བརྩེ་བའི་གཏེར་ཆེན་གཅིག་ཏུ་སྤུངས་པ་ལས། །ལེགས་བྱུང་གངས་རིའི་མགོན་པོ་པད་དཀར་འཆང༌། །
གསོལ་འདེབས་དབྱངས་སྙན་དྲི་ཟའི་རོལ་མོ་ཡིས། །མཆོད་དོ་བྱང་ཆུབ་བར་དུ་སྐྱོངས་པར་མཛོད། །

དམར་སེར་དྷི་ཡིག་ཧྲིཾ་དཀར་ཟློས་པ་ལས། །རོལ་རྩེད་འོད་ཟེར་སྟོང་གི་འཇོ་སྒེག་གིས། །
ཡངས་པའི་ས་ཆེན་དགེ་ལེགས་ཆར་ཆེན་གྱིས། །བརླན་མཛད་མགོན་པོ་བདག་གི་སྙིང་དུ་རོལ། །

ཟུར་ཕུད་ལྔ་པས་བསམ་བཞིན་རིན་ཆེན་རྒྱན། །ལེགས་དོར་ངུར་སྨྲིག་ཟོལ་གྱིས་རོལ་བ་ལས། །
ཐུབ་བསྟན་གདུགས་དཀར་དགུང་དུ་བསྒྲེངས་པའི་མགོན། །ཆོས་རྗེ་ས་སྐྱ་པ་དེར་གུས་པས་མཆོད། །

གང་ཐུགས་རིན་ཆེན་དང་པོའི་རོལ་མཚོ་ལས། །ལེགས་བྱུང་སྒྲ་རིག་བྱེ་བའི་རླབས་ཕྲེང་རྩེར། །
གཡོ་བ་ཡི་གེ་སྦྱོར་བའི་ནོར་བུ་གང༌། །ལག་པར་སོན་པ་སྔོན་བསགས་དགེ་བའི་མཐུ། །

དེང་དུས་སྔོན་གྱི་གཞུང་ལུགས་པདྨའི་གཉེན། །ནུབ་རིའི་འཕོངས་སུ་བཞུད་ལ་མ་བཟོད་པར། །
ཀུན་གསལ་དབྱིངས་སུ་འདེགས་པའི་བཀོད་པ་བརྒྱ། །མ་བསྐོས་ལས་ཀྱི་སྐལ་བ་བཙན་གྱིས་བཟུང༌། །

དེ་ལྟར་ཤེས་བྱར་དགྱེས་པའི་དཔྱོད་ལྡན་ཁྱུ། །དཔྱད་གསུམ་རོལ་མོ་ཚོགས་ཀྱི་རམ་འདེགས་དང༌། །
ལྷན་ཅིག་མཆོད་པར་རོལ་བའི་སྟངས་སྟབས་ཀྱིས། །ཡངས་པའི་ས་ཆེན་གར་དུ་ཟློས་ཤིག་ཨང༌། །

    ཞེས་སྔོན་བསུ་བའི་ཚིག་གི་བཀོད་པ་དྲི་ཟའི་གླུ་དབྱངས་ལས་དྲངས་ཏེ། ཞུ་བར་བྱ་བའི་གཏམ་དངོས་ནི། ཇི་སྐད་དུ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་ནས། རིགས་ལམ་རྣམ་པར་ཕྱེ་བའི་རྣམ་དཔྱོད་དང༌། ། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །ཞེས་གསུངས་པ་ལྟར་ཏེ། རིགས་ལམ་ནི་ཡིན་མིན་སོ་སོར་འབྱེད་བྱེད་ཀྱི་གཏན་ཚིགས་དང༌། གཞུང་ལུགས་གདམས་པར་ཤར་བ་ནི་ཆོས་ཀྱི་གནས་ཚུལ་ཇི་བཞིན་ངོ་འཕྲོད་པ་སྟེ། དེ་ལྟར་ངོ་སྤྲོད་པའི་མཚན་ཉིད་རིག་པ་དང༌། ཚིག་གི་སྦྱོར་བ་ཚུལ་ཇི་ལྟར་སྤེལ་བ་སྟེ། ཡི་གེ་ལས་མིང་དང༌། དེ་ལས་ཚིག དེ་ལས་བརྗོད་པ་བཅས་ཀྱི་རྣམ་པར་ཤར་ནས་མཐོང་ཐོས་དྲན་རེག་གི་གནས་ཚུལ་རྣམས་ཇི་བཞིན་ཡི་གེ་ཐོག་ཏུ་འབབ་པར་བྱེད་པ་སྟེ། སྒྲ་རིག་པ་གསུམ་ནི་ས་སྟེང་གི་རིན་ཆེན་གསུམ་དུ་བགྲངས་པར་མཛད། དེ་ལྟ་བུའི་རིན་ཆེན་གྱི་ཡ་གྱལ་སྒྲ་རིག་པའི་ཚུལ་ཇི་ལྟ་བུ་ཞེ་ན། མཁས་བླུན་མང་པོས་བཞེད་སྲོལ་མི་འདྲ་བ་དུ་མར་གནས་ན་ཡང༌། གངས་རིའི་ཁྲོད་ཀྱི་མཁས་པའི་དབང་པོ་རྣམས་ཀྱིས་འདི་ལྟར་བཞེད་དེ། ངག་གི་རིག་བྱེད་ཚུལ་ཇི་ལྟར་སྤེལ་བའི་ཚུལ་ལ་སྒྲ་རིག་པར་བརྗོད། སྒྲ་རིག་པ་དང་བརྡ་སྤྲོད་པ་སོགས་དོན་གཅིག་ཙམ་དུ་ཟད། སྤྱིར་སྒྲ་རིག་པ་ཞེས་པའི་སྒྲ་ནི་སྐྱེས་བུའི་ཤེས་རྒྱུད་ཀྱིས་བསྡུས་པའི་ངག་ལ་གོ་དགོས་ཤིང༌། རིག་པ་ཞེས་པས་དེ་ལྟ་བུའི་སྒྲ་ཚུལ་ཇི་ལྟར་སྦྱོར་བའི་གཞུང་ལུགས་ཏེ། ཡི་གེ མིང༌། ཚིག བརྗོད་པ་བཅས་སུ་གྲུབ་ནས་སྐབས་བབ་ཀྱི་དོན་ཐམས་ཅད་བདེ་ལེགས་ངང་བརྡ་འཕྲོད་པར་བྱེད་པ་དང༌། བརྡ་འཕྲོད་པ་ཙམ་མིན་པར་བརྗོད་པ་བདེ་བ། དོན་གསལ། བརྗོད་དོན་ཐད་ཀར་མཚོན་ནུས་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་གཞུང་ལུགས་ཤིག་ལ་གོ་དགོས། དེས་ན་སྒྲ་རིག་པ་དང་ངག་གི་རིག་བྱེད་གཉིས་དོན་མཉམ། སྒྲ་རིག་པ་མ་ཡིན་པར་གྱུར་པའི་ངག་གི་རིག་བྱེད་ཀྱི་གཞུང་ལུགས་དང༌། ཡང་ན་དེ་འབྲེལ་གྱི་རྣམ་གཞག་སོགས་ཅི་ཡང་མེད། ཅུང་ཟད་ཁ་གསལ་བོའི་སྒོ་ནས་བཤད་ན་ཡི་གེ་ལས་སུ་མཆིས་པ་ཡིན་ན། དེ་ལྟ་བུའི་ཡི་གེ་སྡེབ་སྦྱོར་གྱི་ཚུལ་གང་འདྲ་ཞིག་ཡིན་ཡང་སྒྲ་རིག་པའི་ཁོངས་སུ་བསྡུ་དགོས་ཤིང༌། སྒྲ་རིག་པ་མ་ཡིན་པར་གྱུར་པའི་ཡི་གེ་ལས་སུ་བྱ་བ་གང་ཡང་མེད། དེས་ན་རིག་གནས་ཆེ་བ་ལྔའི་ནང་ཚན་གྱི་སྒྲ་རིག་པའང་འདི་ཡིན་ལ། རིག་གནས་ཆེ་བར་བཞག་པའི་རྒྱུ་མཚན་ཡང་འདིས་ཡིན། དེང་སྐབས་དེ་ལྟའི་དགོས་པ་མ་ཤེས་པར། བླུན་པོའི་ངག་རྒྱུན་དུ་འབྱམས་པའི་བརྡ་ཆད་གྱི་རྗེས་སྙེག་སྟེ། སྒྲ་རིག་པ་ཞེས་པ་ནི་ལེགས་པར་སྦྱར་བའི་བརྡ་སྤྲོད་པ་ཁོ་ནར་གོ་མཁན་ཡང་རེ་ཟུང་ཡོད་ཚོད། སྤྱིར་ན་འཛམ་གླིང་འདིར་སྒྲ་རིག་པ་ལ། སྐད་དམ་སྒྲ་ཡི་ཁྲིམས་དང༌། ཡི་གེ་ཁྲིམས་སོགས་ཀྱི་ཐ་སྙད་སྣང་བ་མ་ཟད། དབྱིན་ཡིག་ལྟ་བུའི་སྒྲ་རིག་པ་ལ་སྒྲའམ་སྐད་ཀྱི་ཁྲིམས་དང༌། བོད་ཀྱི་སྒྲ་རིག་པ་ཡི་གེ་ཁྲིམས་སོགས་ཀྱིས་ཁྱད་པར་འབྱེད་མཁན་ཡང་སྣང༌། དེ་དག་ཀྱང་ཁོ་པ་ཚོའི་རིག་པའི་གཞུང་ལུགས་དང་སྦྱར་བའི་གཏམ་ཡིན་མོད། དེ་དག་ཤེས་དགོས་པའང་གལ་ཆེ་བར་སྣང༌། དེས་ན་དེ་ལྟ་བུའི་བརྡ་སྤྲོད་པའམ་སྒྲ་རིག་པ་ལ་དབྱེ་ན་མང་དུ་འགྱུར། གདངས་ཀྱི་ཚུལ་སྟོན་པའི་གཞུང་དང༌། ཡི་གེ་ཚུལ་སྟོན་པའི་གཞུང་དང༌། མིང་གི་ཚུལ་སྟོན་པའི་གཞུང་དང༌། བརྗོད་པའི་ཚུལ་སྟོན་པའི་གཞུང་དང༌། ཚིག་རྒྱན་གྱི་ཚུལ་སྟོན་པའི་གཞུང་དང༌། སྡེབ་སྦྱོར་གྱི་ཚུལ་སྟོན་པའི་གཞུང་སོགས་ཡོད་པ། དེ་ལྟར་ཡོད་པའི་རྒྱུ་མཚན་གྱིས་རིག་གནས་ཆུང་བ་ལྔའི་ནང་གི་སྙན་ཚིག་རིག་པ་དང་སྡེབ་སྦྱོར་རིག་པ་སོགས་སྒྲ་རིག་པའི་ཁོངས་སུ་བཞག་པའང་འདི་ལ་ཐུག་ཡོད་པས་ཚུལ་དེ་དག་ཤེས་པར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ། །
    དེས་ན་བོད་གངས་ཅན་ལ་ཡང་སྒྲ་རིག་པ་དང་ཡི་གེའི་སྲོལ་གཉིས་ཀ་ཐོན་མིས་བཏོད་པ་ཡིན་ལ། ཐོན་མིའི་སྒྲ་རིག་པའི་གཞུང་ལུགས་ཅི་ཙམ་བརྩམས་ཡོད་མེད་ཐད་གངས་རིའི་ཁྲོད་ཀྱི་མཁས་པ་རྣམས་ཀྱི་ཞལ་མི་མཐུན་མོད། འོན་ཀྱང་དེང་དུས་མཐོང་ལམ་དུ་བཞུགས་པ་ནི་བརྡ་སྤྲོད་པ་སུམ་ཅུ་པ་དང༌། རྟགས་ཀྱི་འཇུག་པ་གཉིས་ལས་མི་སྣང༌། སྤྱིར་ཐོན་མིས་སྒྲ་རིག་པའི་བསྟན་བཅོས་ཅི་ཙམ་བརྩམས་ཡོད་མེད་གཙོ་བོ་མིན་པར། བརྩམས་པའི་གཞུང་ལུགས་དེང་དུས་བཞུགས་པ་འདི་གཉིས་ཀྱིས་བོད་ཀྱི་སྒྲའམ་སྐད། ཡང་ན་ཡི་གེ་སྦྱོར་ཚུལ་ལ་འདང་དང་མི་འདང་བའི་ཐད་བསམ་གཞིག་བྱ་རྒྱུ་ནི་གལ་འགངས་ཆེ་བར་སྣང༌། གལ་ཏེ་མི་འདང་བའི་གནས་ཚུལ་ཡོད་ན། ཐོན་མིས་བརྩམས་པའི་སྒྲ་རིག་པའི་གཞུང་ལུགས་ཁག་ཅིག་ཉམས་ཉེས་སུ་གྱུར་ཡོད་པ་ར་འཕྲོད་པ་ཡིན་ཞིང༌། དེ་དག་གསོ་བའི་ཐབས་ལ་འབད་འབུངས་དགོས་པ་ནི་བརྗོད་མི་དགོས་པའི་ལས་འགན་ཞིག་ཡིན་མོད། འོན་ཀྱང་འདངས་ངེས་ཀྱི་གནས་སུ་མཆིས་ན་དེ་དག་འབད་པས་བཙལ་དགོས་དོན་མེད་ཅིང༌། ཕྱོགས་གཞན་ཞིག་ནས་ཡོད་མེད་ཀྱང་ཁ་ཚོན་མི་ཆོད་པའི་གནས་སུ་གྱུར་པར་ངེས། ཁོ་བོའི་མིག་ལམ་དུ་སོན་པའི་ཐོན་མིའི་བསྟན་བཅོས་བརྒྱད་བཞུགས་སྐོར་ནི། ལེགས་སྦྱར་གྱི་བརྡ་སྤྲོད་པར་གཞུང་བརྒྱད་བཞུགས་པ་ཇི་བཞིན་བོད་ལའང་དེ་ལྟར་ཡོད་པར་གསུངས་པ་ལ། སྙིང་པོ་ཅི་ཡང་མེད་པར་སྣང་སྟེ། ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་བརྒྱད་ནི་མི་གཅིག་གིས་བརྩམས་པ་མིན་པ་མ་ཟད། དུས་རབས་གཅིག་གི་ནང་དུའང་བྱུང་བ་མིན། དེ་དག་ནི་དུས་སྐབས་དང་འཚམ་པའི་སྒོ་ནས་མཁས་པ་རྣམས་ཀྱིས་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་བརྩམས་པ་ལས། བརྗོད་བྱ་མི་འདྲ་བ་སོ་སོར་ཡིན་པ་ཞིག་མི་སྣང༌། བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་རྟགས་གཉིས་ལ་མཚོན་ན་བརྗོད་བྱ་ཐ་དད་པའི་གཞུང་གཉིས་ཡིན་ལ། ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་བརྒྱད་དེ་ལྟར་མིན། དེས་ན་ཐོན་མིས་བརྗོད་བྱ་གཅིག་པ་བརྒྱད་ཙམ་བརྩམས་དགོས་དོན་མེད་པར་སྣང༌། རྩ་འགྲེལ་ལྟ་བུ་རེ་གཉིས་བྱུང་ཆོག་པ་ལས་བརྒྱད་ཙམ་ཡོད་དགོས་དོན་མ་མཆིས། དེ་ལྟར་མིན་པར་ནང་དོན་མི་འདྲ་བ་བརྒྱད་ཙམ་ཡོད་པའི་དབང་དུ་བཏང་ནས་བཤད་ན། དེང་སྐབས་སུམ་རྟགས་གཉིས་ལས་མེད་པར་གཞན་དྲུག་ནུབ་པ་ཡིན་ན། བརྡ་འཕྲོད་པ་ལའང་དཀའ་བར་འགྱུར་བས་དེ་ལྟར་མེད་པར་མངོན།
