ལྷག་པ་ཚེ་རིང༌།
སྔོན་གླེང༌།
བཙན་བྱོལ་བོད་མི་རྣམས་ཟླུམ་གཟུགས་གོ་ལ་འདི་ཡི་ཐོག་སྐྱབས་བཅོལ་བ་གཞན་དང་མི་མཚུངས་པར་གཞུང་གི་སྒྲིག་འཛུགས་ཚགས་ཚུད་ཅིང་བོད་མི་རིགས་རང་ཉིད་ཀྱི་ཁྱད་འཕགས་ཀྱི་ཤེས་ཡོན་ལམ་ལུགས་ཤིག་གི་ཐོག་སོང་དང་འགྲོ་བཞིན་པ་དེ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་དབུ་ཁྲིད་འོག་བྱུང་བ་ཞིག་ཡིན། འོན་ཀྱང་ང་ཚོས་འདས་ཟིན་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ཤེས་ཡོན་ལམ་ལུགས་ལ་ཕྱིར་འདང་ཞིག་བྱེད་དགོས་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན།
དེ་ཡང་ད་བར་རང་གཞུང་གི་བཀའ་བློན་ཁྲི་པ་རབ་དང་རིམ་པ་བྱུང་ཡོད་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༡༧ པའི་ནང་གསེས་༢ པར། “ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམ་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ”ཞེས་འཁོད་ཡོད་ན་ཡང༌། ཤེས་ཡོན་ལམ་ལུགས་དེ་ནུབ་ཕྱོགས་པར་གཙོ་བཟུང་བྱས་པ་ལས་དེར་བསྒྱུར་བཅོས་ཀྱིས་མི་རིགས་རང་གི་སྲོལ་རྒྱུན་ཤེས་ཡོན་ལམ་ལུགས་གསར་པ་ཞིག་གི་ཐོག་སྒྲིག་གཞི་འཐུས་སྒོ་ཚང་ཞིང་ཤར་བསྐྱོད་ཐུབ་མཁན་ནི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་མ་གཏོགས་བྱུང་མེད་ལ། ང་ཚོས་དེར་ནན་ཏན་གྱིས་བསམ་གཞིགས་བྱེད་དགོས་པ་ཆགས་ཡོད། ལྷག་དོན་རང་རེའི་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་པའི་སློབ་མ་ཚོའི་རང་མི་རིགས་ཀྱི་སྐད་ཡིག་ཤེས་ཚད་དེ་ཧ་ཅང་ཞན་པོ་ཡོད་པ་དཔེ་མཚོན་ཞིག་ཞུ་ན། སློབ་ཕྲུག་ཕལ་ཆེ་བས་བོད་ཡིག་ཐོག་གཏོང་ཡིག་དང་སྙན་ཞུ་ཆ་ཚང་བ་ཞིག་འབྲི་ཐུབ་རྒྱུ་ལྟ་ཞོག ཐ་ན་དགོངས་ཤོག་ཆ་ཚང་ཞིག་འབྲི་མི་ཐུབ་པའི་ཁར་བོད་སྐད་ནང་ཕྱི་གླིང་པའི་སྐད་ཆ་མཉམ་བསྲེས་མ་བྱས་ན་ཤོད་མི་ཐུབ་པ་ང་ཚོས་མིག་མཐོང་ལག་ཟིན་རེད། གནད་དོན་དེའི་ཐད་སྤྱི་ཚོགས་ཁྲོད་ནས་དགེ་རྒན་གྱིས་ཡག་པོ་མ་བསླབས་པར་ཁག་དཀྲི་བ་དང༌། དགེ་རྒན་ཚོས་ཁྱིམ་བདག་གམ་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་ཁག་དཀྲི་ནས་ཉེས་པ་ཕར་འགེལ་ཚུར་འགེལ་ཙམ་ལས་ལས་དོན་ངོ་མའི་ཐོག་བོད་པའི་ཁ་དཔེར། བཤད་རྒྱུ་ཕ་གསོད་བུ་ལའང་ཡོད་ཅེས་པའི་དཔེ་ལས་མ་འདས་པར་རྐྱེན་རྩ་རྩད་གཅོད་བྱེད་རྒྱུ་བར་སྣང་གི་འཇའ་ལྟར་ཡལ། དོན་གནད་དེའི་ཐད་ཏན་ཏན་ང་ཚོ་དགེ་རྒན་ཚོས་སྣང་ཆུང་ཤོར་བའམ་རང་ཉིད་ཀྱི་འཁྲིད་བྱའི་སློབ་ཚན་དེ་གསོན་ཤུགས་ལྡན་པ་ཞིག་མ་བྱུང་བའི་རྐྱེན་གྱིས་སློབ་མ་ཚོས་རང་མི་རིགས་ཀྱི་སྐད་ཡིག་ལ་སྤྲོ་བ་མི་སྐྱེ་བ་ཡིན་སྲིད་ལ། ཁྱིམ་བདག་ཚོས་ཀྱང་རང་ཉིད་ཀྱི་ཕྲུ་གུར་རང་མི་རིགས་ཀྱི་གནས་བབ་དང་འོས་འགན་འཁྱེར་བའི་སློབ་གསོ་གཏོང་ཕྱོགས་ཐད་ལའང་མི་འདང་བའི་ཆ་དུ་མ་ཡོད་པར་བརྟེན་ད་ལྟའི་མཇུག་འབྲས་ངན་པ་དེ་ལྟ་བུ་བྱུང་བ་ངོས་འཛིན་ཐུབ་པ་དགོས་གལ་ཆེ། འོན་ཀྱང་ང་ཚོས་སྔར་བྱས་རྒྱབ་བསྐྱུར་དང་ཕྱིན་ཆད་སྤང་བླང་གིས་ཕྱི་ལོ་༢༠༠༣ ལོའི་ཟླ་༡ པོའི་ནང་རང་རེའི་བཙན་བྱོལ་བོད་གཞུང་གི་གལ་ཆེའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་ཐོག་བཀའ་བློན་ཁྲི་པ་མཆོག་གི་བཀའ་ཤག་གི་ཤེས་ཡོན་སྲིད་བྱུས་གསར་པའི་སྒྲོམ་གཞི་སྤྱི་མོས་ཀྱིས་རྒྱབ་སྐྱོར་གཙང་མ་བྱུང་བ་དེ་དགའ་འོས་པ་ཞིག་ཡིན་ལ། བཀའ་ཤག་གསར་པའི་ཤེས་ཡོན་གྱི་བསྒྱུར་བཅོས་ཀྱི་སྒོ་མོ་ཕྱེ་བ་དེས་གཅིག་ནས་དགེ་རྒན་གྱིས་བྱང་ཚད་དང་གནས་བབ་ལ་གཞུང་ཕྱོགས་ནས་ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་གཅིག་མཚུངས་ཀྱིས་མཐོང་ཆེན་བྱེད་རྒྱུ་ཡང་མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབ་ཤེས་ཡོན་ལ་རག་ལས་ཤིང༌། ཤེས་ཡོན་བཟང་ངན་དགེ་རྒན་ལ་རག་ལས་པས་གཙོ་ཆེ་དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོང་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་པ་ཞིག་ཡིན། གཉིས་ནས་སློབ་ཕྲུག་ཚོར་རང་མི་རིགས་ཀྱི་ད་ལྟའི་དགོས་མཁོ་དང་འཚམ་པའི་ཤེས་ཡོན་གྱི་སྒྲོམ་གཞི་ཞིག་བསྐྲུན་ཐུབ་པ་བྱུང་བར་བརྟེན། འབྱུང་འགྱུར་བོད་པའི་སོན་རྩར་གྱུར་པའི་བོད་ཕྲུག་ན་གཞོན་དེ་དག་ལ་རང་མི་རིགས་ཀྱི་ཁྱད་འཕགས་ཤེས་ཡོན་གྱི་རྨང་གཞིའི་ཐོག་རང་རྐང་རང་ཚུགས་ཀྱིས་གང་ཟག་སྒེར་བ་སོ་སོའི་འཕྲལ་ཕུགས་ཀྱི་མདུན་ལམ་ཙམ་མ་ཟད། རྒྱལ་ཁབ་དང་མི་རིགས། འཇིག་རྟེན་སྤྱིའི་རྩ་དོན་སྒྲུབ་ཐུབ་པའི་སྒྲོམ་གཞི་ལེགས་པོ་ཞིག་བསྐྲུན་ཡོད།
སློབ་གྲྭ་ཞིག་གི་ཤེས་ཡོན་དང་བསམ་བློ་ཀུན་སྤྱོད་ཡར་རྒྱས་གོང་འཕེལ་འགྲོ་མིན་སློབ་གྲྭ་དེའི་འགན་འཛིན་ཙམ་མ་ཡིན་པར་དེའི་ནང་ཕྱག་ལས་གནང་བཞིན་པའི་མི་ཚང་མར་རག་ལས་ཡོད། ད་དུང་དེའི་ནང་ནས་ཁྱིམ་ཚང་གི་ཕ་མ། ལྷག་དོན་སློབ་ཕྲུག་ཚོ་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་གཞན་རྗེས་སུ་མི་འབྲང་བར་རང་ཉིད་ཀྱིས་ལེགས་ཉེས་འབྱེད་ཐུབ་པའི་ནུས་པ་གསོ་སྐྱོང་བྱེད་རྒྱུ་དེ་ཉིན་ལྟར་སློབ་མ་ཚོ་དང་མཉམ་དུ་གཤིབ་མཁན་གྱི་འཛིན་གྲྭའི་དགེ་རྒན་གྱི་གལ་ཆེའི་རང་བཞིན་མདོར་ཙམ་བརྗོད་རྒྱུ་ཡིན།
དང་པོ། འཛིན་གྲྭའི་དགེ་རྒན་ནི་སློབ་མ་རྣམས་ཀྱི་མིག་དཔེ་གལ་ཆེན་ཞིག་ཡིན།
སྤྱིར་འཛིན་གྲྭའི་དགེ་རྒན་ནི་སློབ་ཚན་གཞན་གྱི་དགེ་རྒན་དང་མི་འདྲ་བར་སློབ་མའི་ཤེས་ཡོན་ཡར་རྒྱས་གོང་མཐོར་གཏོང་དགོས་རྒྱུ་ཙམ་མ་ཟད། གཙོ་ཆེ་ཤོས་ནི་རང་དཔེ་གཞན་སྟོན་གྱི་ལས་འགན་ཕྲག་ཏུ་བཞེས་ནས་སློབ་མ་ཚོའི་དཔེ་སྟོན་བཟང་པོ་ཞིག་ཏུ་འགྱུར་དགོས་ཤིང༌། རང་ཉིད་ཀྱི་ཀུན་སྤྱོད་དང་གཤིས་རྒྱུད། གཏམ་བརྗོད། ཐ་ན་གྱོན་ཆས་གོན་སྟངས་ཚུན་སློབ་མ་ཚོའི་བསམ་བློའི་ཀུན་སྤྱོད་ལེགས་པོ་ཞིག་གསོ་སྐྱོང་བྱེད་རྒྱུར་གལ་ཆེའི་ནུས་པ་ཞིག་ལྡན་ཡོད། མིག་སྔར་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་གཞི་རིམ་སློབ་གྲྭ་ཁག་གི་འཛིན་གྲྭའི་དགེ་རྒན་ཞེས་མིང་བཏགས་པ་ཙམ་ལས་དོན་ངོ་མའི་ཐོག་རང་ཉིད་ཀྱི་འོས་འགན་དང་གལ་ཆེའི་རང་བཞིན་གསལ་སྟོན་བྱེད་མཁན་མེད་པའི་ཁར་དགེ་རྒན་རང་ངོས་ནས་ཤེས་རྟོགས་ཐུབ་མཁན་ཕལ་ཆེར་ཉིན་མོ་སྐར་མ་ཙམ་དུ་ཟད། སློབ་གསོར་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་རྩ་བ་དང་སྔོན་འགྲོའི་ཆ་རྐྱེན་ནི་སློབ་གསོས་འདུ་ཤེས་བསྒྱུར་བ་དང་སློབ་ཁྲིད་ཀྱིས་བསམ་པ་ཇེ་ལེགས་ཇེ་དྲང་དུ་གཏོང་རྒྱུ་དེ་ཡིན་ལ། ད་དུང་དེའི་སྟེང་བསམ་བློ་བརྗེ་རེས་དང་ཉམས་མྱོང་ཕྱོགས་བསྡོམས། ཐབས་ལམ་གསར་གཏོད་བྱེད་རྒྱུ་ནི་སྤུས་ཚད་མཐོར་འདེགས་བྱེད་པའི་སྒུལ་ཤུགས་ཡིན། དེར་བརྟེན་གུས་པས་ལོ་མང་རིང་སློབ་ཁྲིད་དང་འཛིན་གྲྭའི་དགེ་རྒན་གྱི་ཉམས་མྱོང་ཐོག་ནས་རོབ་ཙམ་བརྗོད་པར་བྱའོ། །
