༡༽ ཤེས་རིག་བཀའ་བློན་རྡོར་གླིང་དུ་ཕེབས་ཏེ་རྡོར་གླིང་ཁྲོམ་གཞུང་དུ་བོད་ཕྲུག་དབུལ་འཁྱམ་བྱེད་མུས་ཁག་ཅིག་བསྡུ་སྐོང་གིས་ཕྱི་ཟླ་དང་པོའི་ནང་རྡོར་གླིང་གཏན་སློབ་གསར་འཛུགས་གནང༌།
༢༽ དགེ་རྒན་ཚད་ལྡན་དཀོན་པའི་ཛ་དྲག་དཀའ་ངལ་སེལ་ཆེད། ༡༩༦༡ ཟླ་ ༡ ཚེས་ ༢༣ ནས་ལོ་ཕྱེད་རིང་ལག་ནའོ་ལི་ཀྲི་སི་ཧའོ་སེ་ཞེས་པའི་སློབ་གཉེར་ཁང་སྐད་གྲགས་ཅན་དེར་མ་སུ་རི་སློབ་གྲྭའི་ཐོག་མའི་སློབ་ཕྲུག་ཁོངས་ནས་ཤེས་ཚད་དྲག་གྲས་ཕུན་ཚོགས་རྣམ་རྒྱལ་དང༌། ཚེ་རིང་ཆོས་གྲགས། རྒྱལ་མཚན་ཆོས་འཕེལ། ཐུབ་བསྟན་རབ་རྒྱས། སྐལ་བཟང༌། རྡོ་རྗེ་ཚེ་རིང༌། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། འཇིགས་མེད། བློ་བཟང་རྣམ་གྲོལ་བཅས་དགེ་རྒན་འོས་སྦྱོང་དུ་བཏང་ཞིང༌། སློབ་ཕྲུག་འདི་དག་གིས་སྙིང་རུས་ཆེན་པོས་སློབ་སྦྱོང་དང་རང་འགུལ་གྱིས་ནང་ཁུལ་སྒྲིག་གཞི་དོན་ཚན་ལྔ་སྤྱི་མོས་ཐོག་གཏན་འབེབས་ཀྱིས་ལག་བསྟར་གནང་བར་མ་ཟད། སློབ་གསེང་དུ་ཧིན་དིའི་སློབ་དེབ་དང་པོ་ནས་བརྒྱད་པ་བར་གྱི་ཚིག་དོན་བོད་སྐད་དུ་བསྒྱུར་ཏེ་ཕྱིས་སུ་སློབ་གཉེར་ཁང་དེར་སྐྱོད་མཁན་ཚོར་སྟབས་བདེ་ཡོང་བ་བཟོས། ཁོང་ཚོ་སྦྱོང་བརྡར་ཐོན་རྗེས་སློབ་གྲྭའི་དགེ་རྒན་དུ་བསྐོ་བཞག་བྱས། ཁོང་ཚོའི་རྗེས་སུ་ཡང་བསྐྱར་སློབ་ཕྲུག་ཚོ་གཅིག་དགེ་འོས་སུ་བཏང་འདུག་ཀྱང་མིང་དང་ཁ་གྲངས་སོགས་རྩད་མ་ཆོད། ༡༩༦༤ ལོའི་ཡིག་ཆ་ཞིག་གི་ནང་མ་སུ་རིའི་ཐོག་མའི་སློབ་ཕྲུག་ཁོངས་ནས་ཤེས་རིག་བཀྲ་བ་ ༢༥ ཙམ་དགེ་རྒན་འོས་སྦྱོང་དུ་བཏང་བ་དང༌། གཞན་རྣམས་སྐད་སྒྱུར་དང་ལས་ཁུངས་ཁག་གི་དྲུང་ཡིག་སོགས་སུ་བཏང་སྟེ་ཕན་ཐོགས་ཆེན་པོ་བྱུང་ཚུལ་གསལ།
༣༽ ཕྱི་ཟླ་ ༤།༥ ནང་ྋགོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་ཆིབས་ཞབས་སུ་ཤེས་རིག་བཀའ་བློན་ཀུན་བདེ་གླིང་མཉམ་འཁྲིད་མཛད་ཡོད་གྱིས་སྲིད་བློན་ནེ་རུ་མཆོག་ངོ་མཇལ་གྱིས་འབོད་སྐུལ་གནང་བ་ལྟར། སྲིད་བློན་མཆོག་གིས་ཞལ་བཞེས་དང་སྦྲགས་སྐབས་དེར་ཤེས་ཡོན་དང་གཞོན་སྐྱེས་ཞབས་ཞུའི་བློན་ཆེན་ལས་ཁུངས་(Ministry of Education & Youth Services)ཞེས་འབོད་པ་དང༌། དེང་སྐབས་མི་ཆའི་ནུས་པ་གོང་དུ་སྤེལ་བའི་བློན་ཆེན་ལས་ཁུངས་(Ministry