    ང་ཚོས་ངེས་དགོས་པ་ནི་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་ནང་དོན་གཙོ་བོ་ཁག་ཡིན་ཞིང༌། དེ་ལ་ཡི་གེ་དང༌། མིང༌། ཚིག བརྗོད་པ་བཅས་ལས་མ་འདས། དེ་རྣམས་ལས་ཀྱང་ཡི་གེ་དང་མིང༌། ཚིག་གསུམ་གལ་གནས་ཆེ་ལ༑ དེ་གསུམ་ལ་ཚོགས་གསུམ་ཞེས་བོད་རྒྱ་གཉིས་ལ་གྲགས། སུམ་ཅུ་པའི་གཞུང་དང་རྟགས་འཇུག་གཉིས་ལས། ཡི་གེ་བཤད་སྐབས་སུ་སྔོན་རྗེས་གཉིས་གཙོ་བོར་བཤད་པ་ལས། གཞན་མགོ་འདོགས་ཡང་གསུམ་དེ་ཙམ་གསལ་ཁ་མེད་པས་དེ་དག་བཤད་པའི་གཞུང་ཞིག་ཡོད་ཆོག་པར་སྣང༌། འདི་དག་ལ་བལྟས་ན་ཡི་གེ་བཤད་པའི་རྣམ་གཞག་རྒྱས་པ་ཞིག་ཡོད་ཀྱང་ནུབ་པར་བཤད་ནའང་འགལ་ཟླར་མི་འགྱུར་བ་འདྲ། ཡི་གེ་བཤད་པའི་སྐབས་སུ་མིང་གཞི། རྗེས་འཇུག སྔོན་འཇུག ཡང་འཇུག མགོ་ཅན། འདོགས་ཅན་རྣམས་ཀྱི་གྲངས་དང༌། དེ་དག་ཇི་ལྟར་འཇུག་ཚུལ་སོགས་ཞིབ་ཆ་བཤད་ཆོག་པ་དང༌། ད་དུང་དེའི་སྟེང་དུ་ཡི་གེའི་རྒྱུ་སོགས་ལེགས་སྦྱར་ལ་སྣང་བས། དེ་དག་གི་ལེགས་ཆ་རྣམས་མཁས་པ་ཕྱི་མ་ཕྱི་མས་བླངས་འདུག་པ་ལྟར་མཁན་པོ་འདིས་ཀྱང་བླངས་ཆོག་པར་སྣང༌། དེ་ན་ཡི་གེ་བཤད་པའི་གཞུང་ཡོངས་སུ་རྫོགས་པ་མིན་པའང་མཁྱེན་གལ་ཆེ། ཚུལ་དེ་དག་ཀྱང་འཆད་པར་འགྱུར་བའི་གཞུང་ལ་གཟིགས་ནའང་རྟོགས་ངེས་སུ་སྣང༌།
    མིང་བཤད་པའི་གཞུང་གི་སྐབས་སུ། མིང་གི་གྲུབ་མཚམས་ཙམ་ལས་གཞན་རྣམས་གཞུང་འདི་གཉིས་ལ་མི་གསལ། དེས་ན་མིང་གི་དབྱེ་བ་དང༌། གོ་རིམ། འཕོ་འགྱུར་སོགས་སྟོན་པའི་གཞུང་ཞིག་ཟུར་དུ་ཡོད་ཆོག་པ་དང༌། དེའི་ཚུལ་ཡང་ལེགས་སྦྱར་ལ་མཚོན་ན། མིང་བཟོ་སྟངས་སམ་མིང་གྲུབ་སྟངས་མི་འདྲ་བ་མང་པོ་བཤད་ཡོད་པ་དང༌། བྱིངས་མིང་དུ་བཟོ་ཚུལ་གྱི་རྣམ་གཞག་ཞིབ་རྒྱས་སུ་མཆིས། དེར་མཚུངས་བོད་སྐད་ལའང་ལས་ཚིག་གིས་མིང་གྲུབ་པ་མང་དུ་ཡོད་པས་དེ་དག་ཇི་ལྟར་གྲུབ་པ་དང༌། ཇི་ལྟར་འགྲུབ་ཚུལ་སོགས་ཀྱང་དགོས་ངེས་ཤིག་ཡིན་པ་ལ་དེ་དག་ཟུར་ཙམ་ཡང་གཞུང་འདི་གཉིས་ལ་མི་སྣང༌། དེ་བཞིན་མིང་མང་པོ་ཞིག་ཚིག་བསྡུ་ལས་གྲུབ་ལ། ཚིག་བསྡུ་རྒྱག་སྟངས་ཀྱི་རྣམ་གཞག་ཅིག་བོད་སྐད་ལ་མེད་དུ་མི་རུང་བ་ཡིན་པ་མཁས་པ་ཕྱི་མ་རྣམས་ཀྱིས་དགོངས་ཏེ། ལེགས་སྦྱར་གྱི་ཚིག་བསྡུ་ཁུངས་སུ་མཛད་དེ་ཇི་སྙེད་ཅིག་གསུངས་ཡོད་མོད། གཞུང་འདི་གཉིས་ལ་དེ་དག་ཀྱང་མེད་པས་དེ་ལྟའི་གཞུང་ཞིག་ཀྱང་ཡོད་ཆོག་པ་མ་ཟད། ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ཀུན་ལ་ཚིག་བསྡུ་ཟུར་དུ་གསུངས་ཡོད། ཐོན་མིས་འདི་དག་མི་དགོངས་པ་ཅི་ལ་ཟད། འདི་དག་ནི་སྐད་ཀྱི་གཤིས་ཀ་དང་དཔེ་མཛད་སའི་གཞུང་གཉིས་ཀར་གྲུབ་པས་ས་བཅད་དམིགས་བསལ་རེ་ཡོད་ཆོག