གཉིས་པ། འཛིན་གྲྭའི་དགེ་རྒན་གྱི་འོས་འགན།
སྤྱིར་དགེ་རྒན་ནི་མིའི་རིགས་ཀྱི་བསམ་པའི་བཟོ་བཀོད་པ་ཞེས་པའི་ལས་འགན་ལྕི་མོ་ཞིག་ཡོད་ལ། སློབ་ཕྲུག་ཚོར་སློབ་ཁྲིད་ཙམ་མ་ཡིན་པར་འགྲོ་འཆག་ཉལ་འདུག་ཚང་མར་འགན་འཁུར་དགོས་ཀྱི་ཡོད་པར་བརྟེན། དགེ་རྒན་རང་ཉིད་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཤེས་ཡོན་སྤྲོད་སྟངས་ཀྱི་ལེགས་ཆ་ལ་སོགས་པར་སློབ་སྦྱོང་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོར་མཐོང༌། ད་དུང་འཛིན་གྲྭའི་དགེ་རྒན་ཞེས་པ་དེ་ནི་སློབ་ཚན་གཞན་གྱི་དགེ་རྒན་དང་མི་འདྲ་བར་འཛིན་གྲྭ་དེའི་སློབ་མ་རྣམས་ཀྱི་སློབ་གྲྭའི་སྒྲིག་ཁྲིམས་བརྩི་སྲུང་དང་སློབ་སྦྱོང་ལེགས་པོ་བྱེད་པ། སྤྱོད་ལམ་དང་ཤེས་རིག ལུས་རྩལ། མཛེས་རིས་སོགས་ཀྱི་བྱེད་སྒོ་ཁག་ལ་ཁྱོན་ཡོངས་ནས་ལྟ་རྟོག་དང་མཉམ་ཞུགས་བྱེད་དགོས་པ་མ་ཟད། འཛིན་གྲྭའི་ནང་སློབ་སྦྱོང་ལ་དཀའ་ངལ་ཡོད་པའམ། ཡང་ན་བསམ་བློར་དཀའ་ངལ། དེ་བཞིན་ཀུན་སྤྱོད་ཞན་པའི་སློབ་མ་ཚོར་བསམ་བློའི་སློབ་གསོ་གཏོང་རྒྱུ་དེ་ཡིན།
གསུམ་པ། འཛིན་གྲྭའི་དགེ་རྒན་དང་སློབ་མའི་བར་གྱི་འབྲེལ་བ་ནི་ཞབས་འདེགས་པ་དང་ཞབས་འདེགས་ཞུ་ཡུལ་གྱི་འབྲེལ་བ་ཞིག་ཡིན།
དང་ཐོག་འཛིན་གྲྭའི་དགེ་རྒན་གང་ཞིག་སློབ་མ་རྣམས་ཀྱིས་གུས་བརྩི་ཞུ་ཡུལ་ཞིག་ཏུ་འགྱུར་རྒྱུ་དེ་ལས་འགན་ལེགས་འགྲུབ་ཡོང་བའི་འགག་གནས་གཙོ་བོ་ཞིག་ཡིན། དེར་བརྟེན་ངེང་ཅག་བོད་པའི་ཁ་རྒྱུན་དུ། རང་ཉིད་ལ་གུས་བཀུར་ཐོབ་དགོས་ན་ཐོག་མར་མི་གཞན་ལ་གུས་བཀུར་བྱེད་དགོས་ཞེས་པ་ལྟར་འཛིན་གྲྭའི་དགེ་རྒན་ཚོས་སློབ་གྲྭ་སོ་སོའི་སློབ་མའི་སེམས་ཁམས་ལ་གཞིགས་ནས་སློབ་མར་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་ཞིག་འཛུགས་དགོས། དགེ་རྒན་གྱིས་སློབ་མར་ཞབས་འདེགས་ཞུ་དགོས་ཞེས་པ་དེ་དགེ་རྒན་ལ་ལའི་བློ་ངོར་མི་འཐད་པ་འབྱུང་སྲིད། ཡིན་ནའང༌། དེ་ནི་རིག་པའི་གཞུང་ལུགས་དང་ཡོངས་སུ་མཐུན་པ་ཞིག་ཡིན། འོ་ན་འཛུན་གྲྭའི་དགེ་རྒན་ཚོས་ཇི་ལྟར་བྱས་ནས་སློབ་མ་ཚོར་ཞབས་འདེགས་ཞུ་དགོས་ཤེ་ན།
༡ སློབ་གྲྭའི་ནང་སློབ་མ་ཚོས་འཛིན་གྲྭའི་གད་རེས་ཞེས་པ་དེ་སུན་སྣང་ཆེ་ཤོས་ཀྱི་ལས་ཀ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་འཛིན་གྲྭའི་དགེ་རྒན་ཚོས་སློབ་མ་དེ་དག་གི་གོམས་སྲོལ་ངན་པ་དེ་དག་ལ་བསྒྱུར་བཅོས་གཏོང་དགོས་ན། སློབ་མ་ཚོར་ཕྱོགས་གཅིག་ནས་ཁོར་ཡུག་གཙང་མ་ཉར་རྒྱུ་དེ་ལུས་ཁམས་བདེ་ཐང་ལ་ཕན་ཐོགས་གང་ཡོད་པའི་ཤེས་བྱ་མཛུབ་ཁྲིད་དང༌། ཕྱོགས་གཞན་ཞིག་ནས་བྱ་སྤྱོད་ངོ་མའི་ཐོག་སློབ་མ་དེ་དག་ལ་གད་བདར་བྱེད་རོགས་བྱེད་པའམ་ཅོག་ཙེ་སྒྲིག་རོགས་བྱེད་པ་སོགས་བྱས་ན། རིམ་བཞིན་དགེ་སློབ་བར་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་སློབ་མ་ཚོའི་བསམ་དོན་དངོས་དགེ་རྒན་ཚོས་རྟོགས་ཐུབ་པ་མ་ཟད། སྐབས་འཕྲལ་སློབ་མ་ཚོར་ལེགས་སྤེལ་ཉེས་འགོག་གི་བྱ་བ་སྒྲུབ་ཐུབ་པ་དེ་སློབ་མ་ཚོར་ཞབས་འདེགས་ཞུ་བ་ཞིག་ཡིན།
