དུས་བཞིའི་འགྱུར་ལྡོག་ལ་བསྔགས་པ།(ཨང་དང་པོ)
རྟ་མགྲིན་འབུམ། སུ་ཇ་བོད་ཁྱིམ་སློབ་གྲྭ།
ཀ་མད་སུམ་ཅུ་མཐོ་རིས་ལྷ་མོའི་ངག་གི་སྙན་འགྱུར་སྒྲ་དབྱངས་བཞིན། །
ཁ་བའི་ལྗོངས་སུ་བསྒྲགས་པས་གདུང་དྲུག་བོད་མིའི་ལང་ཚོ་འོད་ཀྱིས་འཁྲུངས། །
གངས་རི་ར་བས་བསྐོར་བའི་ལོ་རྒྱུས་འབུམ་ལྡན་ཆུ་བོའི་རླབས་ཕྲེང་གིས། །
ང་ཅག་བོད་མིའི་ལོ་རྒྱུས་དུས་ཀྱི་འགྱུར་ཁུགས་ཡོངས་སུ་རྒྱན་དུ་བསྐྲུན། །
ས་ཡི་ཐིག་ལེ་འཛམ་གླིང་འདི་ཡི་རྩེ་མོར་རབ་ཏུ་བཀོད་པ་ཡིས། །
བཅུ་ཕྲག་རིག་པའི་འོ་མཚོ་གྱེན་དུ་འཕྱུར་ཅིང་ལེགས་བྱས་མཐུ་སྟོབས་ཀྱིས། །
དགེ་བ་འབུམ་གྱིས་བསུས་པའི་ཀུན་སློང་བོད་མིའི་སེམས་སུ་འཁྲུངས་པ་ཡི། །
མཚན་མ་བཀྲ་ཤིས་དཔལ་གྱིས་བསྐྲུན་པའི་བོད་དང་བོད་མིའི་ཆགས་ཡུལ་རྨད། །
དབྱར་ཁ།
བསིལ་ཟེར་རྟ་བདུན་དབང་པོའི་འོད་ཀྱིས་དབྱར་མཚོ་ཕྱུག་མོའི་དཀར་འཛུམ་ཞལ་རས་ཉིད།།
ཆུ་ཤེལ་དྭངས་མ་སྟོང་གི་མེ་ལོང་ཇི་བཞིན་མཛེས་ལྡན་གནམ་གྱི་སྐེ་རགས་དང༌། །
མཚར་ལྡན་ཉི་ཟླའི་གྲོང་གི་སྔོ་བསང་ཚོན་གྱི་བཀྲག་མདངས་རྫུ་འཕྲུལ་སྒྱུ་མ་ཡིས། །
མཉེན་འཇམ་ཕྱག་གི་སོར་མོས་འཐེན་ཅིང་དྭངས་གཙང་རྫུ་བག་ཕྱོགས་ཀྱི་མགྲོན་པོར་བསྣུན།།
རབ་ཡངས་ཞི་བདེ་རྒྱ་མཚོའི་རྗེས་སུ་འགྲན་པའི་མུ་མེད་རྩྭ་ཡི་ཐང་ཆེན་ཉིད། །
རབ་ཕྱུག་ནོར་ལུག་གྲངས་ཀྱིས་བརྒྱན་པས་ནམ་མཁའི་སྐར་ཚོགས་ས་ལ་ལྷུང་བ་བཞིན།།
དྲི་ཞིམ་སྨན་གྱིས་བཟུང་བའི་མཚར་སྡུག་མེ་ཏོག་སྟོང་གི་བཞད་གད་འཛུམ་བག་གིས། །
ཐག་རིང་རྒྱང་ན་གནས་པའི་བུང་བའི་ཁྱུ་ཚོགས་མ་བོས་མགྲོན་དུ་ཅིག་ཅར་བཀོད། །
རབ་བརྗིད་ས་འཛིན་ལྷུན་པོའི་སྦུབས་ནས་ལྷུང་བའི་ནགས་ཀྱི་ཆུ་ཀློང་སྔོན་མོ་ཉིད། །
བསིལ་ལྡན་དུས་ཀྱི་རླུང་བུ་དལ་འཇམ་བརྩེ་བའི་ཕྱག་གིས་བྱིལ་བྱིལ་གཡོས་པ་ན། །
ལྷོ་ཕྱོགས་རྒྱ་མཚོའི་རླབས་ཕྲེང་དལ་གྱིས་གཡོ་བའི་ངང་ཚུལ་ལྷང་ལྷང་དྲན་པ་ཡིས། །
གངས་རིའི་ལྗོངས་ཀྱི་བཀོད་པ་འདི་ཉིད་གཞན་དུ་བཙལ་ཀྱང་རྙེད་པར་དཀའ་བར་སྣང༌།།
དགུན་ཁ།
དབང་ཕྱོགས་ས་འཛིན་རྒྱལ་པོས་གངས་དཀར་གོས་ཀྱི་དབུ་ཞྭ་མནབས་ཅིང་མཐའ་བསྐོར་དུ།།
ཆུ་ཕྲན་སྟོང་གི་ཡན་ལག་ཕྱོགས་སུ་བསྲིངས་པ་གྲང་ངར་ཕྱག་གིས་བཙན་གྱིས་བསྡམས།།
ལྗང་སྐྱེས་རྩི་ཤིང་སྟོང་གི་ཁ་དོག་གཞན་ལ་བསྒྱུར་ཅིང་འདབ་ཆགས་བྱ་རིགས་ཚོགས།།
ལན་གཅིག་ཐག་རིང་ཡུལ་དུ་མགྲོན་པོར་ཕེབས་ཅིང་སབ་སིབ་ངག་གིས་ལབ་བརྡོལ་འབྱིན།།
དྭངས་གཙང་འོད་གོར་འཁྱིལ་བའི་མཚོ་དང་མཚེའུ་ཡོད་ཚད་དགུན་གྱི་དུས་ཚིགས་འདིར།།
ཕལ་ཆེར་འཁྱག་རོམ་དར་གྱིས་བསྡམས་ཤིང་ལྟོ་དཀར་ཉ་རིགས་མཚོ་སྐྱེས་ཇི་སྙེད་རྣམས།།
ངལ་གསོའི་ཚུལ་གྱིས་ལན་གཅིག་ཆ་མེད་ཡུལ་དུ་འགྲིམས་ཤིང་ཆུ་སྐྱེས་མེ་ཏོག་ནི། །
དགུན་གྱི་དུས་སུ་རི་བོང་རྭ་བཞིན་ཧ་ཅང་དཀོན་པོར་གྱུར་བ་དགུན་ཁའི་གཤིས། །
ཕྱོགས་སུ་རྒྱུ་བའི་འབྲོང་དང་གཡག་གི་ཁྱུ་ཚོགས་ཡིན་ཡང་ཁྱེད་ཉིད་སླེབས་པའི་ཚེ། །
ཤུགས་དང་སྟོབས་ཀྱི་ལུས་ཟུངས་ཉམས་ཏེ་རི་བོའི་འདབས་སུ་རྒྱུ་ཞིང་རྩེད་འཇོར་རོལ།།
གངས་དཀར་ཏེ་སེ་རྨ་ཆེན་སྦོམ་ར་སོགས་ཀྱི་གཟི་ཉམས་བརྗིད་ཆགས་དཔུང་བ་སོགས།།
སྔར་ལས་མཐོ་ཞིངཉམས་པ་མེད་པའི་དཔའ་ངར་དལ་གྱིས་སྟོན་པ་བོད་ཡུལ་ཉིད། །
སྟོན་ཁ།
ཁོར་ཡུག་ཀུན་ཏུ་འཁྲུངས་པའི་འབྲས་ལྡན་དུས་ཀྱི་ལྗོན་ཤིང་ཡོད་ཚད་སྤོབས་ཉམས་ཀྱིས།།
ཐེག་པར་དཀའ་བའི་འབྲས་བུའི་འཕྱང་འཕྲུལ་ཀུན་ནས་བརྒྱན་ཅིང་ལྕི་བའི་ཁུར་གྱིས་ནི།།
ཐུར་དུ་བཀུག་ཅིང་སྐད་ཅིག་མགོ་ལྕོག་ལྡེམ་པའི་ལས་སྐལ་ཡོད་ཚད་འཕྲོག་པ་དང༌། །
ས་ལ་ཟགས་པའི་ལོ་ཏོག་སོ་ནམ་པ་ཡིས་འཐུ་ཞིང་ལོ་འབྲས་རེ་སྨོན་ཆེ། །
ལྷོ་ཕྱོགས་མོན་ལ་རྒྱུ་བའི་གྱ་གྱུའི་ཆུ་མོ་མཚམས་སྤྲིན་དམར་པོའི་ཐུ་འོག་ཏུ། །
དམར་སེར་འོད་ཀྱི་རླབས་ཕྲེང་དགུང་ལ་འཕྱུར་ཅིང་ལང་ཚོའི་སྟངས་སྟབས་ཕྲ་མོ་ཉིད།།
གསེར་ལྡན་དུས་ཀྱི་གསང་བ་ཕྱི་ལ་བསྒྲགས་པར་འགྲོ་བའི་ངང་ཚུལ་ཉིད་དང་མཚུངས།།
གསེར་ལྡན་དུས་ཀྱི་ལོ་ཏོག་སོ་ནམ་ཀུན་གྱིས་རེ་བའི་མགྲོན་པོ་ཉག་གཅིག་ཡིན། །
འབྲས་ལྡན་དུས་ཀྱི་རྩི་ཤིང་ཕྱོགས་སུ་རྒྱུ་བའི་རླུང་གིས་དལ་བུར་གཡོས་པ་ན། །
མདུན་དུ་ཡིབ་པའི་ནོར་ལུག་གསལ་བོར་མཐོང་ཞིང་ཡང་བསྐྱར་གསལ་བོར་མ་མཐོང་ངོ༌།།
བསིལ་འཇམ་ལྷ་ལམ་ངོས་སུ་རྒྱུ་བའི་སྟོན་ཁའི་ཉ་གང་ཟླ་བའི་བསིལ་ཟེར་གྱིས། །
མཚན་ལྗོངས་ཀུན་ན་རྒྱུ་བའི་སེམས་ཅན་ཀུན་གྱིས་མིག་ཟུང་ཕྱེ་སྟེ་ལྟ་བར་བརྩཽན། །
དཔྱིད་ཀ།
དྭངས་གཙང་ཤེལ་གྱི་ཆུ་མིག་ཤག་ཤག་སྙན་འགྱུར་སྟོང་གི་གླུ་དབྱངས་ལེན་ཅིང་བཞུར།།
འདབ་ཆགས་སྟོང་གི་མགྲོན་པོ་ས་ཕྱོགས་ཀུན་ནས་འོང་ཞིང་ཡུན་སྡོད་གནས་མལ་གཡར།།
སྔོ་ལྗང་རྩྭ་ཡི་འདབ་ལོ་ཕྱོགས་སུ་བཞད་ཅིང་རྐང་དྲུག་བུང་བ་མགྲོན་པོར་འགུགས། །
ཨེ་མ་བོད་ཡུལ་ཁ་བའི་ལྗོངས་ཀྱི་ནམ་དུས་དཔྱིད་ཀྱི་ལང་ཚོ་ལྷ་ཡུལ་ཉིད། །
རབ་གསལ་མེ་ལོང་དང་མཚུངས་མཚོ་དང་མཚེའུ་སྟངས་སྟབས་དུས་ཀྱི་རླབས་ཕྲེང་ནི།།