    ཚིག་བཤད་པའི་སྐབས་ལ་མཚོན་ན། ལེགས་སྦྱར་ལ་བྱིངས་ཚིག་ཏུ་བཟོ་ཐབས་ཤིག་དང༌། མིང་ཚིག་ཏུ་བཟོ་ཐབས་གཉིས་ཡོད་པ་ལས། བོད་ཀྱི་སྐད་ལ་གཞིགས་ཏེ་མིང་ཚིག་ཏུ་བཟོ་ཐབས་རྒྱས་པར་གསུངས། དེ་ལའང་ཚིག་ཕྲད་ཀྱིས་བཟོ་ཐབས་དང༌། རྣམ་དབྱེ་ཡིས་བཟོ་ཐབས་གཉིས་སུ་དབྱེ་འདུག དེ་རྣམས་ཀྱི་དཔེ་ལེན་སའང་གང་ཡིན་དེང་སྐབས་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ལ་གཟིགས་ན་མ་བུ་ངོ་འཕྲོད་ཐུབ། དེ་དག་སྟོན་པའི་གཞུང་ནི་རྩ་བ་སུམ་ཅུ་པ་ཡིན། བྱིངས་ཚིག་ཏུ་བཟོ་ཐབས་ལེགས་སྦྱར་ལ་ཞིབ་རྒྱས་སུ་ཡོད་ཅིང༌། ཐོན་མིས་དེ་ཉིད་ཞིབ་ཚགས་སུ་གསུངས་མེད་མོད། དེའི་དོན་ནི་བོད་སྐད་ཀྱི་གཤིས་ཀར་ལེགས་སྦྱར་བཞིན་ལས་ཚིག་བཤད་དུ་མེད་པ་དང༌། ལས་ཚིག་སྒྲུབ་སའི་གཞིའང་འདི་ཡིན་ཞེས་ལེགས་སྦྱར་བཞིན་མེད་པས་མ་གསུངས་པར་མངོན། འོན་ཀྱང་དེ་དག་རྩལ་འདོན་བྱས་པའི་གཞུང་ནི་རྟགས་ཀྱི་འཇུག་པ་ཡིན་ཞིང༌། རྟགས་འཇུག་ལས་ལས་ཚིག་སྐོར་ཞིབ་ཚགས་སུ་མཆིས། འདི་གཉིས་ལ་ལྟ་སྐབས་གཞི་ནས་དམིགས་བསལ་ཞིག་མཐོང་ཐུབ་པ་ནི་སྔོན་འཇུག་གིས་ལས་ཚིག་གི་རྣམ་པར་དབྱེ་བ་གྲུབ་པ་དང༌། རྗེས་འཇུག་གིས་མིང་དང་མཚམས་སྦྱོར་བར་བྱེད་པའི་རྐྱེན་དང༌། མཚམས་སྦྱོར་ཚུལ་གྱི་རྣམ་གཞག་བཅས་གྲུབ་པ་ངོ་འཕྲོད་ནུས། འོན་ཀྱང་ཚིག་བཤད་པའི་སྐབས་སུ་འདི་ཆད་ཅེས་དམིགས་བསལ་ངོས་འཛིན་རྒྱུ་མེད་པར་མངོན། གལ་ཏེ་དེ་ལྟར་ཡོད་ན་བདག་ཅག་ལ་བརྡ་སྤྲོད་མི་ནུས་པའི་དཀའ་ངལ་ཡང་འཕྲད་སྲིད། དེ་ལྟའི་དཀའ་ངལ་མེད་པའི་རྒྱུ་མཚན་གཙོ་བོ་ནི་གཞུང་འདི་ལ་ཆད་སྐྱོན་མེད་པའི་དབང་གིས་ཡིན་པར་སེམས།
    ད་དུང་ཕྲད་ལ་མཚོན་ན་ཕྲད་རྐྱང་ཙམ་ལས་གཞུང་འདིར་བཤད་མེད་པ་དང༌། ཕྲད་འདུས་དང་དོན་སྟོན་པའི་ཕྲད་སོགས་འཇུག་ཚུལ་གྱི་གཞུང་ཟུར་པ་ཞིག་ཀྱང་ཡོད་ཆོག་པར་སྣང༌། རྟགས་འཇུག་སྐབས་སུ་སྔོན་རྗེས་གཉིས་ལ་རྟགས་ཀྱི་འཇུག་ཚུལ་གྱི་གཞུང་རྒྱས་པར་ཡོད་ཅིང༌། མིང་གཞིའི་ཡི་གེར་རྟགས་ཀྱི་དབྱེ་བ་ཙམ་ལས་འཇུག་ཚུལ་གྱི་གཞུང་མི་སྣང༌། གལ་ཏེ་འདི་ལ་འཇུག་ཚུལ་གྱི་གཞུང་ཞིག་ཡོད་ན། བྱིངས་གཞུང་ལྟ་བུ་ཞིག་ཡིན་དགོས་པར་འགྱུར་བས་དེ་ལྟ་བུ་མེད་ཅེས་སུས་ཁ་ཚོན་གཅོད་ཐུབ། གཞན་ཡང་སྡེབ་སྦྱོར་ལྟ་བུའང་འདིའི་ཆ་ལག་ཏུ་ཡོད་ཆོག་པར་སྣང་བས་དེ་དག་ལ་ཞིབ་ཏུ་དཔྱད་ན། ད་གཟོད་ཐོན་མིའི་གཞུང་གཞན་ཡོད་པའི་གནས་ཚུལ་རགས་ཙམ་ངེས་ཤེས་འདྲེན་ཐུབ།
    ཕྱོགས་གཞན་ནས་བལྟས་ན་ཐོན་མིས་སྒྲའི་གནས་བརྒྱད་ལྟ་བུའམ་ཡི་གེ་འཇུག་པའི་གནས་བརྒྱད་ལྟ་བུ་དང་འབྲེལ་ནས་བོད་ཀྱི་བརྡ་སྤྲོད་པའི་གཞུང་བརྩམས་ཆོག སྒྲའི་གནས་བརྒྱད་ཀྱི་དབང་དུ་བཏང་ན་ད་ལྟའི་སུམ་ཅུ་པ་དང་རྟགས་འཇུག་གཉིས་ནི། གནས་དྲུག་པ་དང༌། གནས་བདུན་པ་གཉིས་གཙོ་བོར་བྱས། གནས་ལྔ་པ་ཐོར་བུ་དང༌། གནས་དང་པོ་ཆ་འདྲ་དང༌། གནས་བཞི་པ་ཕྱོགས་རེ་པ་བཅས་ལས་གྲུབ་པར་མངོན། གནས་རེ་རེ་ནས་གཙོ་འདོན་བྱས་ནས་གསུངས་པའི་དབང་དུ་བཏང་ན་གཉིས་ལས་གསུངས་མི་འདུག དེ་ཡང་གནས་དྲུག་པ་དང༌། གནས་བདུན་པ་གཉིས་ཡིན་ཞིང་སུམ་རྟགས་ཀྱི་མཛད་བྱང་མི་མཐུན་པ་མང་པོར། སྐབས་ལྔ་པ་དང་དྲུག་པ་ལྟ་བུར་གསུངས། སྐབས་དེ་དག་ནི་གཞུང་དེ་དག་ལས་འཆད་སྲོལ་མི་འདྲ་བར་གནས་མོད། གུས་པས་མཐོང་ཕྱོགས་ཤིག་ལ་རྩ་བ་བརྒྱད་པ་ལས་དྲུག་པ་ནི་སུམ་ཅུ་པ་དང༌། བདུན་པ་ནི་རྟགས་འཇུག་བཞག་ན་བདེ་བར་མངོན། འོན་ཀྱང་མཛད་བྱང་ན་བཞུགས་པ་ནི་སྐབས་ལྔ་པ་སུམ་ཅུ་པ་དང༌། སྐབས་དྲུག་པ་རྟགས་འཇུག་ཡིན་པར་གསུངས། དེ་གཉིས་ཀྱང་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བརྡ་སྤྲོད་པའི་གཞུང་གི་ལེའུ་དང་པོའི་ལྔ་པ་དང༌། གཉིས་པའི་དྲུག་པ་ལྟ་བུར་སྣང་མོད། མཛད་བྱང་དེ་དག་ཇི་བཞིན་ཡོད་ན། དེ་ལས་ཀྱང་ད་ལྟར་ཡོད་པའི་བརྡ་སྤྲོད་པའི་གཞུང་ལུགས་འདི་ཉིད་ཆེས་མ་ཚང་བ་ཞིག་ཏུ་འགྱུར་རྒྱུ་ལས་མ་འདས། དེ་ཙམ་གྱིས་ཆད་སྐྱོན་ཁོ་བོའི་བློ་གྲོས་ཀྱིས་ཇི་ལྟར་དཔྱད་ཀྱང་ཆ་ཙམ་ཡང་རྟོགས་ཐབས་བྲལ།