༢ སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་ཉིན་རེ་བཞིན་མ་བསྡད་པར་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་པར་བརྟེན། སློབ་མ་ཚོར་ཡང་དེ་དང་མཐུན་པའི་དགོས་མཁོ་དང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་སྟབས། འཛིན་གྲྭའི་དགེ་རྒན་རྣམ་པས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་དགོས་པ་མ་ཟད། དཀའ་ངལ་དུས་ཐོག་ལ་སེལ་བ་དང་དགོས་མཁོ་རྣམས་དགོས་དབང་བྱུང་ན་ལམ་སེང་ཆ་རྐྱེན་བསྐྲུན་ཏེ་སློབ་མ་ཚོའི་བློ་རིག་འཕེལ་རྒྱས་ལ་འགོག་རྐྱེན་ཅི་ཡང་མེད་པ་བཟོ་རྒྱུ་དེ་ཡང་སློབ་མ་ཚོར་ཞབས་འདེགས་ཞུ་བ་ཞིག་ཡིན།
༣ སློབ་མ་རེ་འགར་ཁྱིམ་ཚང་གི་དཀའ་ངལ་ལ་བརྟེན་ནས་སློབ་སྦྱོང་གི་སྦྱངས་འབྲས་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པས་འཕྲལ་མར་ཁྱིམ་བདག་དང་འབྲེལ་ལམ་བཙུགས་ཏེ་གནད་དོན་གཙང་སེལ་བྱས་ན། མ་འོངས་པར་སློབ་མ་དེ་དག་གི་ལུས་སེམས་གཉིས་ཀར་སྐྱོན་བྲལ་ངང་སློབ་གཉེར་མཇུག་སྐྱོང་ཡོང་བར་ཕན་འབྲས་བཟང་པོ་ཐོན་པ་དེ་ཡང་སློབ་མར་ཞབས་འདེགས་ཞུ་བ་ཞིག་ཡིན།
༤ སློབ་མ་རེ་འགའི་གཤིས་སྤྱོད་ངན་པ་དེ་དགེ་རྒན་གཅིག་པུས་འགྱུར་བ་གཏོང་ཐུབ་པ་ཞིག་མ་ཡིན་པར་ཁྱིམ་བདག་གམ་ཁྱིམ་ཚང་གི་ཕ་ཚབ་དང་མ་ཚབ། ཡང་ན་དུས་རྒྱུན་དུ་མཉམ་ཟ་མཉམ་འཐུང་བྱེད་པའི་སློབ་གྲོགས་དེ་དག་བརྒྱུད་ནས་སློབ་མ་དེ་དག་གི་གཤིས་སྤྱོད་དང་མཐུན་པའི་བསམ་བློའི་སློབ་གསོ་བརྒྱབ་ནས་རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་ཐུབ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་དེ་ཡང་སློབ་མ་ཚོར་ཞབས་འདེགས་ཞུ་བ་ཞིག་ཡིན།
གོང་གསལ་གྱི་དཔེ་དེ་དག་གི་མཚོན་པའི་ལས་དོན་མི་ཉུང་བ་ཞིག་ལ་འཛིན་གྲྭའི་དགེ་རྒན་ཚོས་རང་འཁྲིའི་ལས་འགན་དེ་བྱ་བ་ཐམས་ཅད་ཀྱི་ནང་ནས་ཨང་དང་པོར་འཇོག་དགོས་ཤིང༌། གོ་སྐབས་དམ་འཛིན་གྱིས་སློབ་ཁྲིད་ཁོ་ནའམ་ཡང་ན་ངག་ཐོག་གི་བརྗོད་ཚིག་ཙམ་གྱིས་སློབ་གསོ་སྐྱོན་པ་མ་ཡིན་པར་སློབ་མའི་ཁོར་ཡུག་ཁྱོན་ཡོངས་ལ་གཟིགས་སྐྱོང་གནང་ཐུབ་ན། ད་གཟོད་བློ་གསར་གྱི་གཞོན་ནུ་དེ་དག་མ་འོངས་པར་བོད་མི་རིགས་ཀྱི་བདག་པོ་ཤེས་འཇོན་གཉིས་ལྡན་ཞིག་ཆགས་ཐུབ་ངེས་ཡིན།
བཞི་པ། འཛིན་གྲྭའི་དགེ་རྒན་གྱིས་སློབ་ཚན་གཞན་གྱི་དགེ་རྒན་ཚོ་དང་འབྲེལ་བ་དམ་ཟབ་དགོས།
སྤྱིར་འཛིན་གྲྭའི་དགེ་རྒན་ཞེས་པ་དེ་རང་ཉིད་ལ་བཀོད་སྒྲིག་བྱས་པའི་འཛིན་གྲྭ་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་རྒྱུའི་འོས་འགན་ཡོད། འཛིན་གྲྭ་གང་ཞིག་གི་སློབ་མ་ཚོའི་སློབ་སྦྱོང་དང་བསམ་བློ། ཀུན་སྤྱོད་ལེགས་པོ་ཞིག་ཡོང་བར་བྱེད་དགོས་ན། འཛིན་གྲྭ་དེར་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཚང་མར་འབྲེལ་བ་དམ་ཟབ་ཡོད། དགེ་རྒན་ལ་ལའི་བསམ་པར་རང་ཉིད་འཛིན་གྲྭ་དེར་སློབ་ཚན་ཁྲིད་པ་ཙམ་མ་གཏོགས་གཞན་སློབ་མ་ཚོའི་བསམ་བློ་དང་ཀུན་སྤྱོད་ལ་སོགས་པར་ལྟ་རྟོག་བྱེད་རྒྱུ་དེ་འཛིན་གྲྭའི་དགེ་རྒན་གཅིག་པུའི་ལས་འགན་ཡིན་པའི་ལྟ་ཚུལ་འཛིན་པ་དེ་ཡོངས་སུ་ནོར་འཁྲུལ་ཞིག་ཡིན།
