ལེའུ་བརྒྱད་པ།
ཚིག་གི་ཚོམས། གང་དག་བྱས་བཞིན་མ་བྱས་ཟེར་བ་དང༌། །བརྫུན་དུ་སྨྲ་བ་དམྱལ་བར་འགྲོ་བར་འགྱུར། །མི་དེ་གཉིས་ཀ་འདྲ་བ་ཕ་རོལ་ཏུ། །སོང་ནས་དམན་པའི་ཆོས་དང་ལྡན་པར་འགྱུར། །སྐྱེས་བུ་སྐྱེས་པའི་ཁ་ནས་ནི། །ཚིག་ངན་སྨྲ་བར་བྱེད་པ་ཡི། །ཚིག་གི་སྟ་རེ་སྐྱེས་གྱུར་ནས། །བདག་ཉིད་གཅོད་པར་བྱེད་པར་འགྱུར། །གང་ཞིག་སྨད་འོས་སྐྱེ་བོ་བསྟོད་བྱེད་དང༌། །བསྟོད་འོས་སྐྱེ་བོ་རྣམ་པར་སྨོད་བྱེད་པ། །དེ་ནི་ཁ་ཡིས་འཐབ་ཁྲོལ་ཀུན་གསོག་ཅིང༌། །འཐབ་ཁྲོལ་ཅན་གང་དེས་ནི་བདེ་མི་འཐོབ། །གང་འདིར་ཆོ་ལོས་རང་ནོར་ཕམ་བྱེད་པ། །འཐབ་འཁྲོལ་དེ་ནི་ཅུང་ཟད་ཙམ་དུ་ཟད། །གང་ཞིག་བདེ་བ་གཤེགས་ལ་ཡིད་འཁྲུག་པ། །དེ་འདིར་འཐབ་ཁྲོལ་ཤིན་ཏུ་ཆེན་པོ་ཡིན། །ངག་ཡིད་འཕགས་པས་སྨད་པའི་སྡིག་བསྟེན་ན། །བྱེ་བར་ཆུ་བུར་ཅན་དང་སྟོང་ཕྲག་ནི། །བཞི་བཅུ་གཅིག་ཏུ་ཆུ་བུར་རྡོལ་བ་ཡི། །སེམས་ཅན་དམྱལ་བ་རྣམས་སུ་འགྲོ་བར་འགྱུར། །སྡིག་པའི་སེམས་ཀྱིས་མ་ཉེས་སྐྱོན་བརྗོད་པ། །བདག་ཉིད་གསད་ཕྱིར་དམྱལ་བ་སྤེལ་བར་ཟད། །སྟོབས་ལྡན་ཉེས་མེད་པ་དག་བཟོད་བྱེད་ཅིང༌། །དེ་ལ་སེམས་ཀྱང་འཁྲུགས་པར་མི་བྱེད་དོ། །བསམ་བརླག་གང་ཞིང་སྡིག་ཅན་གྱི། །ལྟ་ལ་བརྟེན་ནས་འཕགས་པ་ནི། །དགྲ་བཅོམ་ཆོས་ཀྱིས་འཚོ་བ་དང༌། །བསྟན་པ་སྤོང་བར་བྱེད་པ་དག །སྨྱིག་མ་འབྲུ་ཆགས་ལྟ་བུར་ནི། །དེ་ནི་རང་གི་འབྲས་བུས་གསོད། །ཚིག་བཟང་ཁོ་ན་སྨྲ་བྱ་ཡི། །སྡིག་པ་ཅན་དག་སྨྲ་མི་བྱ། །སྡིག་ཅན་གདུང་བྱེད་སྨྲ་བ་བས། །ཚིག་བཟང་སྨྲ་བར་བྱེད་པ་རུང༌། །བྱིས་པ་སྡིག་ཅན་སྨྲ་བྱེད་པ། །སྨྲ་བའི་ཚེ་ན་འཆིང་འགྱུར་ལ། །གལ་ཏེ་སྨྲ་ན་གཞན་སྤོང་བ། །དེ་དག་འཕགས་པ་མི་གསུང་ངོ༌། །དགེ་སློང་དག་ནི་བསྡམས་པ་དང༌། །དལ་བུས་སྨྲ་ཞིང་རློམ་པ་མེད། །གང་ཞིག་ཆོས་ལྡན་དོན་སྟོན་པ། །དེ་ནི་སྙན་པར་སྨྲ་བ་ཡིན། །ལེགས་པར་སྨྲ་བ་མཆོག་ཅེས་འཕགས་པ་གསུང༌། །སྙན་སྨྲ་མི་སྙན་མ་ཡིན་དེ་གཉིས་པ། །བདེན་སྨྲ་བརྫུན་པ་མ་ཡིན་དེ་གསུམ་པ། །ཆོས་སྨྲ་ཕལ་པ་མ་ཡིན་བཞི་བདེའོ། །ཚིག་དེ་རྣམས་ནི་སྨྲ་བྱ་ཞིང༌། །གང་གིས་བདག་ཀྱང་མི་གདུང་ལ། །ཕ་རོལ་ལ་ཡང་གནོད་མེད་པའི། །ཚིག་དེ་ལེགས་པར་སྨྲ་བར་བྱ། །གང་གིས་མངོན་པར་དགའ་འགྱུར་ཞིང༌། །གང་གིས་སྡིག་པ་མི་སྐྱེད་དང༌། །སྨྲས་པས་ཕ་རོལ་དགའ་འགྱུར་བའི། །སྙན་ཚིག་ཁོ་ན་སྨྲ་བར་བྱ། །བདེན་པའི་ཚིག་ནི་བདུད་རྩི་སྟེ། །བདེན་པའི་ཚིག་ནི་བླ་མེད་ཡིན། །དོན་དང་ཆོས་ལ་རབ་གནས་པ། །བདེན་པ་ཡིན་ཞེས་དམ་པ་གསུང༌། །སྡུག་བསྔལ་ཐམས་ཅད་སྤང་བའི་ཕྱིར། །སངས་རྒྱས་ཀྱིས་ནི་གསུངས་ཚིག་གང༌། །བདེན་པ་མྱ་ངན་འདས་འགྲོ་བའི། །ཚིག་དེ་བླ་ན་མེད་པ་ཡིན། །ཚིག་གི་ཚོམས་ཏེ་བརྒྱད་པའོ།། །།