of Human Resource Development)ྤཞེས་འབོད་པ་དེའི་གྲོས་ཆོད་ལྟར་ཕྱི་ལོ་ ༡༩༦༡ ཟླ་ ༧ ཚེས་ ༣༡ ཉིན་ཚོགས་པ་དེབ་སྐྱེལ་གྱི་ཁྲིམས་ཡིག་(XXI OF 1860)གཞི་བཟུང་བོད་སློབ་འཛིན་སྐྱོང་ཚོགས་པ་ཚོགས་པའི་མིང་ལ་འགྱུར་བ་སོང་ཡོད་ཀྱང་དེབ་འདིའི་ནང་ཀློག་པ་པོ་ཚོར་མགོ་རྙོག་མི་འབྱུང་བའི་ཆེད་དེང་སྐབས་ཀྱི་མིང་དེ་རང་བེད་སྤྱོད་བྱས་ཡོད་ ཞེས་པའི་རང་སྐྱོང་སྡེ་ཚན་ཞིག་དངོས་སུ་དེབ་སྐྱེལ་བྱས་ཏེ་འཛུགས་ཐུབ་པ་བྱུང༌།
༤༽ ༡༩༦༡ ཟླ་ ༨ ཚེས་ ༡༧ ཉིན་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དངོས་སུ་ཚུགས་པའི་འགན་འཛིན་ལྷན་ཚོགས་དང་པོ་དེ་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་སུ་འཚོགས། ཚོགས་ཐོག་ཏུ་མ་སུ་རི་དང་སིམ་ལ། རྡོར་གླིང་བཅས་བོད་སློབ་འཛིན་ཚོགས་ཀྱིས་རྩིས་ལེན་དང་འཛིན་སྐྱོང་གནང་རྒྱུ་དང༌། གཞིས་སྒར་ཁག་ལ་རིམ་པས་ཉིན་སློབ་གསར་འཛུགས་གནང་རྒྱུ། བོད་སློབ་འཛིན་ཚོགས་ཀྱི་སྒྲིག་འཛུགས་སྒྲོམ་གཞི་དང་ལས་འགན་སོགས་ཀྱི་ཐག་ཆོད་དོན་སྨིན་ཆེན་པོ་ལྡན་པ་བྱུང༌།
༥༽ ལྡི་ལིར་རྒྱ་གར་གཞུང་ལ་འབྲེལ་ལམ་ཞུ་དགོས་ལས་དོན་ཧ་ཅང་མང་བར་བརྟེན་ལྡི་ལི་བོད་གཞུང་དབུས་ཤེས་རིག་སྐུ་ཚབ་ལས་ཁང་ཞེས་པ་ཞིག་གསར་འཛུགས་བྱས།
༦༽ ཨ་སམ་ཁུལ་སྨན་ཆུ་ཁར་དྭགས་ཀོང་ནས་སླེབས་པའི་བོད་མི་ ༥༠༠ སྐོར་ཡོད་པར་སེར་སྨད་ལྷ་རམས་དགེ་བཤེས་བྱམས་ཆེན་སྤྲུལ་སྐུས་སྣེ་ཁྲིད་ཀྱིས་ ༡༩༦༡ ཟླ་བ་ ༡ ནང་སློབ་ཕྲུག ༤༠ སྐོར་ཡོད་པའི་སློབ་གྲྭ་བཙུགས་པར་ཤེས་རིག་ནས་སློབ་དེབ་སོགས་ཀྱི་རོགས་རམ་བྱས། ༼ ༡༩༦༢ ལོར་སློབ་གྲྭ་འདིར་འཛིན་ཁང་སོགས་འཕར་རྒྱག་གི་རོགས་རམ་ཐབས་འཚོལ་བྱས་སྐོར་ཡིག་ཆ་གཞན་ཞིག་ཏུ་གསལ་འདུག༽
༧༽ སློབ་དེབ་པར་སྐྲུན་བྱེད་པའི་དགོས་མཁོར་ ༡༩༦༡ ཟླ་ ༥ ཚེས་ ༢༣ ཉིན་བོད་གཞུང་ཤེས་རིག་པར་ཁང་གསར་འཛུགས་གནང་ཞིང༌། དེའི་ལོ་རྒྱུས་ཞིབ་པ་ཟུར་དུ་བཀོད་ཡོད།
༨༽ ཕྱི་ལོ་ ༡༩༦༡ ལོའི་ཟླ་བ་ ༡༡ ནང་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གིས་སྔོན་འགྲོའི་འཛིན་གྲྭ་ཁག་གསུམ་དང་དངོས་གཞིའི་འཛིན་གྲྭ་དང་པོ་ནས་ལྔ་པ་བར་གྱི་སློབ་དེབ་ཆ་ཚང་རྩོམ་སྒྲིག་དང་ཞུ་བཅོས་ལེགས་པར་ཟིན་ཏེ་ཤེས་རིག་པར་ཁང་གིས་པར་སྐྲུན་བྱེད་འགོ་བཙུགས། དེ་རྗེས་སློབ་དེབ་རྩོམ་སྒྲིག་སྐོར་ཟུར་དུ་བཀོད་ཡོད་པས་དེར་གཟིགས།