འཛུམ་དྲུག་ཉ་དང་ཉ་མོའི་རྐྱལ་རྩལ་དང་བསྡོངས་ཆུ་ཡི་གུར་ཁྱིམ་འཕྲུལ་གྱིས་བསྐྲུན། །
ལྷང་ལྷང་དྲུག་འགྱུར་དབྱངས་རྟ་གྱེར་བའི་ཆུ་ཕྲན་སྣ་ཚོགས་མཚཽ་དང་མཚེའུར་འབབ།།
ཨེ་མ་བོད་ཡུལ་ཁ་བའི་ལྗོངས་ཀྱི་ནམ་དུས་དཔྱིད་ཀྱི་ལང་ཚོ་ལྷ་ཡུལ་ཉིད། །
གནམ་གཤིས་དྲོད་གྲང་ལུས་པོར་སིམ་ཞིང་རེ་འདོད་འབུམ་གྱིས་ཕྱུག་པའི་ནོར་ལུག་ཀུན།།
དགའ་སྤྲོའི་རྩེད་འཇོ་གང་ཡང་སྟོན་ཅིང་གསར་འཁྲུངས་རྩྭ་མཆོག་ལོངས་སུ་སྤྱོད་ཅིང་བྲེལ།།
མཚར་སྡུག་དཔྱིད་ཀའི་དུས་ཉིད་སེམས་ལྡན་ཀུན་གྱིས་རེ་བའི་དུས་ཀྱི་ལང་ཚོ་ཉིད། །
ཨེ་མ་བོད་ཡུལ་ཁ་བའི་ཡུལ་ལྗོངས་ཀྱི་ནམ་དུས་དཔྱིད་ཀྱི་ལང་ཚོ་ལྷ་ཡུལ་ཉིད། །
མཇུག་བསྡུ་བ།
མདོར་ན་བོད་ཡུལ་འདི་ཉིད་སུམ་རྩེན་གནས་ཉིད་ས་ལ་འཕོས་འདྲའི་ཡུལ་ལྗོངས་ཞེས།།
འཇིག་རྟེན་མིག་ལྡན་ཀུན་གྱིས་སྒྲོགས་ཤིང་བསྟོད་པའི་བསྔགས་བརྗོད་རི་བཞིན་མཐོ་ན་ཡང༌།།
ས་མཐོའི་ཡུལ་གྱར་ང་ཡི་མཚར་སྡུག་ཡོད་ཚད་མིག་གིས་མཐོང་བར་དཀའ་བས་ན། །
ལན་ཅིག་བོད་ཀྱི་རང་དབང་ཕྱོགས་ཀྱི་རླུང་བུས་དེད་དེ་ང་ཡི་ཐོས་འཛིན་དུ། །
ཐོས་པའི་དུས་དང་མཉམ་དུ་ང་ནི་གཤོག་ཐོགས་བྱ་བཞིན་བོད་དུ་འཕུར་བར་བསམ། །
་་་་་་་་་་་བསམ། །
་་་་་་་་་་་བསམ། །
རྩོམ་ཡིག་དཔྱད་མཆན།
དུང་སེམས་མཚོན་པའི་ཚིགས་བཅད་སྙན་ངག་འདིའི་ཚེག་བར་ཚང་མ་བཅུ་བདུན་ཅན་ཤ་སྟག་ཡིན་པས། སྙན་ངག་སྦྱོང་བཞིན་པའི་འཛིན་རིམ་བརྒྱད་པའི་སློབ་མའི་ཞིག་ལ་མཚོན་འདི་འདྲ་བྲིས་པ་ཚད་མཐོ་བར་བརྩིས་ཆོག ཚིགས་བཅད་ཀྱི་འགྲོ་དང་མཐུན་པའི་སྡེབ་སྦྱོར་དང་ནང་དོན་འབྲེལ་ཆགས་པ་བཟོ་སྟངས་ཐད་ཐུགས་སྣང་གིས་འབད་བརྩོན་གནང་གལ་སྙམ།
དུས་བཞིའི་འགྱུར་ལྡོག་ལ་བསྔགས་པ།(ཨང་གཉིས་པ)
ཤ་བོ་མཆོད་རྟེན། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།
ལྷ་ཡུལ་གྱི་ཞིང་ཁམས་དང་འདྲ་བའི་ཁོར་ཡུག་དང༌།
བརྟན་གནས་ཀྱི་ཚེ་སྲོག་ནི་བདག་ལ་མེད་མོད།
འོན་ཀྱང༌།
འགྲོ་བ་རྣམས་ཀྱི་སྲོག་ཟུངས་དང༌།
ལྷ་ཡུལ་གྱི་གོས་རྒྱན།
སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པའི་ནུས་པ་ཞིག་བདག་ལ་ལྡན་ཡོད།
དཔྱིད་ཀ
བདག་གིས་དགུན་དུས་རིང་གོས་དཀར་བཀླུབས་པའི་ནོར་འཛིན་འདིར།
སྔོ་བསང་ནེའུ་གསིང་གི་མཛེས་རྒྱན་འཁྱེར་ནས།
ས་རྒོད་སྐྱ་ཐལ་གྱི་འཇིགས་པ་ལས་བསྒྲལ་ཏེ།
ས་གཞི་ཡོངས་ལ་སྔོ་ལྗང་གི་ལྭ་བ་དང༌།
གོས་ལྗང་སྙིང་རྗེ་རེ་གཡོགས་འགོ་བརྩམས།
དེར་མ་ཟད་
དཔྱིད་ཀྱི་ཕོ་ཉའི་གསང་འཕྲིན་བདག་ལ་འབྱོར་དུས།