    ཡང་ན་བསྟན་པར་དགྲ་བྱུང་བའི་དབང་གིས་སམ་སྔོན་གྱི་ཐོན་མིའི་གཞུང་ལུགས་རྣམས་ལ་མཁས་པ་རྣམས་ཀྱིས་གོ་རིམ་སྒྲིག་སྟངས་མི་འདྲ་བ་ཅི་རིགས་ཤིག་བྱུང་བའི་དབང་གིས་སུམ་རྟགས་གཉིས་སོ་སོར་གྱེས་པ་དང༌། དེ་གཉིས་ཀྱི་ནང་དུའང་སྐབས་ཁ་ཤས་ཕྱོགས་བསྡུ་བྱས། སྐབས་ཁ་ཤས་མི་དམིགས་པའི་དབྱིངས་སུ་ཐིམ་མམ། གང་ལྟར་ད་དུང་ཁག་ཅིག་དགོས་པ་དངོས་ཡོད་གནས་ཚུལ་ཡིན་ཞིང༌། དེ་དག་ཕྱིས་བྱུང་གི་མཁས་པ་རྣམས་ཀྱིས་བསྐངས་འདུག ད་ལྟར་ཆད་པ་ཁ་སྐོང་རྒྱག་དགོས་པ་འདི་ཞེས་དམིགས་བསལ་མི་སྣང༌། ཆད་པ་ཁ་སྐོང་རྣམས་ལས་སློབ་དཔོན་ཆེན་པོ་དྲན་པ་ཡེ་ཤེས་གྲགས་པའི་སྨྲ་སྒོ་དང༌། སློབ་དཔོན་ཆེན་པོ་འདིའི་སྒྲ་འཇུག་དང་ད་ལྟར་འགྲེལ་བཞིན་པའི་གཞུང་འདི་ཉིད་སོགས་ཡིན་ལ། སློབ་དཔོན་འདིས་རྩ་བའི་ཆ་ནས་ཐོན་མིའི་གཞུང་ཇི་བཞིན་ཡོད་པ་ལ། གོ་རིམ་སྒྲིག་སྟངས་མི་འདྲ་བར་གནས་པ་དང༌། སུམ་རྟགས་གཉིས་སུ་མེད་པའི་རྣམ་གཞག་མང་པོ་ཞིག་ཀྱང་ཁ་སྐོང་མཛད་འདུག་པ་འདི་དག་གིས་ཐོན་མིའི་ཐུགས་དགོངས་བསྐང་ནུས།
    ད་དུང་ང་ཚོའི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ཡོངས་སུ་འཕེལ་རྒྱས་གཏོང་བ་ལ། དེང་སྐབས་སྤྱོད་བཞིན་པའི་ཕྱིའི་བརྡ་སྤྲོད་པའི་གཞུང་ལུགས་རྣམས་ལའང་ཞིབ་ཚགས་སུ་སྦྱང་དགོས། དེ་དག་ལ་མཆིས་པའི་ཡི་གེ་མིང་ཚིག་གི་ཁྱད་པར། ནུས་པ། རྒྱུ་རྐྱེན། བྱེད་ལས་གསུང་སྟངས་དང༌། ཕྲད་ཀྱི་རྣམ་གཞག ཚིག་གི་འགོ་རྐང་སྒྲིག་སྟངས། ས་བཅད་བཀྲམ་སྟངས། ལས་ཚིག་གི་རྣམ་གཞག་སོགས་ལ་བལྟས་ཏེ། འདྲ་ས་དང་མི་འདྲ་བའི་ཁྱད་པར་ལེན་དགོས་པ་མ་ཟད། རང་ཅག་གིས་སྤྱོད་ལམ་ན་ཡོད་ཀྱང་ངོས་འཛིན་ཡོད་མེད་ཐད་ཞིབ་གཟིགས་དགོས་པ་གལ་ཆེ། དཔེར་ན། དབྱིན་ཡིག་གི་བརྡ་སྤྲོད་རྣམས་སུ་བྱ་བའི་ཁྱད་ཚིག་དང༌། མིང་གི་ཁྱད་ཚིག་སོགས་ཀྱི་བཀོལ་སྤྱོད་བྱ་སྟངས་གསལ་བོར་གསུངས་ཡོད་མོད། བོད་སྐད་ལ་དེ་གཉིས་ངོས་འཛིན་མཛད་མེད་པ་མ་ཟད། དེ་གཉིས་ཇི་ལྟར་སྦྱོར་ཚུལ་གྱི་རྣམ་གཞག་ཀྱང་གཏན་འབེབས་བྱས་མེད། འོན་ཀྱང་དེ་གཉིས་བོད་སྐད་ལ་ཡོད་དམ་ཞེ་ན། ཡོད་ཅེས་ལན་འདེབ་རྒྱུ་ལས་མ་འདས། ཡིན་ནའང་བོད་ལ་རྣམ་དབྱེ་བཤད་པའི་དབང་གིས་དེ་དག་གི་སྦྱོར་ཚུལ་རྣམ་དབྱེ་ལ་བརྟེན་ནས་གྲུབ་པས་ཟུར་དུ་བཤད་མི་དགོས་པས་བཞག དེ་ལས་ངོས་འཛིན་ཡང་མཛད་མི་དགོས་པ་འདི་ལ་ཐུག ཕྱོགས་གཞན་ཞིག་ནས་སྐད་དེ་ནི་རྐྱེན་གྱིས་སྒྲ་ཟུར་ནས་བསྒྱུར་ཐུབ་པའི་སྐད་ཡིན་པ་དང༌། བོད་སྐད་ནི་སྒྲ་ཟུར་ནས་དེ་ཙམ་བསྒྱུར་མི་ཐུབ་པའི་སྐད་ཡིན་པས་གཤིས་ཀའང་ཐ་དད་དུ་གནས། འོན་ཀྱང་ང་ཚོའི་རང་གི་བརྡ་སྤྲོད་པའི་གཞུང་ཚད་དང་ལྡན་པར་སྐུལ་འདེད་ཐུབ་ཆེད། སྐད་ཡིག་གཞན་གྱི་བརྡ་སྤྲོད་པའི་གཞུང་ལ་སྦྱང་བ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། འདྲ་བསྡུར་དང་གཤིབ་བསྡུར། གོ་བ་བརྗེ་རེས། ཉམས་མྱོང་བརྗེ་རེས་བྱས་པ་བརྒྱུད་ཡར་རྒྱས་སུ་འགྲོ་དགོས། ལྷག་པར་མིང་ངམ་བརྡ་ཆད་གཏན་འབེབས་བྱེད་ཕྱོགས་ཀྱི་ལམ་ལུགས་སམ་གཞུང་ལུགས་ཤིག་སྐྱེད་སྲིང་བྱ་རྒྱུ་ནི། ཁ་ཚ་དགོས་ཐུག་གི་སྐད་ཡིག་བྱ་བའི་ལས་འགན་ཞིག་ཡིན།