འཛིན་གྲྭའི་དགེ་རྒན་ཚོས་འཛིན་གྲྭ་དེའི་སློབ་མ་ཚོར་སྟངས་འཛིན་བྱེད་དགོས་པ་མ་ཟད། རང་ཉིད་ཀྱི་འཛིན་གྲྭ་དེར་སློབ་ཚན་འཁྲིད་མཁན་གྱི་དགེ་རྒན་དེ་དག་ལ་ཡང་སྟངས་འཛིན་ཐུབ་པ་དགོས། དེ་ཡང་ཁོ་བོ་སློབ་གྲྭ་འགྲིམས་པའི་སྐབས་ཀྱི་ཉམས་མྱོང་དང་འབྲེལ་བའི་ཐོག་ནས་མདོར་ཙམ་ཞུ་ན། དེ་སྔོན་རང་ཉིད་སློབ་འབྲིང་ལ་སྐྱོད་སྐབས། རང་ཉིད་སློབ་སྦྱོང་བྱཻད་སའི་འཛིན་གྲྭ་དེའི་ནང་སློབ་མ་ཁག་ཅིག་སྤྱོད་ལམ་ཤིན་ཏུ་ངན་པ་མ་ཟད། ཐ་ན་སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་དགོངས་འཁྲཽལ་མེད་པར་ཕྱིར་ཐོན་འགྲོ་བའམ་སློབ་མ་ཕན་ཚུན་རྩེད་མོ་རྩེ་ནས་སྡོད་པ་སོགས་ཀྱི་སྣང་ཚུལ་འདྲ་མིན་མཐོང་རྒྱུ་ཡོད། ཡིན་ནའང༌། སྐབས་དེ་དུས་སློབ་མ་རྣམས་ལ་སློབ་གསོ་སྐྱོན་མཁན་ང་ཚོའི་འཛིན་གྲྭའི་རྒན་ལགས་གཅིག་པུ་མ་གཏོགས་སློབ་ཚན་གཞན་པའི་དགེ་རྒན་ཚོས་སྟངས་འཛིན་རྩ་བ་ནས་གནང་གི་མི་འདུག ད་དུང་དེ་ལས་བློ་ཕམ་པ་ཞིག་ལ་ང་ཚོའི་རྒྱ་ཡི་ལོ་རྒྱུས་དགེ་རྒན་ཞིག་ཡོད་པ་དེས་འཛིན་གྲྭ་ནང་ཉིན་དེར་གྲ་སྒྲིག་བྱས་པའི་སློབ་ཚན་ཁྲིད་རྐྱང་བྱེད་པ་ལས་གཤམ་འོག་ལ་སློབ་ཕྲུག་ཚོས་རྩེད་མོ་རྩེ་བ་ལ་སྟངས་འཛིན་རྩ་བ་ནས་གནང་གི་མེད། སྐབས་འགར་སློབ་ཚན་ལེགས་པོ་ཉན་མཁན་རྣམས་མདུན་གྲལ་དུ་འཇོག་པ་དང༌། སྤྱོད་ལམ་ངན་པ་རྣམས་རྒྱབ་གྲལ་ལ་ཕུད་ཅིང༌། ད་དུང་ཁོང་གིས་འདི་ལྟར་བརྗོད་མྱོང༌། ཁྱེད་ཚོས་སློབ་ཚན་ཉན་མི་ཉན་ངས་མི་ཤེས། ངས་དེ་རིང་གྲ་སྒྲིག་བྱས་པའི་སློབ་ཚན་དེ་ཁྲིད་ཚར་བར་བྱེད་རྒྱུ་ཡིན་ཞེས་གསུང་གི་ཡོད། གནད་དོན་དེའི་ཐོག་ནས་ང་ཚོར་གསལ་བཤད་གང་བྱེད་ཐུབ་བམ་ཞེས་བརྗོད་ན། འཛིན་གྲྭའི་དགེ་རྒན་གྱིས་སློབ་མ་ཚོ་ཁོ་ནར་སྟངས་འཛིན་བྱེད་པ་ལས་སློབ་ཚནགཞན་པའི་དགེ་རྒན་ལ་སྟངས་འཛིན་ཐུབ་ཀྱི་མེད་པའི་རྣམ་པ་གསལ་པོ་ཡིན། སྐབས་དེ་དུས་རང་ཉིད་ན་ཚོད་ཕྲ་བས་དེ་ཙམ་གྱིས་སྣང་འཇོག་ཡོང་གི་མེད། ཡིན་ནའང༌། ད་གཟོད་རྒན་ལགས་ཁོང་ལྟ་བུའི་སློབ་ཁྲིད་ལ་ངས་མཐའ་གཅིག་ཏུ་འཁང་ར་བྱེད་རྒྱུ་ལས་མ་བསྡད། གོང་གི་དཔེ་མཚོན་དེའི་ཐོག་ནས་འཛིན་གྲྭའི་དགེ་རྒན་རྣམ་པས་དུས་རྟག་ཏུ་སློབ་ཚན་གཞན་པའི་དགེ་རྒན་ཚོས་ཁྲིད་སྟངས་དང༌། སློབ་མ་ཚོར་སློབ་གསོ་སྐྱོན་སྟངས་ལ་སོགས་པར་རྒྱུས་ལོན་བྱེད་དགོས། ལྷག་དོན་དུ་དུས་ཚོད་ངེས་ཅན་ཞིག་གི་ནང་འཛིན་གྲྭའི་དགེ་རྒན་གྱིས་བཀོད་སྒྲིག་འོག་འཛིན་གྲྭ་དེའི་དགེ་རྒན་ཚང་མ་མཉམ་རུབ་ཀྱིས་སློབ་མ་ཚོའི་སློབ་སྦྱོང་དང༌། བསམ་བློ། ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་ཞིབ་བསྡུར་བྱེད་དགོས་པར་མ་ཟད། འཛིན་གྲྭ་དེའི་ནང་གི་སློབ་སྦྱོང་དང་སྤྱོད་པ་ཞན་པའི་སློབ་མ་རྣམས་འཛིན་གྲྭའི་དགེ་རྒན་གྱིས་མཁྱེན་རྟོགས་ཡོང་བ་བྱེད་དགོས་རྒྱུ་དེ་ཤིན་ཏུ་གལ་གནད་ཆེན་པོ་ཡིན། དེ་ལྟར་མ་བྱུང་ན་སློབ་མ་རིམ་བཞིན་བྱ་ངན་སྤྱོད་ངན་བྱེད་མཁན་ཞིག་ལ་གྱུར་ན། དེའི་འགན་འཁྲི་ང་ཚོས་འཁྱེར་དགོས་པ་ལས་གཞན་སུ་ལའང་ཉེས་པ་འགེལ་ཐབས་བྲལ་བས། དེ་དོན་ལས་གནས་དེའི་ཐོག་དུས་ཡུན་ཅི་ཙམ་ཕྱག་ལས་གནང་ནའང་བློ་དཀར་སེམས་དཀར་དང༌། དྲང་བདེན། ལྷག་བསམ་ཟོལ་མེད་ཅིག་གནང་ན། ཚེ་འདི་དང་ཕྱི་མ་གཉིས་ལ་དགོས་རྒྱུ་དེ་ལས་གཞན་ཅི་ཡང་མེད་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན།
ལྔ་པ། འཛིན་གྲྭའི་དགེ་རྒན་གྱི་ལས་འགན་ལེགས་གྲུབ་བྱ་ཐབས།
༡ འཛིན་གྲྭའི་དགེ་རྒན་གྱི་རྩ་བའི་ལས་ཡུན་ལོ་གཅིག་གམ་དེ་ལས་རིང་བའང་བྱེད་སྲོལ་ཡོད། སློབ་ཕྲུག་ཚོའི་འཛིན་རིམ་ཚད་གཞི་ལོ་གཅིག་ཡིན་པས། དུས་ཡུན་ལོ་གཅིག་གི་ནང་རང་ཉིད་ཀྱི་འཛིན་གྲྭ་དེའི་བསམ་བློ་ཀུན་སྤྱོད་ཀྱི་ལས་འགུལ་ལམ་ཡང་ན་སློབ་གྲྭ་སྤྱི་ཡི་བྱེད་སྒོ་གང་དང་གང་གི་ནང་ཞུགས་དགོས་པ། འཛིན་གྲྭ་ཚོགས་ཐེངས་གྲངས་ག་ཚོད་ཚོགས་དགོས་མིན་ལ་སོགས་པའི་ལས་ཀའི་འཆར་འགོད་ལེགས་པོ་བཀོད་རྗེས་དུས་མཚམས་ངེས་ཅན་ཞིག་གི་ནང་ལག་བསྟར་བྱེད་དགོས་པ་མ་ཟད་ལས་རིམ་དེ་དག་གི་གནས་ཚུལ་ཡིག་ཐོག་ཏུ་བཀོད་རྒྱུ་གལ་ཆེན་པོ་ཡིན།
༢ ཉུང་མཐར་བདུན་ཕྲག་གཅིག་གི་ནང་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོའམ་རྒྱལ་ཞེན་སློབ་གསོ་ཞེས་པའི་སློབ་ཐུན་གཉིས་ངེས་པར་ཚོགས་དགོས། དེ་ཡང་དེང་སྐབས་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་པའི་སློབ་མ་ཚོའི་ནང་རང་རེའི་བཙན་བྱོལ་བོད་གཞུང་བསྟི་གནས་བཞུགས་སྒར་དྷ་རམ་ཤཱ་ལར་ལས་ཁུངས་ཆེ་ཁག་གང་དག་ཡོད་པ་དང༌། དེ་དག་གི་ལས་དོན་གཙོ་བོ་གང་དང་གང་གནང་གི་ཡོད་པ་ཙམ་ཡང་ཤེས་མཁན་ཧ་ཅང་དཀོན་པོ་ཡིན། དེར་བརྟེན་འཛིན་གྲྭའི་དགེ་རྒན་གྱིས་སློབ་ཐུན་གཅིག་རིང་གཞུང་གི་ལས་ཁུངས་དེ་དག་ངོ་སྤྲོད་དང༌། མང་གཙོའི་ལམ་སྲོལ། རང་རེའི་བཙན་བྱོལ་བོད་མིའི་ལས་འགན། དེ་བཞིན་རང་རེའི་བོད་ཀྱི་གནའ་དེང་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་མི་སྣ་ངོ་སྤྲོད་དང་ཁོང་རྣམ་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པ་སོགས་ཀྱི་སྐུལ་མ་གཏོང་རྒྱུ་དེ་སྐབས་བབ་ཀྱི་ལས་འགན་གཙོ་བོ་ཞིག་ཀྱང་ཡིན། སློབ་ཐུན་གཞན་དེའི་ནང་སློབ་མ་རྣམས་ཀྱི་བདུན་ཕྲག་དེའི་ནང་གི་བསམ་བློ་ཀུན་སྤྱོད་དང༌། འཕྲོད་བསྟེན་གཙང་སྦྲ། མི་བཟང་ལས་བཟང་ལ་སོགས་པའི་ལེགས་ཉེས་ཇི་ལྟ་བུ་བྱུང་བའི་བཟང་པོར་བསྔགས་བརྗོད་དང་ཉེས་པའི་ཆ་ལ་སྤྱི་ཡོངས་ཀྱི་འཛིན་གྲྭའི་ནང་དུ་ཐེར་འདོན་བྱེད་དགོས་པའམ་ཡང་ན་སློབ་མ་ཟུར་དུ་བོས་ནས་སློབ་གསོ་གཏོང་དགོས་པ་སྐབས་བསྟུན་བྱ་ཐུབ་པ་བྱུང་ན་རིམ་བཞིན་ལེགས་སྤེལ་ཉེས་འགོག་གི་གོམས་སྲོལ་བཟང་པོ་ཞིག་ཆགས་ཐུབ། ཡང་སྐབས་འགར་སློབ་མ་ཚོར་ཆུང་ངུའི་དུས་ནས་རང་རེའི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཤེས་རྟོགས་ཟབ་མོ་ཡོང་ཆེད་དགེ་རྒན་གྱི་བརྗོད་གཞི་དབུ་འཛུགས་ཙམ་ཞིག་མ་གཏོགས་གཙོ་བོ་སློབ་མ་ཚོ་དང་གླེང་མོལ་གྱི་ཐོག་ནས་སློབ་ཕྲུག་ཚོར་བསམ་ཕོད་ལ་བཤད་ཕོད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པ་བྱུང་ན། མ་འོངས་པར་ལས་དོན་ཆེ་ཕྲ་གང་གི་ཐད་ལའང་འཛམ་གླིང་གི་བྱིས་པ་གཞན་དང་གཅིག་མཚུངས་ཀྱི་དཔའ་ཞུམ་མི་དགོས་པར་རང་ཉིད་ཀྱི་བསམ་ཚུལ་རྣམས་གླེང་སྟེགས་གང་ཞིག་གི་སྟེང་ལའང་མགྲིན་པ་གཟེངས་སུ་བཏེགས་ནས་ཤོད་ཐུབ་རྒྱུའི་གལ་ཆེའི་རང་བཞིན་ལྡན་ཡོད།