རང་སྟེང་གི་ས་རྡུལ་སྤྲུགས་ནས།
འཚོ་བ་གསར་པ་ཞིག་སྐྱེལ་འགོ་བརྩམས།
ད་དུང་བདག་གིས་
སྤྲིན་གྱི་མེ་ཏོག་དལ་གྱིས་ས་གཞིར་བསུས་ཏེ།
ལུས་ཀྱི་དྲི་མ་མ་ལུས་ཡོངས་སུ་བཀྲུས་ནས།
དུས་རབས་ཉེར་གཅིག་གི་གཞོན་ནུ་རྣམས་ལ་གངས་རིའི་རྩེ་མོར་འགྲིམས་པའི་སྐལ་བ་ཐོབ་ཆེད།
ཤེས་བྱའི་ལྡུམ་ར་གྱ་ནོམ་པ་ཞིག་གནང༌།
དེར་མ་ཟད།
ན་ཚོད་ལོན་པའི་གཞོན་ནུ་ཕོ་མོའི་བརྩེ་དུང་གི་གསང་གཏམ་གླེང་བའི་ཁོར་ཡུག་ཀྱང་བསྩལ།
འོན་ཀྱང༌།
ཉིན་དང་ཟླ་བའི་དུས་འགྱུར་གྱི་སེང་གེ་རྒྱལ་པོས།
ངའི་དཀའ་སྤྱད་དང་སྙིང་རུས།
བབ་ཆགས་ཀྱི་འདུ་ཤེས།
མདུན་བསྐྱོད་ཀྱི་སྙིང་སྟོབས་སོགས་ལ་བསམ་གཞིགས་མ་བྱས་པར།
ངའི་ཡོད་ཚད་ཁྱུར་མིད་བཏང་སྟེ།
དབྱར་ཁ་ཞེས་འཇིག་རྟེན་གསར་བ་ཞིག་བསྐྲུན།
དབྱར་ཁ།
ད་ནི་དཔྱིད་ཀྱི་ཕོ་ཉའི་དུས་སྐབས་རྫོགས་སོང༌།
ཉམ་ཆུང་བདག་གི་སེམས་པ་ཡང་ལྗིད་ཏིག་ཏིག
ལྗིད་ཏིག་ཏིག་གི་ཁུར་བོ་ལྕི་མོ་ཞིག་འཁུར་ཏེ་སོང༌།
རེད་ཡ།
སྟོབས་ལྡན་གྱི་ལྗོན་ཤིང་དང༌།
དྭངས་གཙང་གི་ཆུ་བོ།
ཡིད་འོང་དྲི་ཞིམ་གྱི་མེ་ཏོག་སོགས་ཀྱིས།
བདག་དགུང་སྔོན་གནམ་ལ་བསྐྱལ།
དེར་མ་ཟད།
བྱ་བྱེའུ་གསུང་སྐད་དང༌།
ལུ་གུའི་འབའ་སྒྲ།
ནོར་གྱི་ངུར་སྒྲ།
རྟ་མཆོག་གི་འཚེར་སྐད།
གླུ་བའི་སྐད་སྒྲ་སོགས་ཀྱི་བདག་ལ་དགའ་བསུ་དང་འཚམས་འདྲི་ཡང་ཡང་བྱེད།
དེར་མ་ཟད།
ནོར་འཛིན་སྒེག་མོའི་དཀྱིལ་འཁོར་ཀུན་ཏུ།
ལྟ་ན་སྡུག་པའི་གསེར་དངུལ་གྱི་རྒྱན་ཆས་བརྒྱན་པ་ལྟ་བུའི་དྲི་ཞིམ་ཡིད་འཕྲོག་གི་མེ་ཏོག་བཀླུབས། །
གཡང་དཀར་ལུག་ཁྱུ་རྣམས་ལྷ་ཡུལ་ཁམས་དང་འདྲ་བའི་སྔོ་ལྗང་ནེའུ་གསིང་གི་པང་དུ་མགྲོན་དུ་བསུས།
འོན་ཀྱང༌།
འཇིགས་རུང་བདུད་སྲིན་དང་འདྲ་བའི།
སྟོན་དུས་ཀྱི་འགྱུར་ལྡོག་སྐྱེན་པོ་ཞིག་གིས།
བདག་གི་ཡིད་འཕྲོག་ཁོར་ཡུག་དང༌།
མེ་ཏོག སྤང་ལྗོངས་སོགས་ཀྱི་ཚེ་སྲོག་བཀུམས་ནས་བུད་སོང༌།
ཡིན་ནའང༌།
ཡ་ང་བའི་འཇིག་རྟེན་འདིར།
བསྐྱར་དུ་འཚོ་བ་གསར་བ་ཞིག་གི་སྟ་གོན་ལ་རྩོམ་ཞིང༌།
དེའི་མིང་ལ་སྟོན་ཁ་ཞེས་གྲགས་བྱུང་ངོ༌། །
སྟོན་ཁ།
རི་ལུང་ཡོངས་རྫོགས་བསིལ་རླུང་ཁྲོད།
སྔོ་ལྗང་ལྗང་གི་ལྭ་བ་ཕུད་ནས་གསེར་མདོག་ངོམ།
གསར་སྐྱེས་ལྗོན་ཤིང་རྣམས་རིམ་བཞིན་ཉམས་ནས་སྐམ་པར་གྱུར་ལ།
མགོ་སྐྱེས་སྡོང་ལོ་རྣམས་རིམ་བཞིན་ས་རུ་ལྷུང༌།
ཡིན་ནའང༌།
སོ་ནམ་པ་རྣམས་ཀྱིས།
“རྔ་མོང་གི་བུ་སྒུག་དང་ཡི་དྭགས་ཀྱི་ཟས་སྒུག་པ་བཞིན།”