༩༽ འཆར་འབུལ་ཕྱག་རྟགས་དགོངས་དོན་ཀ་སྦུག་བོད་ཀྱི་ཟློས་གར་ཚོགས་པ་དྷ་རམ་ས་ལར་བསྐོངས་ནས་གར་རོལ་བ་གསར་སྣོན་དང་སྦྲགས་ཤེས་རིག་ཟློས་གར་ཚོགས་པ་གསར་འཛུགས་བྱས།
༩༽ བོད་ཕྲུག་གསར་འབྱོར་མང་ཡང་གཏན་སློབ་ཁག་ཏུ་ལམ་སེང་ཚུད་ཐབས་མེད་པར་བརྟེན་ཤེས་རིག་ཟློས་གར་གྱི་ཁང་ཁོངས་སུ་ཕྱི་ལོ་ ༡༩༦༠ ལོའི་ལོ་མཇུག་ཏུ་ཟུར་གསོག་སློབ་གྲྭ་དང་པོ་དེ་གསར་འཛུགས་བྱས། ཕྱིས་སུ་ཟུར་གསོག་སློབ་གྲྭ་འདི་དྷ་ཤོད་དུ་སྤོས། ཟུར་གསོག་སློབ་གྲྭའི་སྐོར་ཅུང་ཞིབ་པ་ཟུར་དུ་གསལ་བས་དེར་གཟིགས།
༡༠༽ ༡༩༦༡ ཟླ་ ༡༡ ཚེས་ ༢༨ ཉིན་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པ་དེ་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་སུ་འཚོགས། ཚོགས་ཐོག་ཏུ་བོད་སློབ་འཛིན་ཚོགས་སློབ་ཁག་གི་སློབ་སྤྱིའི་ཕོགས་རིམ་དང༌། སློབ་འཇུག་བྱེད་པར་ངེས་པར་བོད་མི་སྐྱབས་བཅོལ་བ་ངོ་མའི་བུ་ཕྲུག་ཡིན་དགོས་པ། དེ་ཡང་སྤྱིར་བཏང་བོད་མི་སྐྱབས་བཅོལ་བ་དངོས་གནས་ཡིན་ན་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡ གི་རྗེས་སུ་རྒྱ་གར་ལ་སླེབས་པ་ཡིན་དགོས་ཀྱང་ད་ཐེངས་ཕྱི་ལོ་ ༡༩༥༨ ལོའི་ཟླ་ ༣ ཚེས་ ༡ དང་དེའི་རྗེས་སུ་རྒྱ་གར་ལ་འབྱོར་བ་ཞིག་ཡིན་ན་བོད་མི་སྐྱབས་བཅོལ་བ་འཁྲུལ་མེད་དུ་བརྩི་རྒྱུ། ཉམ་ཐག་དང་དྭ་ཕྲུག དེ་བཞིན་ཤེས་ཡོན་གྱི་མཐུན་རྐྱེན་རྩ་བ་ནས་མེད་པའི་ལམ་བཟོ་བའི་བུ་ཕྲུག་ཚོར་དམིགས་བསལ་གྱིས་སློབ་འཇུག་དགོངས་བཞེས་གནང་རྒྱུ་སོགས་ཀྱི་ཐག་གཅོད་བྱུང༌།
༡༡༽ ༡༩༦༡ ཟླ་ ༣ ཚེས་ ༢༥ ཉིན་ཀ་སྦུག་ཤེས་རིག་ཡན་ལག་སློབ་གྲྭ་གསར་འཛུགས་བྱས།༣༤ སློབ་གྲྭ་འདི་ཕྱིས་སུ་ཤེས་རིག་གིས་རྩིས་ལེན་བྱས་པ་དང༌། དེ་ནས་བོད་སློབ་འཛིན་ཚོགས་ཀྱིས་རྩིས་ལེན་གནང་བ་རེད།
༡༢༽ གཏན་སློབ་ཁག་ཏུ་སློབ་ཕྲུག་ཤོང་ཚད་ཉུང་བར་བརྟེན། རྒྱ་གར་ནང་གི་ཡི་ཤུ་དང་དབྱིན་ཇིའི་སློབ་གྲྭ་ཁག་ཏུ་དབྱིན་ཧིན་གྱི་རྨང་གཞི་ཕྲན་བུ་ཡོད་པའི་བོད་ཕྲུག་གང་མང་སློབ་ཡོན་ཆག་ཡང་གམ། སློབ་གྲོན་སྦྱིན་བདག་ཐབས་འཚོལ་གྱི་ཐོག་ནས་གཏོང་ཐབས་གནང་འགོ་ཚུགས།