༣ སློབ་མ་ཚོར་མང་གཙོའི་འགྲོ་ལུགས་ཡང་དག་པར་གོ་རྟོགས་ཐུབ་སླད། འཛིན་གྲྭའི་རྒན་བདག་འཛིན་གྲྭའི་དགེ་རྒན་གྱིས་དམིགས་འཛུགས་བྱས་པ་ཞིག་མ་ཡིན་པར་སློབ་མ་ཚོ་རང་ངོས་ནས་འོས་འཕེན་པའི་ལམ་ནས་བདམས་ཐོན་བྱུང་བ་ཡིན་ན། གཅིག་ནས་རང་ཉིད་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་ལ། གཉིས་ནས་སྤྱི་མོས་ཀྱིས་འདོད་བློ་ཁེངས་ཐུབ་པའི་སློབ་མ་ཞིག་བདམས་ཐོན་བྱུང་བས་བརྩི་བཀུར་གྱི་རྣམ་པ་ཡང་མི་འདྲ་བ་ཞིག་ཡོང་ངེས་པ་མ་ཟད། ཆུང་དུས་ནས་མང་གཙོའི་འགྲོ་ལུགས་ཤེས་ཐུབ་པ་ཡོང་གི་ཡོད།
༤ འཛིན་གྲྭའི་དགེ་རྒན་གྱིས་སློབ་ཚན་དགེ་རྒན་དང་ཁྱིམ་བདག་གཉིས་བར་འབྲེལ་ལམ་དམ་ཟབ་བྱེད་དགོས། སློབ་མ་ཞིག་གི་སྦྱངས་འབྲས་དང་ཀུན་སྤྱོད་ལེགས་པོ་ཞིག་བཟོ་རྒྱུ་དེ་ནི་འཛིན་གྲྭའི་དགེ་རྒན་ཁོ་ན་ལ་རག་ལས་པ་ཞིག་མ་ཡིན། དེར་བརྟེན་སློབ་ཚན་གཞན་པའི་་དགེ་རྒན་དང་མཉམ་དུ་སློབ་མ་ཚོའི་སློབ་ཁྲིད་སྐབས་ཀྱི་སྒྲིག་ལམ་དང་སློབ་ཚན་སོ་སོའི་སྦྱངས་འབྲས་ལེགས་ཉེས་གོ་བསྡུར་ལྷུག་པོ་གནང་རྒྱུ་དང༌། དེ་བཞིན་ཁྱིམ་བདག་ཚོ་དང་དུས་ངེས་གཏན་གྱི་ཚོགས་འདུ་ཚོགས་ཏེ་སློབ་གསོར་མཐོང་ཆེན་དང་དགེ་རྒན་རྣམ་པར་གཞོགས་འདེགས་གང་ཐུབ་བྱ་དགོས་པའི་འབོད་སྐུལ་དང་དགོས་དབང་བྱུང་ཚེ་སྦྱངས་འབྲས་ཞན་པའི་སློབ་མ་ཚོའི་ཁྱིམ་ཚང་ལ་འཚམ་འདྲིར་ཕེབས་ཐུབ་ན་སློབ་མ་ཚོའི་ལུས་སེམས་གཉིས་ཀར་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་དགེ་མཚན་ཆེན་པོ་ཡོད།
༥ སློབ་མ་ཚོའི་ལོ་འཁོར་སྦྱངས་འབྲས་ཟིན་ཐོ་དེ་ཁམས་དྭངས་ལ་སློབ་མ་མི་རེ་ངོ་རེའི་ཀུན་སྤྱོད་དང༌། སློབ་སྦྱོང༌། དམིགས་བསལ་ལོ་འཁོར་དེའི་ནང་བྱེད་སྒོ་གང་དང་གང་གི་ནང་དུ་ཞུགས་པ། དེ་དག་གི་གྲུབ་འབྲས། དེ་བཞིན་ལས་བཟང་རིགས་གང་བྱས་པ། སླད་ད་དུང་ཞན་ཆའི་རིགས་གང་གི་ཐོག་ལ་ཤུགས་སྣོན་རྒྱག་དགོས་པ་རྣམས་སློབ་ཕྲུག་མི་རེ་ངོ་རེའི་ལོ་རྒྱུས་ཀྱི་ཐོ་དེབ་ཐོག འཕྲལ་མངོན་སླ་བཅོས་མ་བྱས་པར་ངེས་པར་དུ་ཐུགས་སྣང་ཞིབ་ཚགས་བྱས་རྗེས་ཡིག་ཐོག་ཏུ་ཕབ་དགོས།
༦ སློབ་མ་ཚོས་སློབ་གྲྭའི་ཁོར་ཡུག་ནས་ལས་སླ་པོའི་ཐོག་ཤེས་བྱ་མི་ཉུང་བ་ཞིག་ཤེས་ཐུབ་རྒྱུར་ཐབས་ལམ་བཟང་པོ་ཞིག་ཡོད་པ་ནི་<<ནག་པང་ཚགས་པར>> ཞེས་པའི་ཤེས་བྱའི་གླེང་སྟེགས་འཛུགས་རྒྱུ་དེ་ཡིན། གླེང་སྟེགས་དེ་ཡང་སློབ་གྲྭ་སྤྱི་ཡི་བེད་སྤྱོད་བྱེད་དང་འཛིན་གྲྭ་སོ་སོར་བེད་སྤྱོད་བྱེད་གཉིས་ཡོད། ནག་པང་དང་པོ་དེ་སློབ་ཕྲུག་ཚང་མས་མཐོང་ས་ཞིག་ལ་འཛུགས་དགོས་པ་དང༌། དེ་ཡི་སྟངས་འཛིན་གཙོ་བོ་སློབ་གྲྭ་སྤྱི་ཡི་རྒན་བདག་གིས་བྱེད་སྲོལ་ཡོད། གླེང་སྟེགས་གཞན་ཞིག་ནི་འཛིན་གྲྭ་སོ་སོའི་རྒྱབ་ངོས་སུ་བཀོད་སྒྲིག་བྱེད་དགོས་ཀྱི་ཡོད། དེ་ཡི་སྟངས་འཛིན་ནི་འཛིན་གྲྭའི་དགེ་རྒན་ནམ་རྒན་བདག་གིས་སྟངས་འཛིན་བྱེད་སྲོལ་ཡོད། དེ་ཡང་གུས་པ་དེ་སྔོན་བོད་ལ་སློབ་གྲྭ་འགྲིམ་པའི་སྐབས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མར་<<ནག་པང་ཚགས་པར་>> ཞེས་པའི་གླེང་སྟེགས་ཤིག་མཐོང་རྒྱུ་ཡོད། བརྒྱུད་ལམ་དེས་སློབ་ཕྲུག་ཚོའི་ཤེས་ཡོན་སྣ་མང་ཕུན་སུམ་ཇེ་ཚོགས