རུང༌། །བདག་དབང་གྱུར་ན་རེ་སྟེས་ཞེས། །དེ་ལྟར་བྱིས་པ་ཀུན་རྟོག་ན། །སེམས་ལ་འདོད་ཆེན་འཕེལ་བར་འགྱུར། །རྙེད་པའི་ཐབས་ནི་གཞན་ཡིན་ལ། །མྱ་ངན་འདས་འགྲོའི་གཞན་ཡིན་ཞེས། །དེ་ལྟར་ཅི་རིགས་ཤེས་ནས་སུ། །བཀུར་སྟི་དག་ལ་མི་དགའ་ཞིང༌། །དབེན་པ་རིམ་གྱིས་འཕེལ་བྱེད་པའི། །དགེ་སློང་སངས་རྒྱས་ཉན་ཐོས་ཡིན། །ཐམས་ཅད་ལ་ནི་མི་རྩོལ་ཞིང༌། །མི་ཡིས་འཕྲིགས་པར་མ་གྱུར་དང༌། །འཚོ་བ་གཞན་ལ་མི་བརྟེན་ཅིང༌། །ཆོས་ལ་ཚོང་པ་བཞིན་མི་སྤྱད། །རང་གི་རྙེད་པ་བླང་བྱ་ཞིང༌། །གཞན་གྱི་ལ་ནི་འདོད་མི་སྐྱེད། །དགེ་སློང་གཞན་གྱི་འདོད་བྱེད་པས། །ཏིང་འཛིན་འཐོབ་པར་མི་འགྱུར་རོ། །གལ་ཏེ་བདེ་བར་འཚོ་འདོད་ཅིང༌། །དགེ་སྦྱོང་འདི་ལ་ལྟ་འདོད་ན། །དགེ་འདུན་གྱིས་ནི་ཆོས་གོས་དང༌། །བཟའ་བཏུང་བྱིན་པར་གྱུར་ན་བླང༌། །གལ་ཏེ་བདེ་བར་འཚོ་འདོད་ཅིང༌། །དགེ་སྦྱོང་འདི་ལ་ལྟ་འདོད་ན། །བྱི་བའི་ཁུང་ནས་སྦྲུལ་ལྟ་བུར། །གནས་མལ་དག་ལ་བསྟེན་པར་གྱིས། །གལ་ཏེ་བདེ་བར་འཚོ་འདོད་ཅིང༌། །དགེ་སྦྱོང་འདི་ལ་ལྟ་འདོད་ན། །ངན་ངོན་ཙམ་གྱིས་ཆོག་ཤེས་ཤིང༌། །ཆོས་གཅིག་པོ་ཡང་བསྒོམ་པར་བྱ། །གལ་ཏེ་མང་པོ་མི་ཤེས་ཤིང༌། །ཚུལ་ཁྲིམས་ལེགས་པར་མཉམ་གཞག་ན། །དེ་ཤེས་པ་དག་འཚོ་དག་ཅིང༌། །སྙོམ་ལས་མེད་ཅེས་བསྟོད་པར་བྱེད། །གལ་ཏེ་འཆི་བདག་ཉམས་བྱེད་པའི། །ཟག་མེད་རིག་པ་གསུམ་ལྡན་ན། །བླུན་པོས་ཅི་ཡང་མི་ཤེས་ཞེས། །བསམས་ནས་དེ་ལ་འཕྱ་ཡང་སླ། །གང་ཟག་སྡིག་པའི་ཆོས་ཅན་ལ། །གལ་ཏེ་བཟའ་དང་བཏུང་བ་ཡི། །རྙེད་པ་དག་དང་ལྡན་གྱུར་ན། །དེ་ལ་དེ་དག་མཆོད་པ་བྱེད། །མགོ་བྲེགས་ངུར་སྨྲིག་བྱིས་པ་ཡི། །བཟའ་བ་དང་ནི་བཏུང་བ་དང༌། །གོས་དང་མལ་ཆ་རྙེད་པ་ལྟ། །དགྲ་བྱེད་མང་བ་ཁོ་ནར་ཟད། །དེ་ལྟར་བཀུར་སྟི་འཇིགས་ཆེན་གྱི། །སྐྱོན་རྣམས་ཁོང་དུ་ཆུད་བྱས་ནས། །འཕྲིགས་ཉུང་སེམས་ཁྲལ་བསྐྱུངས་ནས་སུ། །དྲན་ལྡན་དགེ་སློང་ཀུན་ཏུ་རྒྱུས། །ཁམ་གྱི་ཟས་ཀྱིས་སེམས་ཞིར་མི་འགྱུར་ཡང༌། །འཚོ་བ་འདི་ཕྱིར་མི་བཟའ་མི་བྱ་སྟེ། །ཁ་ཟས་ཀྱིས་ནི་ལུས་དག་གནས་འགྱུར་བ། །དེ་ལྟར་རྟོགས་ལ་བསོད་སྙོམས་དག་ལ་རྒྱུས། །རིགས་ཀྱིས་ཕྱག་བྱས་མཆོད་པ་གང་ཡིན་འདི། །ཟུག་རྔུ་ཕྲ་མོ་དབྱུང་བར་དཀའ་བ་སྟེ། །མི་ཡིས་བཟོད་དཀའ་བཀུར་སྟི་གང་ཡིན་འདི། །འདམ་དང་འདྲ་བར་རབ་ཏུ་རྟོགས་པར་གྱིས། །བཀུར་སྟིའི་ཚོམས་ཏེ་བཅུ་གསུམ་པའོ།། །།
ལེའུ་བཅུ་བཞི་པ། འཁུ་བའི་ཚོམས།
སྡིག་པའི་ལས་ནི་མི་བྱེད་པ། །འཁུ་བྱ་མིན་ལ་གང་འཁུ་བ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །དེ་ཉིད་སྡིག་པ་རྣམས་ཀྱིས་གོས། །དང་པོར་བདག་ནི་ཕུང་བྱེད་ཅིང༌། །ཕྱི་ནས་གཞན་ཡང་ཕུང་བྱེད་པ། །ཁྲ་ཡིས་གཟན་མའི་བྱ་ལྟ་བུར། །ཕུང་ཞིང་གཞན་ཡང་ཕུང་བར་བྱེད། །རྡེག་པར་བྱེད་པས་རྡེག་པ་འཐོབ། །འཁོན་དུ་འཛིན་པས་འཁོན་ཅན་མཐོང༌། །དེ་བཞིན་གཤེ་བས་གཤེ་བ་སྟེ། །ཁྲོ་བར་བྱེད་ལ་ཁྲོ་བ་འབྱུང༌། །འདི་གཞན་དགེ་སྦྱོང་བྱིས་པ་སྟེ། །དམ་པའི་ཆོས་ལ་མི་མཁས་པ། །ཡོངས་སུ་ཚེ་ཐུང་འདི་ལ་ཡང༌། །གྱི་ནའི་ཕྱིར་ནི་འཁོན་པར་བྱེད། །འདི་ནི་མཆོག་ཅེས་བསམས་ནས་སུ། །སོ་སོར་སྨྲ་ཞིང་མཐུན་འཇུག་པས། །འདི་ན་དགེ་འདུན་འབྱེད་པའི་ཚེ། །ཅི་ཕྱིར་སྟོབས་མེད་སེམས་མི་བྱེད། །རུས་པ་གཅོག་ཅིང་སྲོག་གཅོད་ལ། །རྟ་ཕྱུགས་ནོར་ནི་འཕྲོག་པ་དང༌། །ཡུལ་འཁོར་འཇོམས་པར་བྱེད་པ་ཡང༌། །ཕྱི་ནས་འཇལ་དུམ་བྱེད་པ་ལྟར། །མཁས་པས་བརྟགས་ཤིང་གསུངས་པའི་ཚིག །སྤྱོད་ཡུལ་སྟོན་པར་བྱེད་པ་ཡི། །ཆོས་འདི་རྣམ་པར་ཤེས་ན་གོ །ཁྱེད་ཅག་ཅི་ཕྱིར་བྱེད་མི་འགྱུར། །ཁྱོད་ནི་མི་མཁས་ལུགས་ཅན་ཏེ། །ཁ་བྱ་ཡིས་ནི་རྩོལ་བྱེད་པ། །ཕ་རོལ་པོ་དག་མི་ཤེས་པས། །བདག་ནི་འདི་ལ་བརྩོན་པར་བྱེད། །འདི་ན་མཁས་པ་གང་ཡིན་པ། །དེ་དག་བཞམས་པའི་ཚིག་གིས་ཞི། །བདག་ལ་ཁ་ཟེར་བདག་ལ་གཤེ། །བདག་ཕམ་བདག་ཕམ་བྱེད་པའོ་ཞེས། །འདི་གང་སེམས་ལ་འཛིན་བྱེད་པ། །དེ་ཡི་འཁོན་ནི་ཞི་མི་འགྱུར། །བདག་ལ་ཁ་ཟེར་བདག་ལ་གཤེ །བདག་ཕམ་བདག་ཕམ་བྱེད་པའོ་ཞེས། །འདི་གང་སེམས་ལ་མི་འཛིན་པ། །དེ་ཡི་འཁོན་ནི་ཞི་བར་འགྱུར། །འདི་ན་འཁོན་གྱིས་འཁོན་ཅན་དག །ནམ་ཡང་ཞི་བར་འགྱུར་བ་མེད། །བཟོད་པས་འཁོན་ནི་ཞི་འགྱུར་བ། །འདི་ནི་ཆོས་ཀྱི་རང་བཞིན་ཡིན། །འཁོན་གྱིས་འཁོན་ཅན་ནམ་ཡང་ཞི་མི་འགྱུར། །འཁོན་མེད་རྣམས་ཀྱིས་འཁོན་ནི་ཞི་བར་བྱེད། །ཤ་ཁོན་ཞུགས་པ་ལུས་ཅན་ལ་གནོད་པས། །དེ་ཕྱིར་མཁས་པས་འཁོན་པར་མི་བྱའོ། །བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི། །གྲོགས་པོ་མཁས་པ་གལ་ཏེ་རྙེད་ན་ནི། །ཉོན་མོངས་ཐམས་ཅད་མངོན་པར་ཟིལ་མནན་ནས། །དྲན་ལྡན་དགའ་བའི་ཡིད་ཀྱིས་དེ་དང་སྤྱད། །བརྟན་པ་ལེགས་གནས་ལྷན་ཅིག་སྤྱད་པ་ཡི། །གྲོགས་པོ་མཁས་པ་གལ་ཏེ་མ་རྙེད་ན། །ཡུལ་འཁོར་ཡངས་པ་སྤངས་པའི་རྒྱལ་པོ་ལྟར། །གཅིག་པུས་སྤྱད་བྱས་སྡིག་པ་མི་བྱའོ། །བདག་དང་མཐུན་པར་སྤྱོད་པ་ཡི། །གྲོགས་བཟང་རྙེད་པར་མ་གྱུར་ན། །བྱིས་པ་གྲོགས་སུ་མི་འགྱུར་བས། །གཅིག་པུས་སྤྱོད་པ་བརྟན་པར་བྱ། །བྱིས་པ་གྲོགས་སུ་མི་འགྱུར་བས། །གཅིག་པུས་སྤྱོད་པར་བྱེད་སླ་བས། །མ་ཏང་དགོན་པའི་གླང་པོ་ལྟར། །སེམས་ཁྲལ་བསྐྱུངས་ཏེ་གཅིག་པུ་སྤྱད། །འཁུ་བའི་ཚོམས་ཏེ་བཅུ་བཞི་པའོ།། །།
མཆན། དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས་འདི་ནི། སྡེ་དགེ་དཔར་མའི་<<བཀའ་འགྱུར་>>མདོ་སྡེའི་གླེགས་བམ་ས་པའི་ནང་བཞུགས་པ་གཞིར་བཟུང་ཐོག པེ་ཅིང་ནང་བསྟན་སློབ་གླིང་གི་སློབ་དེབ་གངས་ཅན་རིགས་བརྒྱའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་དང༌། རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བསྒྲིགས་ཤིང༌། ༡༩༩༠ ལོའི་འཇར་མན་ནིའི་དཔར་མ་གཉིས་བཅས་དཔྱད་བསྡུར་གྱིས་ཚན་བཀོད་ཞུས་ཡོད། རྩོམ་སྒྲིག་པས།