སྟོན་དུས་ལོ་ཏོག་གི་འབྲས་བུའི་བང་མཛོད་འགེངས་དུས།
བདག་ཀྱང་ས་གཞི་སྟོང་སང་སང་དུ་གྱུར་རུང༌།
བློ་འགྱོད་དང་ཕྲག་དོག་ཅི་ཡང་མེད་པར།
བཀྲ་ཤིས་ཀྱི་གར་རྩེད་དང་རྒྱལ་ཁའི་གླུ་དབྱངས་ལ་རོལ།
འོན་ཀྱང༌།
བྱམས་བརྩེའི་ལྭ་བས་དབུལ་ཞིང༌།
ཧམ་སེམས་ཀྱི་རྣོ་གྲི་ཐོགས་པའི་དགུན་གྱི་རྒྱལ་པོས།
གྲང་ངར་ཅན་གྱི་དམག་དཔུང་བཏང་སྟེ།
བདག་དམྱལ་ཁམས་ལ་བཏང་ནས།
ས་གཞི་ཡོངས་རྫོགས་དབང་དུ་བཟུང༌།
དེ་ཡང་གདུག་རྩུབ་ཅན་གྱི་དགུན་ཁའི་རྒྱལ་པོ་ལགས།
དགུན་ཁ།
བདག་གི་དམར་ཆུང་གི་སེམས་པ་གྲང་ངར་དང་བསྡེབས་ནས་གྲང་ཤུར་ཤུར།
འདུ་འཛི་ཆེ་ཞིང༌།
འུར་འུར་ལང་ལོང་དུ་གྱུར་བའི་རྒྱལ་ཁམས་དེར།
གྱོན་གོས་དཀར་པོ་བཀླུབས་ཅིང༌།
འཇིག་རྟེན་ཐམས་ཅད་ཁུ་སིམ་སིམ།
སྟོང་སང་སང་གི་རྒྱལ་ཁམས་སུ་བསྒྱུར།
འོན་ཀྱང༌།
བདག་ཉིད་ཉམ་ཆུང་ཆུང་དང༌།
ཡིད་ཁམས་སུ།
མ་འོངས་པའི་དུས་གསར་ཞིག་དང༌།
བར་ཆད་དང་གནོད་འཚེ་སེལ་བཞིན།
འཇིག་རྟེན་གྱི་བདེ་སྐྱིད་གསར་བ་ཞིག་བསྐྲུན་ཆེད།
འདི་ལྟར་ཕེབས།
གངས་ལགས་ཤེ་ན།
རྫས་མཚོན་གྱི་རལ་ཁ་ངོམ་པའི་དུས་རབས་འདིར།
རང་རྒྱལ་གཞན་ཕམ་གྱི་བསམ་བློ་དང་སྤྱོད་པ།
ཞི་འཇམ་དུ་ཡོང་ཆེད།
ང་འདི་ལྟར་ཁུ་སིམ་སིམ་ཡོང༌།
ཁ་སང༌།
དཔྱིད་ཀ དབྱར་ཁ། སྟོན་ཁ། དགུན་ཁ་སོགས།
དུས་བཞིར་འགྱུར་ལྡོག་གང་མང་བྱུང་ཡང༌།
བདག་གིས་མ་ཚོར།
དེ་རིང༌།
ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་འདིར་ཞུ་རྒྱུ་ཡང༌།
དུས་བཞིར་བསྔགས་པའི་སེམས་སྟེང་གི་ཚིག་འབྲུ་འབའ་ཞིག
སང་ཉིན།
དུས་བཞིའི་བཀའ་དྲིན་སེམས་སུ་བཅངས་ཏེ།
དེའི་འགྱུར་ལྡོག་ལ་གནོད་འཚེ་མེད་པར་མཁྱེན།
གནངས་ཉིན།
ངས་འདི་ལྟར་ཕྱི་མིག་ལྟ་དུས།
གཞི་ནས་ཚོར་བྱུང༌།
ཚོར་བྱུང༌།
དུས་བཞིའི་ལ་རྒྱ་དང༌། སྙིང་རུས། འདུན་པ་སོགས་ཚོར་བྱུང༌།
རྩོམ་ཡིག་དཔྱད་མཆན།
དུས་བཞིའི་འགྱུར་ལྡོག་ལ་སྦྱར་བའི་དུང་སེམས་མཚོན་པའི་རང་མོས་སྙན་ངག་འདིའི་ཚིག་སྦྱོར་གྲིམ་ཞིང་ཡིག་ནོར་ཉུང་བ། བཀོད་འབྲིའི་ཐབས་རྩལ་སྤྱད་ཅུང་ལེགས་པར་སྣང༌། འོན་ཀྱང༌། རང་མོས་སྙན་ངག་དེ་ཚིག་ལྷུག་གི་སྙན་ངག་དང་མི་མཚུངས་པའི་ཁྱད་པར་གཙོ་བོ་ཞིག་ནི་བརྗོད་བྱ་སྙིང་བསྡུས་ཀྱིས་མཚོན་པའི་རང་བཞིན་དང༌། སྲོལ་རྒྱུན་སྙན་གཞུང་དུ་བཤད་པའི་རྒྱན་སྤྱོད་པ་མ་ཟད། ཚིག་སྦྱོར་ལས་དངོས་ཤུགས་བརྒྱུད་གསུམ་དུ་བྱུང་བའི་མྱོང་ཚོར་ཡང་ཤུགས་ཆེར་སྤྱོད་པ། ངག་གྱེར་གྱི་སྒོ་ནས་དུང་སེམས་ཚད་མཐོར་མཚོན་ཐུབ་པ་བཅས་ཀྱི་ཁྱད་ཆོས་རྩོམ་ཡིག་འདིར་རྩལ་དུ་ཐོན་མི་འདུག་པས། རྗེས་སུ་ཐུགས་གཟབ་གནང་ན་ཡར་རྒྱས་མངོན་སུམ་དུ་ཐོན་ངེས་སོ། །
དུས་བཞིའི་འགྱུར་ལྡོག་ལ་བསྔགས་པ།(ཨང་གསུམ་པ)
བསྟན་འཛིན་དགེ་ལེགས། སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭ།
མཚར་རོ་མཚར་རོ་ངོ་མ་རབ་ཏུ་མཚར། །ཟློག་མེད་དུས་བཞིའི་འགྱུར་འགྲོས་སྟངས་སྟབས་མཚར། །
འགྱུར་རོ་འགྱུར་རོ་ས་གཞིའི་ལང་ཚོ་འགྱུར། །ཡོད་རྒུ་དུས་བཞིའི་འགྱུར་འགྲོས་ཟིལ་གནོན་ལགས། །
གངས་ལྗོངས་སཱ་ལའི་སྨན་ལྗོངས་ཀྱི་ལྟཽ་བ་ན་དྲིན་ཆེན་མ་ཡུམ་གྱི་མངལ་ལས་ངུ་སྐད་ཅིག་དང་སྦྲགས་ནས་འཇིག་རྟེན་འཁོར་བ་འདིར་འཕོས་པའི་ཅོལ་ཆུང་བདག་ལ་མཁའ་མཉམ་འགྲོ་དྲུག་གི་ཡིད་ཀྱི་མཚོ་མོ་རབ་ཏུ་འགུལ་ཞིང༌། སྐྱེ་བོ་སོ་སོའི་སེམས་སུ་ཡལ་མེད་དུ་གནས་པའི་དབྱངས་ཅན་ངག་གི་རྩལ་དང་རྣམ་དཔྱོད་བདག་ལ་མི་ལྡན་མོད། འོན་ཀྱང༌། སྐབས་བབ་བདག་ལ་དབང་བ་ནི་གླེང་གཞི་ཡི་གཙོ་བོ་དུས་བཞིའི་འགྱུར་ལྡོག་ལགས།
ངོ་མ་ཨ་སྔོན་དབྱིངས་ལ་ཟུག་པའི་གངས་རི་དཀར་པོ་ལྟ་བུའི་ངའི་ཡིད་ཀྱི་བུམ་བཟང་དུ་བསམ་ཡུལ་ལས་འདས་པའི་བདེ་སྐྱིད་སྟེར་མཁན་ནི་ངོ་མཚར་ཆེ་བའི་དུས་བཞིའི་འགྱུར་ལྡོག་ཡིན་ལ། ནང་སྒོས་སུ་ཁ་ཆར་བུ་ཡུག་ཤིན་ཏུ་རྒོད་པའི་ངའི་ཀྱག་ཀྱོག་གི་མི་ཚེའི་རྐང་ལམ་ཕྲ་མོར་སྡུག་བསྔལ་གྱི་ཁ་བའི་རྡུལ་མང་བརྩེགས་པར་ཨ་ཐང་མ་ཆད་པར་བདེ་སྐྱིད་དང་འཚོལ་སྙེག་གི་སླད་དུ་ནམ་ཡང་གཤེགས་ཤིག་ཅེས་བདག་ལ་སེམས་གསོ་བྱེད་མཁན་ཡང་གཅིག་མཚུངས་མ་ཡིན་པའི་དུས་བཞིའི་འགྱུར་ལྡོག་ཡིན། དེར་བརྟེན། ངའི་དམར་ཆུང་སེམས་སུ་ཡལ་མེད་དུ་འཚེར་བ་ནི་དུས་བཞིའི་འགྱུར་ལྡོག་ཡིན་ལ། ངས་རྟག་ཏུ་དུས་བཞིའི་འགྱུར་ལྡོག་ལ་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་ཞིང༌། དུས་བཞི་རེ་རེའི་ཁྲོད་ནས་ང་ལ་ཐོབ་པ་ནི་ལུས་རྙིང་པར་རི་རབ་ལྷུག་པོ་ལྟ་བུའི་སེམས་ཤུགས་གསར་མ་ཞིག་དང་མ་འོངས་པའི་མི་ཚེའི་ནང་ཆར་རྗེས་ཀྱི་མྱུ་གུ་ལྟར་ལྗང་ནེམ་ནེམ་གྱི་འཚོ་བའི་མངར་ཁ་ཡང་སྟོན་གྱི་འདུག
སྤྱིར་རྩུབ་སྤྱོད་དྲག་པོས་གཞན་དབང་དུ་གྱུར་པའི་སྐྱེ་བོ་ཞིག་སྟབས་ལེགས་འཕོ་འགྱུར་ཞིག་གི་འོག་ནས་དཀར་ནག་དབྱེ་འབྱེད་ཤེས་ཏེ་འཇིག་རྟེན་ཡ་རབས་ཀྱི་ཕྱོགས་སུ་གོམ་པའི་འདེགས་འཇོག་སྤོས་མོད། འོན་ཀྱང༌། ངས་ནམ་ཡང་བཟང་པོའི་བགྲོད་ལམ་དུ་བཞུད་བཞིན་པའི་སྐྱེ་བོ་དེར་ལེགས་སྐྱེས་སུ་ཁ་བརྡ་ཞིག་ལས་ངས་དུས་བཞིའི་འགྱུར་ལྡོག་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་དང་ཡིད་ཆེས། ང་ཁྱོད་དང་ཁྱོད་ང་ཞེས་དུས་བཞིའི་འགྱུར་ལྡོག་ཁོ་ན་ལས་དཀར་ནག་དབྱེ་འབྱེད་ཤེས་ནས་ཡ་རབས་ཀྱི་ལམ་བུར་བཞུད་པའི་སྐྱེ་བོ་དེར་ངས་ནམ་ཡང་དེ་ཙམ་གྱི་ཡིད་ཆེས་དང་བརྩེ་སེམས་བཅངས་མི་ཐུབ་ལ། དེ་བས་ཀྱང་ཕྱིའི་དངོས་པོ་འགྱུར་བ་ནི་ལྐོག་གྱུར་གྱི་འགྱུར་བ་ཡིན་པས། ངས་དེ་ལྟར་ག་ལ་ཕོད།
འོན་ཀྱང༌། དབྱར་གྱི་དྲོད་དང་དགུན་གྱི་གྲང་ངར། སྟོན་གྱི་དུས་སུ་ལོ་ཏོག་གི་འབྲས་བུ་གཡུར་དུ་ཟ་ལ། དཔྱིད་ཀའི་ལང་ཚོའི་དཔལ་ཡོན་ཡར་ངོའི་ཟླ་ལྟར་རྒྱས་པའི་ངོ་མཚར་ཁྱད་དུ་འཕགས་པའི་འགྱུར་ལྡོག་འདྲ་མིན་གྱི་ཁྲོད་ནས། དུས་བཞིའི་འགྱུར་ལྡོག་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང༌།
གྲོགས་པོ་ཆུང་ཆུང་ཚོ། ལྟོས་དང་་་་་་་་་་ དུས་བཞིའི་འགྱུར་ལྡོག་ལ་ལྐོག་གྱུར་གྱི་དྲི་མ་མེད་ལ། དུས་བཞི་རེ་རེའི་འགྱུར་འགྲོས་ཀྱི་འོག་ནས་བགྲང་ལས་འདས་པའི་སྲོག་ཆགས་ག་ཚོད་ཅིག་ལ་ཚེ་སྲོག་གསར་བ་སྦྱིན་མུས་ཡིན། དུས་བཞིའི་འགྱུར་འགྲོས་ཀྱིས་སའི་གོ་ལ་ཟླུམ་པོ་འདིའི་ལྟོ་བར་གནས་པའི་སྲོག་ཆགས་དང་སྲོག་མེད་དངོས་པོ་དག་ལ་ཉེ་རིང་མེད་པར་ཚང་མར་མཐར་ཐུག་གི་བདེ་བ་སྟེར་ལ། ཚང་མར་འོད་སྟོང་འབར་བའི་མི་ཚེའི་རྐང་ལམ་ཕྲ་མོ་ཞིག་གི་སླད་དུ་འཚོལ་སྙེག་བྱེད་པར་གདམས། སྐབས་འགར་ངའི་འདྲེན་བྱེད་དབང་པོར་ཟིན་པ་ནི། བཀའ་དྲིན་ལ་བསམ་ཤེས་མེད་པ་དང་ཡོན་ཏན་དཔྱིས་ཕྱིན་པ་མེད་པའི་ཐ་ཤལ་ཅན་གྱི་སྐྱེ་བོ་འགས། དུས་བཞིའི་ལང་ཚོའི་འགྱུར་ལྡོག་གི་བཀའ་དྲིན་ལས་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་སྒེག་མོ་འདིའི་སྟེང་དུ་རྫོགས་ལྡན་གྱི་དཔལ་ཡོན་དང༌། བཀྲེས་སྐོམ་གྱི་གདུང་བ་སེལ་བའི་བདུད་རྩི་ཡིན་པར་མ་སེམས་པར། དུས་བཞིའི་འགྱུར་ལྡོག་ལ་ཡིད་མུག་ནས་འཁང་ར་དང་སྡང་སེམས་འཛིན་དགོས་དོན་ནི་ཅི་འདྲའི་བརྗོད་མི་ཤེས་པའི་བླུན་པོ་ཞིག་མ་རེད་དམ།
ངས་དེ་ལྟར་དུས་བཞིའི་འགྱུར་ལྡོག་ལ་བཅོས་མིན་སེམས་ཁོང་རུས་པའི་གཏིང་ནས་རྗེས་སུ་ཡི་རངས་དང༌། ལག་ཟུང་དུ་དར་དཀར་འཁྱེར་ནས་དུས་བཞིའི་འགྱུར་ལྡོག་ལ་སྙིང་ཉེ་བའི་བསྟོད་ཚིག་དང༌། ངག་གི་ཕྲེང་བ་ཟློས་པ་ཙམ་མ་ཡིན་པར་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་བ་ནི། དུས་བཞིའི་འགྱུར་འགྲོས་ཀྱི་གཡོ་འགུལ་རེ་རེའི་འོག་ནས་འཇིག་རྟེན་གྱི་སྣོད་བཅུད་དང་རླུང་ཁྲོད་ཀྱི་མར་མེ་ལྟར་འཆི་ལ་ཉེ་བའི་སྐྱེ་དངོས་མཐའ་དག་ལ་སླར་ཡང་ཚེ་སྲོག་གསར་བ་སྦྱིན་པར་བཀའ་དྲིན་རྗེས་དྲན་གྱི་ངོ་བོ་མཚོན་བྱེད་ཙམ་ཞིག་ལགས།