    ངས་འདི་ནས་མཁས་པ་དང་གྲུབ་པའི་དབང་ཕྱུག་གངས་རིའི་ལྗོངས་ཀྱི་མཁས་པའི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་རྣམ་པར་མཐོ་བ། དཔལ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཡི་གེ་སྦྱོར་ཚུལ་འདི་ཡང༌། དཔེ་ཁྲོད་དུ་ལུས་ནས་ལོ་ངོ་མང་དག་ཅིག་ལ་འཆད་ཉན་མ་བྱུང་བའི་དབང་གིས། གཞུང་འདིའི་ཚིག་རེ་ཟུང་གི་དོན་ཇི་བཞིན་རྟོགས་མི་ནུས་པ་ལྟ་བུར་སྣང་མོད། ཞིབ་ཏུ་དཔྱད་སྐབས་མང་པོ་ཞིག་ལེགས་སྦྱར་གྱི་བརྡ་སྤྲོད་པའི་དབང་དུ་བཏང་བ་དང༌། ཕྱོགས་གཞན་ཞིག་ནས་སུམ་རྟགས་གཉིས་ཀྱི་གཞུང་རྐང་སྒྲིག་སྲོལ་མི་འདྲ་བ་མ་ཟད། གསར་དུ་སློབ་གཉེར་བྱེད་མཁན་ཞིག་ལ་གཞུང་རྐང་སྒྲིག་སྟངས་འདིའི་སྟེང་ནས་འཁྲིད་ཐུབ་ན་ཕན་རླབས་ཆེ་བར་མཐོང༌། དེ་མ་ཟད་གོང་ནས་བཤད་པ་བཞིན་སུམ་རྟགས་གཉིས་སུ་མཁོ་ངེས་ཅི་རིགས་ཤིག་འདིར་བསྡུས་འདུག་པས། གཞུང་ཡོངས་སུ་རྫོགས་པ་ཞིག་དང༌། བཞེད་སྲོལ་ཡང་མི་འདྲ་བ་ངེས་ཅན་ཞིག་ཡོད་པའི་ཆ་ནས་དེང་སྐབས་གཞུང་གི་གོ་བ་ལེན་སྟངས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་ནུས་པར་མཐོང༌། ལྷག་པར་བོད་ཀྱི་བརྡ་སྤྲོད་པའི་ལྷུ་ལག་ཡོངས་སུ་རྫོགས་པ་སྟེ། དེང་གི་མཁོ་སྤྱོད་ཀྱི་ཆ་རྣམས་ལ་དཀའ་ངལ་གང་ཡང་མེད་པར་འགྱུར་བ་དང༌། ཕྱོགས་གཞན་ཞིག་ནས་འཆད་བདེ་བ། གོ་སླ་བ། བཟུང་སླ་བ་བཅས་སུ་འགྱུར་བ་དང༌། ལྷག་དོན་བོད་གཞིས་བྱེས་གཉིས་སུ་གྱེས་པའི་སྐབས་འདིར་ཡི་གེ་འབྲི་སྲོལ་མཐུན་པ་རྣམས་རྒྱུན་གནས་དང༌། མི་མཐུན་པ་རྣམས་རིམ་བཞིན་གཅིག་གྱུར་ཡོང་བ་ལ། སྔོན་གྱི་མཁས་པ་ཆེན་པོ་འདི་དག་གི་གསུང་ལ་གཞི་འཛིན་རྒྱུ་ལས་གཞན་པའི་ལམ་ཁ་ཟུར་པ་ཞིག་མི་མངོན་པར་བརྟེན། གཞུང་འདི་ལ་འབད་པས་འགྲེལ་པ་འབྲི་འདོད་བྱུང༌།
    མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རང་ཅག་གི་སློབ་གཉེར་བརྒྱུད་རིམ་ཐད་བསམ་གཞིག་བྱ་སྟངས་ཤིག་ལ་འདི་ལྟར་གསུངས་ཡོད་དེ། མཁས་པ་ཞིག་གིས་རྟོགས་དཀའ་བའི་གནས་ཤིག་ཚིག་སླ་བའི་ཐོག་ནས་འགྲེལ་ཏེ་ལས་སླ་བོར་གོ་བར་བྱས་ན་མཁས་པར་མི་བརྩི་ཞིང༌། རྟོགས་སླ་བའི་གཞུང་ཞིག་གོ་དཀའ་བའི་ཚིག་གིས་འགྲེལ་ཏེ་དོན་རྟོགས་དཀའ་བར་བཟོས་ན་མཁས་པར་བརྩི། ཞེས་གསུང་རྒྱུན་ན་བཞུགས་པ་འདི་གདམས་ངག་ཏུ་ཆེ། རང་རེ་སློབ་ཁྲིད་བྱ་སྟངས་དང༌། གཞུང་འགྲེལ་འབྲི་སྟངས་གང་ཡིན་ཡང༌། གཞུང་དེ་ཉིད་ཐད་ཀར་བཤད་ན་གོ་བདེ་ཡང༌། གོ་མི་བདེ་བའི་ལུང་ཞིག་དྲངས་ཏེ། དེ་ལ་ལུང་དོན་བརྒྱབ་ནས་ཕར་སྐོར་ཚུར་སྐོར་མང་པོ་བྱས་ཏེ། མིའི་རྣམ་དཔྱོད་འཁྲུལ་ཉེན་བར་བསྐྱལ་ནས་ངོ་སྤྲོད་བྱ་སྟངས་འདིས་དཔར་བཤུས་བརྒྱབ་པའི་ཉེར་ལེན་གྱིས་གོ་བདེ་བ་རྣམས་ཀྱང་རིམ་བཞིན་གོ་མི་བདེ་བ་ལྟ་བུའི་གནས་སུ་གྱུར་པར་མངོན། འོན་ཀྱང་ཆོས་རྗེ་འདིའི་གསུང་ནི་དེ་ལས་ལྡོག་སྟེ། གནས་ཚུལ་གང་ཡིན་ཡང་ཐད་ཀར་ངོ་སྤྲད་པས་གོ་བདེ། ཡིག་ཚོགས་མ་སྤྲོས་པའི་དབང་གིས་བཟུང་སླ། གཞུང་གི་གོ་རིམ་སྒྲིག་སྟངས་ལེགས་པས་འཆད་བདེ། འདི་ལྟ་བུའི་ཚུལ་ཡང་ངོ་འཕྲོད་པར་གལ་ཆེ། ལྷག་པར་བློ་གསར་རྣམས་ལ་མཚོན་ན་དེ་བས་ཀྱང་གལ་ཆེའོ། །
    སྤྱིར་ཆོས་རྗེ་འདི་ཉིད་མ་བྱོན་པའི་སྔོན་དུ་མཁས་པའི་བྱ་བ་ལ་འཆད་རྩོད་རྩོམ་གསུམ་གྱི་ཐ་སྙད་དང༌། རིག་པའི་གནས་བཅུ་དང་ལྔའི་ཐ་སྙད་རྣམས་ཀྱང་ཡོངས་གྲགས་ཤིག་མེད་པར། ཆོས་རྗེ་འདིས་སྲོལ་བཏོད་པ་ལྟ་བུར་གསུང་མཁན་མང་དུ་མཆིས། རང་གིས་ཀྱང་སྔོན་གྱི་གཞུང་ལུགས་ཁག་ལ་རགས་དཔྱད་ཅིག་བགྱིས་པ་ལས་ར་འཕྲོད་པ་ནི། དོན་དངོས་སྟེང་རིག་པའི་གནས་ཆེ་ཆུང་རྣམས་ཆོས་རྗེ་འདི་ཉིད་མ་བྱོན་པའི་སྔོན་དུ་ཡོད་པར་གོར་མ་ཆག་པ་དང༌། རིག་གནས་བཅུ་དང་ལྔའི་གྲངས་འདྲེན་བྱ་སྲོལ་ཡང་ཡོད་དེ། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར། །ཞེས་པས་རིག་པའི་གནས་ལྔའི་ཐ་སྙད་དང་གྲངས་འདྲེན་གཉིས་ཀ་གྲུབ་པ་དང༌། ལྷག་པར་རྒྱ་གར་ལ་དེ་འདྲའི་བརྩི་སྲོལ་ཡོད་པའང་གསལ། དེས་ན་རིག་གནས་ལྔ་དང་བཅུ་སོགས་ཀྱི་སྲོལ་ཆོས་རྗེ་འདིས་བཏོད་པར་བཤད་ན་ཅུང་མི་འཚམ་པར་མངོན། འོན་ཀྱང་འཆད་རྩོད་རྩོམ་གསུམ་མཁས་པའི་མཚན་ཉིད་ལྟ་བུར་བཞག་པ་ནི། ཆོས་རྗེ་འདིའི་སྐབས་ནས་བྱུང་བར་ངེས་ཤེས་རྙེད་སླ་བ་དང༌། མཁས་བླུན་ཀུན་ལ་གཅིག་ཏུ་གྲགས། དེ་ལྟ་བུའི་མ་ཧཱ་པཎྜིཏའི་རྣམ་པར་ཐར་པ་རྣམས་ནི་རང་རེ་རྣམས་ལ་ཡོངས་གྲགས་སུ་གྱུར་པས་འདིར་བསྐྱར་བཤད་ཀྱི་ངལ་བ་བསྟེན་པར་དགོས་པ་མེད་པས་བཞག