སུམ་རྟགས་དག་གསུམ་སྒྲ་རིག་གཞུང་ལུགས་མཐའི་རྒྱ་མཚོར། །འབྲི་ཀློག་དོན་གསུམ་རྩལ་རྫོགས་གཡོར་གྲུ་བསྐྱོད་ཙ་ན། །
    ཡང་དག་བསླབ་གསུམ་བཀའ་བསྟན་ནོར་གྱིས་ཡོངས་བཀང་སྟེ། །འཆད་རྩོད་རྩོམ་གསུམ་མཁས་པའི་ཁྲི་ལ་མྱུར་དུ་བཞུད། །
    དག་ཆ་སྤུས་དག་ཤེས་པའི་ཕན་ཡོན་ནི། །རྩ་ཚིག་བློ་འཛིན་གང་མང་བྱ་དགོས་ཤིང༌། །
    ཡིག་འབྲུ་རེ་རེར་ཚིག་གྲུབ་གང་མང་འབྲི། །འཆད་རྩོད་རྩོམ་པའི་རྨང་གཞི་ཚུགས་ཤིག་ཅེས། །
    རང་ཅག་གཞོན་སྐྱེས་རྣམས་ཀྱི་སྙན་དུ་སྐུལ། །གངས་ལྗོངས་བཅུ་ཕྲག་རིག་མཛོད་ནམ་མཁའི་དབྱིངས། །
    མིང་ཚིག་གྲངས་མེད་རྒྱུ་བའི་སྐར་ཚོགས་འདྲ། །མཁོ་ཆེ་དོན་ལྡན་ངལ་བརྒྱས་བསྒྲིགས་པ་འདིའི། །
    ནོངས་པའི་ཆ་རྣམས་མཁས་པའི་སྤྱན་སྔར་འཆགས། །

   དག་ཡིག་ཀུན་བཏུས་འདི་ཉིད་རྩོམ་སྒྲིག་གི་རྒྱུ་ཆ་འཚོལ་ཞིབ་སྐབས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ་ཁང་གི་དཔེ་མཛོད་ཁང༌། རིགས་ལམ་སློབ་གཉེར་ཁང་གི་དཔེ་མཛོད་ཁང༌། རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་ཁང༌། ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང༌། ནོར་གླིང་དཔེ་མཛོད་ཁང༌། རྫོང་གསར་དཔེ་མཛོད་ཁང༌། ཝར་ཎཱ་མཐོ་སློབ་ཀྱི་དཔེ་མཛོད་ཁང༌། སྲོང་བཙན་དཔེ་མཛོད་ཁང༌། ས་སྐྱ་མཐོ་སློབ་ཀྱི་དཔེ་མཛོད་ཁང༌། སེ་ར་བྱེས་སྨད། དགའ་ལྡན་ཤར་བྱང། འབྲས་སྤུངས་སྒོ་མང་དང་བློ་གླིང་གྲྭ་ཚང་བཅས་ཀྱི་དཔེ་མཛོད་ཁང༌། ལ་དྭགས་ལུང་པའི་དགོན་ཁག ལ་དྭགས་མཚན་ཉིད་སློབ་གྲྭའི་དཔེ་མཛོད་ཁང༌། བལ་ཡུལ་དགོན་ཁག་དང་དཔེ་དེབ་ཁང༌། མོན་ཡུལ་དང༌། འབྲུག་ཡུལ། ཨ་རི་དང་ཧྥ་རན་སི་ལུང་པའི་དཔེ་མཛོད་ཁང༌སོགས་སུ་འབྲེལ་གཏུགས་ཀྱིས་དཔྱད་གཞི་འཚོལ་སྒྲུབ་བྱེད་པའི་བརྒྱུད་རིམ་ཁྲོད། དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཚན་པ་དང༌། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་བོད་ཡིག་སྡེ་ཚན་གྱི་འགན་འཛིན་བསོད་ནམས་སྟོབས་རྒྱལ་ལགས་དང། སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ལགས། སྐུ་ཞབས་བློ་བཟང་བསྟན་དར་ལགས། སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས། སྐུ་ཞབས་ལྷག་པ་ཚེ་རིང་ལགས་སོགས་ཚོགས་སྡེ་དང་མི་སྒེར་ཚང་མས་ལྷག་བསམ་རྣམ་དག་གིས་ལམ་སྟོན་དང་རོགས་ཕན་གནང་བ་དང༌། ཁྱད་པར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་དཔེ་དེབ་དོ་དམ་པ་རྣམ་པས་ཐུགས་ཁུར་ཆེན་པོས་དཔེ་གཡོར་དང་བརྩད་ཞིབ་སོགས་རོགས་སྐྱོར་གནང་སོན་བྱུང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
   དག་ཡིག་འདི་ཉིད་ཐོག་མར་འཆར་འགོད་དང༌། བར་དུ་རྒྱུ་ཆ་འཚོལ་སྡུད་དང་རྩོམ་སྒྲིག ཐ་མར་འཇུག་སྒྲིག་དང་ཇུས་འགོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཐོག་དཔལ་ལྡན་ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་ཟུང་དྲུང་བཀྲ་ཤིས་དོན་གྲུབ་ལགས་ནས་ལམ་སྟོན་དང་བཀོད་བྱུས་གནང་བ་དང༌། དེ་བཞིན་ངམ་རིང་བློ་བཟང་བསྟན་དར་ལགས་དང་ཁོང་གི་བཟའ་ཟླ་བསོད་ནམས་དཔལ་སྒྲོན་ཟུང་ནས་ཞིབ་ཚགས་ལྡན་པའི་སྒོ་ནས་དཔར་རྩ་འཇུག་སྒྲིག་དང་དཔེ་དེབ་ཕྱི་ནང་གི་བཀོད་བྱུས་རོགས་རམ་གནང་བ་བཅས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
   སྔོན་བྱོན་མཁས་པས་མཛད་པའི་དག་ཡིག་ཁུངས་མ་རྣམས་འཚོལ་སྡུད་ཀྱི་ཐབས་ཤེས་ཅི་ནུས་ཞུས་ཀྱང༌། སྒྲིག་མཁན་རང་ཉིད་ཀྱི་ཤེས་འཇོན་དང་དུས་ཚོད་སོགས་མཐུན་རྐྱེན་གང་ཅིར་བརྟེན་མང་པོ་ཞིག་མཚན་བྱང་ཙམ་ལས་གཞུང་དངོས་མ་རྙེད། ཡང་གཞུང་འགའ་ཞིག་ནི་མི་རབས་མང་པོར་བེད་སྤྱོད་མ་བྱས་པས་དཔེ་རྙིང་དུ་སོང་སྟེ། ཡིག་འབྲུ་མི་གསལ་བ་མང་སྟབས་འདིར་བདམས་བཀོད་ཞུས་མེད། འདིར་བཀོད་དག་ཡིག་རྣམས་དཔར་མ་མི་འདྲ་བ་ཁག་དཔེ་བསྡུར་དང་ཞུ་དག་ཐེངས་མང་ཞུས་ཡོད༌ནའང། ནོར་འཁྲུལ་གྱི་ཆ་འབྱུང་ཚེ་བཟོད་གསོལ་དང་སྦྲགས་ཡོ་བསྲང་ཡོང་བའི་རེ་འདུན་ཞུ་རྒྱུ་བཅས། གུས་པ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་མཐོ་རིམ་རིག་གནས་རབ་འབྱམས་པ་དང། ལུང་སྣ་ཤེལ་དཀར་བ་འབྲས་གཙང་བསྟན་འཛིན་ཐབས་མཁས་ཀྱིས༌རབ་གནས་ས་གླང་། བོད་རྒྱལ་ལོ་༢༡༣༦ ཕྱི་ལོ་༢༠༡༠ ལོའི་ཟླ་༡  པོའི་ཚེས་༥ བཟང་པོར་བྲིས་པ་དགེ་བའོ།། །།

མདུན་ཤོག