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད་ལ། སློབ་མ་ཚོས་ཀྱང་གླེང་སྟེགས་དེར་དགའ་མོས་ཆེ་ཤོས་བྱེད་ཀྱི་ཡོད་པ་གུས་པར་ཉམས་མྱོང་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་བ་མ་ཟད། ད་ལྟ་རང་ཉིད་ཀྱིས་སློབ་ཁྲིད་བྱེད་སའི་སློབ་གཉེར་ཁང་འདི་ཉིད་ལའང་སྤེལ་དང་སྤེལ་མུས་ཡིན། རྒྱུ་མཚན་དེ་བས་ན་གུས་པའི་བསམ་པར། ྋགོང་ས་མཆོག་གིས་ཀྱང”ལེགས་པའི་ཆ་ནི་ང་ཚོས་རྒྱ་གུང་ཁྲན་གྱི་ས་ནས་ཀྱང་ལེན་དགོས”ཞེས་བཀའ་སློབ་གནང་མྱོང་ཡོད་པས་གུས་པས་དེར་མདོར་ཙམ་ཞུ་ན་མི་ཆོག་པ་མེད་སྙམ། རང་རེའི་གཞི་རིམ་སློབ་གྲྭ་སོ་སོའི་གཞི་རྒྱ་ཆེ་ཆུང་ལ་གཞིགས་ཏེ་ཅུང་གཞི་རྒྱ་ཆེ་བ་རྣམས་ལ་ནག་པང་གཉིས་ཀ་བཟོ་དགོས་པ་དང༌། གཞི་རྒྱ་ཆུང་བའི་རིགས་ལ་འཛིན་གྲྭ་སོ་སོར་མེད་ཀྱང་སློབ་གྲྭ་ཐུན་མོང་དུ་གཅིག་དགོས་གལ་ཤིན་ཏུ་ཆེ། སློབ་གྲྭ་སྤྱིའི་ནག་པང་ཚགས་པར་དེ་བཞིན་འཛིན་གྲྭ་རེས་མོས་ཀྱི་བདུན་ཕྲག་རེར་ཐེངས་གཅིག་འདོན་དགོས་པ་དང༌། དེའི་ནང་དོན་ཡང་ྋགོང་ས་མཆོག་གི་བཀའ་སློབ། ལེགས་བཤད། འབེལ་གཏམ། མི་སྣ་ངོ་སྤྲོད། སྤྱིར་བཏང་ཤེས་བྱ། ཆབ་སྲིད། དེ་བཞིན་རང་ཉིད་ཀྱིས་བྲིས་པའི་སྙན་རྩོམ་ལ་སོགས་པའི་བརྗོད་གཞི་གཙོ་བཟུང་གིས་ནག་པང་སྟེང་བཀོད་དགོས་པ་དང༌། འཛིན་གྲྭ་སོ་སོའི་<<ནག་པང་ཚགས་པར་>>སྟེང་སློབ་མའི་གྲངས་མང་ཉུང་ལ་གཞིགས་ཏེ། སློབ་མ་གཉིས་སམ་གསུམ་གྱིས་གོང་གསལ་གྱི་བརྗོད་གཞིའི་ཐོག་འདོན་སྤེལ་བྱེད་ཐུབ་ན། སློབ་མས་ཁ་ཞོར་ལག་ཞོར་དུ་ཤེས་བྱ་དུ་མ་ཞིག་ཤེས་ཐུབ་རྒྱུར་ཐེ་ཚོམ་གཏན་ནས་མེད།
གོང་གསལ་གྱི་དོན་ཚན་དེ་དག་ནི་ཕྲན་གྱི་དྲན་ཚོད་ཙམ་ཞིག་ལས་མཚུངས་མེད་རྒན་ལགས་རྣམ་པ་སྣེ་ཁྲིད་ཀྱི་ནུས་པ་ཆ་ལག་ཡོངས་སུ་ཚང་བ་ཞིག་མེད་ངེས། འོན་ཀྱང་མེ་ཏོག་ཆུང་རུང་ལྷ་རྫས་ཟེར་བའི་དཔེ་ལྟར་ལས་དོན་གྱི་གནང་ཕྱོགས་ཐད་དགོངས་པའི་དཔྱད་གཞི་ཞིག་ལ་འགྱུར་རེར་དམིགས་པ་ཞིག་ཡིན་ལ། སླད་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཐུགས་འགན་བཞེས་ནས་ཆེད་དམིགས་སློབ་གྲྭ་ཁག་གི་འཛིན་གྲྭའི་དགེ་རྒན་གྱི་སྣེ་ཁྲིད་ནུས་པ་གོང་འཕེལ་ཇི་ལྟར་གཏོང་དགོས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་གསར་འཛུགས་བསྐྱངས་ཐུབ་པའི་རེ་སྨོན་ཡང་ཞུ་རྒྱུ་ཡིན།
མཐའ་དོན་རང་རེའི་བཙན་བྱོལ་ནང་གི་ཤེས་ཡོན་གྱི་འཐབ་ས་མདུན་མར་གནས་པའི་དགེ་རྒན་རྣམས་ལ་གུས་པས་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་ཏེ་མཛའ་བརྩེའི་འཚམ་འདྲི་དང་རང་རེའི་ཤེས་ཡོན་ལམ་ལུགས་གསར་པ་དེ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་ཐུབ་པར་རང་རང་གིས་དགོངས་འཆར་གང་མང་<<ཤེས་རིག་>> ཅེས་པའི་གླེང་སྟེགས་འདིའི་སྟེང་སྤེལ་ནས་དུས་དེབ་དེ་བཞིན་སྔར་བས་གྲ་རྒྱས་ཕུན་སུམ་ཚོགས་ཤིང་ལོ་རེར་ཐེངས་གྲངས་ཀྱང་མང་ཙམ་འདོན་སྤེལ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །
(ལྷག་པ་ཚེ་རིང་ལགས་ནི། ས་རཱ་མཐོ་སློབ་ནས་དམའ་རིམ་དགེ་རྒན་འོས་སྦྱོང་ཐོན་ཞིང༌། ད་ལྟ་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དུ་བོད་དགེ་ཡིས་ཕྱག་ལས་གནང་བཞིན་བཞུགས།)