དེས་ན་སྐབས་སུ་བབ་པའི་གཞུང་དངོས་ནི། ཆོས་རྗེ་འདི་ཉིད་ཀྱིས་མཛད་པའི་ཡི་གེའི་སྦྱོར་བ་ཞེས་བྱ་བའི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ཞིག་བཞུགས་པ་དེའི་དོན་བཤད་པ་ལ་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན་དང༌། བར་དུ་དགེ་བ་གཞུང་གི་དོན་དང༌། མཐའ་མར་དགེ་བ་མཇུག་གི་དོན་བཅས་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་མཚན་དོན་དང་མཆོད་བརྗོད། རྩོམ་པར་དམ་བཅའ་བ་བཤད་པ་བཅས་སོ། །
    དང་པོ་མཚན་གྱི་དོན་ནི། ཡི་གེའི་སྦྱོར་བ་བཞུགས་སོ་ཞེས་པ་ཡིན་ལ༑ དེ་ལས་ཡི་གེ་ཞེས་པ་ལ་སྒྲ་ཡངས་དོག་གིས་འཇོག་སྲོལ་མང་དུ་ཡོད་པའི་ནང་ནས་སྐབས་འདིར་སྒྲ་དོག་པའི་དབང་གི་ཡི་གེ་སྟེ། ཡི་གེ་དང་མིང་ཚིག་བརྗོད་པ་རྣམས་སུ་དབྱེ་བའི་ནང་ཚན་གྱི་ཡི་གེ་ཡིན། དེ་ལྟ་བུའི་ཡི་གེ་ནི་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པ་སྟེ། དེ་དག་གི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་གང་ཡིན་པ་དེར་གོ་དགོས། དེས་ན་སྦྱོར་བ་ཞེས་པས་དེ་ལྟ་བུའི་ཡི་གེ་རྣམས་ཀྱི་སྦྱོར་བ་སྟེ། ཕྲད་དང་རྣམ་དབྱེ། ཡང་ན་སྔོན་རྗེས་སོགས་ཀྱིས་སྦྱོར་བ་བྱས་པ་ལས། མིང་དང་ཚིག བརྗོད་པ་བཅས་སུ་གྲུབ་སྟེ་དོན་རྣམས་གསལ་བར་བྱེད་པ་ཡིན། དེ་ལྟར་དོན་རྣམས་གསལ་བར་བྱེད་པའི་ཚུལ་ཇི་ལྟར་སྦྱོར་བ་སྟེ། ཡི་གེ་རྣམས་ལ་རྗེས་འཇུག་སྦྱོར་བ་ལས་མིང་དང༌། མིང་དུ་གྲུབ་པའང་ལས་མཚོན་པར་བྱེད་པ་དང༌། མིང་རྐྱང་ཁོ་ན་གཉིས་ཡོད་པའི་ནང་ནས་ལས་མཚོན་པར་བྱེད་པ་རྣམས་ལ་སྔོན་འཇུག་གིས་སྦྱོར་བ་སྤེལ་པ་ལས། དགོས་པ་དུས་གསུམ་དང་བདག་གཞན་སོགས་ཀྱི་དོན་མཚོན་པར་འགྱུར་བ་དང༌། དེ་ལ་མིང་གི་ཆ་ཤས་ཀྱི་སྦྱོར་བ་བྱས་པ་ལས་མིང་དང༌། དེ་དག་རྣམས་ལ་ཕྲད་དང་རྣམ་དབྱེ་ཡིས་སྦྱོར་བ་བྱས་པ་ལས་ཚིག་གི་རྣམ་པར་ཤར་ཐུབ། དེ་རྣམས་མཚམས་སྦྱར་བ་ལས་བརྗོད་པར་བསྒྲུབ་ཐུབ་པས། ཡི་གེ་སྦྱོར་བ་ཞེས་སུ་མིང་འདོགས་པར་མཛད། སྐབས་འདིའི་ཡི་གེ་སྦྱོར་བ་དང་བརྡ་སྤྲོད་པ། ལུང་པ་སྟོན་པ་རྣམས་ནི་དོན་མཚོན་པར་བྱ་བ་གཅིག་ཡིན་ཡང༌། དོན་མཚོན་བྱེད་སྒྲའི་གོ་དོན་ཐ་དད་རེ་ཡོད་པ་ཡིན་མོད། མཚོན་པར་བྱ་བའི་གཞི་དང་སྦྱར་ན་གཅིག་ཏུ་འབབ། དེས་ན་སྐབས་འདིའི་ཡི་གེའི་སྦྱོར་བ་ཞེས་པ་ནི་ལུང་སྟོན་པ་དང་བརྡ་སྤྲོད་པ་གཉིས་དང་གཅིག་པའི་དོན་ལ་གོ་ན་འགྲིག བཞུགས་སོ་ཞེས་པ་ནི་དེ་ལྟ་བུའི་ཡི་གེ་སྦྱོར་བར་བྱེད་པའི་རྣམ་གཞག་སྟོན་པའི་གཞུང་ཞིག་ཡིན་ཞེས་པའི་དོན་ནོ། །
    གཉིས་པ། མཆོད་བརྗོད་ནི། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཞེས་གསུངས། འཇམ་པའི་དབྱངས་ནི། ངེས་དོན་ལ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ཡིན་ཞིང༌། དེ་ཡང་གདུལ་བྱ་འདུལ་བའི་ཆེད་དུ་ལྷ་སྐུའི་རྣམ་པར་ཤར་བ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དབྱངས་མི་ཟད་པའི་རྒྱན་གྱི་འཁོར་ལོ་གང་ཉིད་ཡིན་པས་འཇམ་པའི་དབྱངས་ཞེས་བཏགས་པ་དང༌། དེ་ཉིད་ཤེས་རབ་ཀྱི་ལྷ་གཅིག་པུའམ། ཡང་ན་ཆོས་རྗེ་གང་ཉིད་ཀྱང་མགོན་པོ་དེ་ཉིད་ཀྱི་སྒྱུ་འཕྲུལ་ཟབ་མོའི་ཡོ་ལང་དུ་ལུང་གིས་ཟིན་པ་བཅས་ཀྱིས། བསྟན་བཅོས་འདི་ཉིད་རྩོམ་པའི་བྱ་བ་མཐར་ཕྱིན་པ་དང༌། རྩོམ་པ་ལ་བར་ཆད་མི་འབྱུང་བ། བརྩམས་པའི་བསྟན་བཅོས་ཀྱིས་འགྲོ་དོན་རྒྱ་ཆེར་འབྱུང་བ་བཅས་ལ་དམིགས་ནས་ཕྱག་འཚལ་ལོ་ཞེས་མཆོད་པར་བརྗོད།