སྤྱིར་བཏང་མི་རྩུབ་སྤྱོད་དང་ལྡན་པ་ཞིག་ལ་མཚོན་ན་ངན་སྤྱོད་དོར་ནས་བཟང་པོའི་གོམས་གཤིས་དང་སྤྱོད་པའི་ཐོག་འགྱུར་ལྡོག་འགྲོ་རྒྱུ་ནི་གལ་ཆེ་ཞིག་མཐོང་ནའང༌། གལ་ཏེ་རྟེན་འབྲེལ་ལས་རང་བཞིན་དུ་མ་གྲུབ་པའི་སའི་གོ་ལ་འདིའི་སྟེང་དུ། དུས་བཞིའི་གནམ་གཤིས་ལ་འགྱུར་ལྡོག་མེད་པའི་དབང་དུ་བཏང་ན། འཇིག་རྟེན་འདི་ཚ་བས་གདུང་བ་དང༌། ཡང་ན་གྲང་ངར་གྱི་ཡོད་ཚད་བཅོམ་ནས་དབྱར་དང་དགུན་ཞེས་དུས་འགྱུར་གྱི་ཧེ་བག་མེད་སྟབས་འཛམ་གླིང་འདིའི་བཀོད་པ་ལ་འགྱུར་ལྡོག་མེད་པར་མྱ་ངམ་ཐང་ལྟར་འགྱུར་ངེས་ལ་སྐྱེ་དངོས་དག་བཀྲེས་སྐོམ་གྱི་ཟིལ་གནོན་འོག་འཛད་ནས་དུས་ངེས་ཅན་ཞིག་གི་ནང་འཛམ་གླིང་འདི་སྟོང་བར་འགྱུར་རྒྱུ་ནི་གོར་མ་ཆག
དེ་འདྲ་བའི་རྒྱུ་མཚན་དུ་མ་ཞིག་གི་ཐོག་ནས། ངས་ཁ་ཆར་བུ་ཡུག་གིས་བསུབ་མི་ཐུབ་ཅིང༌། དྲག་རླུང་གིས་འདེད་མི་ནུས་པའི་དུས་བཞིའི་འགྱུར་ལྡོག་ལ་ནམ་ཡང་རེ་སྒུག་དང༌། ལྷག་པར་དུ་མེད་དུ་མི་རུང་བའི་དུས་བཞིའི་འགྱུར་ལྡོག་གི་ཆོས་ཉིད་འདི་ནི་སྐྱེ་དངོས་ཡོད་ཚད་དང་འཛམ་གླིང་སྣོད་བཅུད་ཀྱི་བཅོས་མིན་བདེ་སྐྱེད་ཀྱི་འབྱུང་རྩར་གྲུབ་ཡོད་པས། ང་ཚོས་སྒོ་གསུམ་གུས་པ་ཆེན་པོས་མེ་ཏོག་ཆུང་ཡང་མཆོད་པའི་རྒྱན་ཟེར་བའི་དཔེ་ལྟར། དུས་བཞིའི་འགྱུར་ལྡོག་ལ་འཇིག་རྟེན་མཁྱེན་པ་ལྟ་བུ་ངོས་སུ་བཟུང་ནས་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་བའི་བཀྲ་ཤིས་ཡོད་ལ། ང་ནམ་ཡང་དུས་བཞིའི་འགྱུར་ལྡོག་ལ་དུངས་ཤིང་དགའོ། །
རྩོམ་ཡིག་དཔྱད་མཆན།
བགྲོ་གླེང་དང་འབྲེལ་བའི་དུང་སེམས་མཚོན་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་འདི་ནི། ཚིག་སྦྱོར་སྙན་ཞིང་གཏན་ཚིགས་ལྡན་པ། ཡིག་ནོར་ཉུང་བ། དུམ་མཚམས་དབྱེ་སྟངས་ལེགས་པ། ལྷག་པར་བརྗོད་གཞིའི་སྲོག་ཤིང་དང་ཁ་བྲལ་བའི་སྒོ་ནས་བཀོད་འབྲི་དང༌། བགྲོ་གླེང༌། དུང་སེམས་མཚོན་པ་སོགས་ཐབས་རྩལ་དུ་མ་སྤྱད་འདུག་པ་བཅས་རྩོམ་རྩལ་ལེགས་པར་སྣང༌། འོན་ཀྱང༌། ཚིག་སྦྱོར་རེ་ཟུང་གི་ནང་དོན་དང་སྒྲིག་གཞི་གཉིས་ཐད་ནས་དོན་མཚོན་གྱི་ནུས་པ་དེ་ཙམ་མི་ལྡན་པ། གོང་འོག་འགལ་བ། གཅོད་མཚམས་ཉམས་པ་བཅས་ཀྱི་ཞན་ཆའང་འདུག་པས་རྗེས་སུ་འདིའི་ཐད་ཐུགས་སྣང་གིས་འབད་པར་འཚལ།