གསུམ་པ། རྩོམ་པར་དམ་བཅའ་བ་ནི།

    བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །
    མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །

    ཞེས་གསུངས་པའི་དོན་ནི། རང་ཅག་ནང་པ་སངས་རྒྱས་པ་རྣམས་ཀྱི་ངོར་བལྟས་ན། ལྷག་པའི་བསླབ་པ་རིན་པོ་ཆེ་གསུམ་སྟེ། ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་དང༌། ཏིང་ངེ་འཛིན་གྱི་བསླབ་པ་རིན་པོ་ཆེ་དང༌། ཤེས་རབ་ཀྱི་བསླབ་རིན་པ་ཆེ་གསུམ་ནི་བརྗོད་བྱ་ཡིན་ལ། དེ་གསུམ་གྱི་རྗོད་བྱེད་སྡེ་སྣོད་གསུམ་སྟེ། འདུལ་བ། མདོ་སྡེ། མངོན་པ་གསུམ་དུ་ངེས་ཤིང༌། དེ་དག་ཀྱང་ཡི་གེའི་སྦྱོར་བ་ཉག་གཅིག་ལ་གནས་པས། ནང་རིག་པའི་དབང་དུ་བཏང་ནའང་ཡི་གེ་སྦྱོར་བའི་རྣམ་གཞག་གིས་བསླབ་པ་གསུམ་གྱི་གཞི་འཛིན་པར་བྱེད་པས་གལ་ཆེ་བ་དང༌། དེ་བཞིན་གཞན་སྡེ་རིག་བྱེད་པ་སྟེ་མུ་སྟེགས་པའི་དབང་དུ་བཏང་ནའང༌། རིག་བྱེད་བཞི་ནི། ངེས་བརྗོད་དང༌། སྙན་ཚིག སྲིད་སྲུང༌། མཆོད་སྦྱིན་བཅས་ཀྱི་གཞུང་ལུགས་རྣམས་ཀྱང་ཡི་གེ་སྦྱོར་བ་ནི་རྒྱུ་ཡིན་ཏེ། ངེས་བརྗོད་ནི་མིང་གི་སྒྲ་བཤད་ཡིན་པས་དེའི་འབྱུང་བའི་རྒྱུ་ཡི་གེ་ཡིན་ལ། སྙན་ཚིག་ནི་ཡི་གེ་སྡེབ་སྦྱོར་བྱས་པ་ལས་བྱུང་བས་དེའི་རྒྱུའང་ཡི་གེ་ཡིན། དེ་བཞིན་སྲིད་སྲུང་ནི་སྲིད་བྱ་སྟེ་འཇིག་རྟེན་མཐུན་འཇུག་དང༌། དེའི་བྱིས་པ་བཙའ་ལུགས་དང་འབྲེལ་བའི་རིག་གནས་ཤིག་ཡིན་པས་དེའང་ཡི་གེ་ལས་བྱུང་བས་དེའི་རྒྱུའང་ཡི་གེ་ཡིན། མཆོད་སྦྱིན་ཡང་གོང་རྣམས་དང་མཚུངས་ཏེ། ཡི་གེ་སྦྱོར་བ་ལས་བྱུང་བ་ཞེ་གཅིག་ཡིན། དེས་ན་ཕྱི་རོལ་པའི་གྲུབ་མཐའ་ཡང་ཡི་གེ་སྦྱོར་བ་རྒྱུ་ཡི་ཚུལ་དུ་ཡོད་པས་རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་ཞེས་གསུངས། དེ་བཞིན་ཕྱི་ནང་གི་གྲུབ་པའི་མཐའ་གང་ལ་ཡང་མ་ཞུགས་པའི་བློ་ལྡན་རྣམས་ཀྱིས། རང་ཉིད་ཀྱི་མཐོང་ཐོས་དྲན་རེག་གི་གནས་ཚུལ་རྣམས་གཞན་ལ་སྤེལ་པའམ། རང་གི་དྲན་ཐོ་ཙམ་ལ་འགོད་པའང༌། དོན་གྱི་ངོ་བོ་སྟོན་པ་མིང་དང༌། དོན་གྱི་ལྡོག་པ་སྟོན་པ་ཚིག་དང༌། སྐབས་བབ་ཀྱི་བརྗོད་བྱའི་དོན་གསལ་བར་བྱེད་པ་བརྗོད་པ་རྣམས་དང་མ་འབྲེལ་བར་ཡོང་མི་ཤེས། དེ་ལྟར་ཡོང་བའི་གཞིའང་ཡི་གེ་སྦྱོར་བ་ཡིན་པས། རང་སྡེ་ནང་པའི་ལུགས་ཀྱི་བསླབ་པ་གསུམ་གྱི་གཞི་འཛིན་པར་བྱེད་པ། གཞན་སྡེ་རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་རུ་གྱུར་པ། ཕྱི་ནང་གི་གྲུབ་མཐའ་གང་དུའང་མི་གཏོགས་པར། མིང་ཚིག་བརྗོད་པ་སྤེལ་བའི་གཞི་དམ་པར་གྱུར་པས་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་ཀུན་ཀྱི་གཞི་དམ་པ་ནི་ཡི་གེ་སྦྱོར་བ་ཉག་གཅིག་ཡིན་པར་བརྟེན། དེ་ལྟའི་བོད་ཀྱི་ཡི་གེ་སྦྱོར་བའི་ཚུལ་ཇི་བཞིན་བཤད་པར་བྱ་ཞེས་དམ་བཅས་པ་དང༌། དེ་དང་འབྲེལ་ནས་བསྟན་བཅོས་འདི་ཉིད་ཀྱི་དགོས་སོགས་ཆོས་བཞིའང་བསྟན། ཡི་གེ་སྦྱོར་བ་བསྟན་བཅོས་འདིའི་བརྗོད་བྱ་ཡིན་པ་དང༌། དེ་ཉིད་ཇི་ལྟར་སྦྱོར་བའི་ཚུལ་ཤེས་དགོས་པ་དང༌། དེ་ཉིད་ཀྱི་རྣམ་བྱང་གི་གོ་འཕང་དོན་གཉེར་ཡོང་བར་བྱ་བ་ཉིང་དགོས་ཡིན་ཞིང༌། དེ་རྣམས་ཕན་ཚུན་འབྲེལ་བས་འབྲེལ་བ་བཅས་དགོས་སོགས་ཆོས་བཞིའང་བསྟན་ཏོ། །

མདུན་ཤོག