བུངྔྷ་སྐྱབས་ཀྱིས་བསྒྱུར།   

    འདིར་ཁྱེད་ཚོ་དང་ལྷན་དུ་འཛོམས་པའི་རེ་སྐུལ་ཞུས་པ་ལྟར། ངས་ཀྱང་དགའ་ཚོར་ཆེན་པོས་དང་ལེན་བྱས་པ་ཡིན། རྒྱུ་མཚན་ནི་དེང་སང་ང་རང་སློབ་མ་ཡིན་ལ་དགེ་རྒན་ཡང་ཡིན་པའི་དུས་སྐབས་ཤིག་ཡིན། རང་ཉིད་ཀྱི་བྱ་གཞག་བྷོའི་ཏན་(Bhoo-dan)དང་གྷ་རཱམ་ཏན་(Gram-dan)གྱི་ཆེད་ས་ཕྱོགས་གང་སར་འགྲོ་དགོས་པས་སློབ་གཉེར་གྱི་ལས་ལ་བརྩོན་རྒྱུར་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་ནི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་ལ་འབད་པའི་སློབ་མ་ཞིག་དང་མཚུངས་ལ། མང་ཚོགས་ལ་རང་ཉིད་འགྲེལ་བརྗོད་བྱེད་པའི་ལས་ཁུར་འདི་འཆད་ཁྲིད་ཀྱི་ལས་རིགས་ཤིག་ཡིན་སྟབས། ངས་སློབ་ཁྲིད་ཀྱང་བྱེད་ཀྱི་ཡོད། ད་དུང་ང་རང་ལ་རྒྱུན་དུ་འགྲུལ་བཞུད་བྱེད་རོགས་ཚོར་ཁྲིད་སྟོན་བྱེད་ཐབས་སྟབས་བདེ་འགའ་ཡང་ཡོད།  དེར་བརྟེན་ངས་རང་ཉིད་ལ་ལག་ལེན་ཁྲོད་ཀྱི་ཉམས་མྱོང་མི་ཉུང་བ་ཞིག་ཡོད་ཅེས་བརྗོད་ཐུབ་ཀྱི་ཡོད། དོན་དངོས་སུ་ངས་ཤེས་ཡོན་གྱི་གནད་དོན་དང་འབྲེལ་བའི་སྐོར་ལ་བྲིས་པ་ཚང་མ་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ཏེ་བྲིས་པ་ཤ་སྟག་ལས།  རྣམ་གཞག་གམ་གཞུང་ལུགས་ཙམ་དུ་བྲིས་པ་གཅིག་ཀྱང་མེད།
    ཉམས་མྱོང་གི་བརྒྱུད་རིམ་འདིའི་ཁྲོད་ནས་ངས་ཤེས་ཡོན་གྱི་རྩ་དོན་དང་པོ་ནི་གང་མགྱོགས་ཀྱིས་སློབ་ཕྲུག་ཚོ་རང་སྐྱ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་པའི་ངེས་ཤེས་རྙེད་བྱུང་།
    སློབ་ཕྲུག་ཅིག་གིས་རང་ཉིད་ཀྱི་མི་ཚེའི་འཚོ་བའི་གནད་དོན་དེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཐག་གཅོད་ཐུབ་པ་བྱ་རྒྱུ་ནི། རང་སྐྱ་ཐུབ་པའི་ཆ་རྐྱེན་གཅིག་ཡིན་པར་མ་ཟད་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པ་ནི་བསྙོན་དུ་མེད། ཁོས་རང་ཉིད་ཀྱི་འཚོ་བའི་གནད་དོན་ཐག་གཅོད་མ་ཐུབ་ཚེ། སྤྱི་ཚོགས་ནང་ཕན་མི་ཐོགས་མཁན་ཞིག་ཏུ་འགྱུར་ངེས་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་རྡོག་ཁྲེས་འབའ་ཞིག་ཏུ་འགྱུར་རྒྱུ་ལས་མ་འདས། དེར་བརྟེན་དཔལ་འབྱོར་གྱི་ཐད་ནས་རང་ཁ་རང་གསོ་ཐུབ་པ་བྱ་རྒྱུ་ནི་ཤེས་ཡོན་གྱི་དམིགས་བྱ་གཅིག་ཡིན་ངེས་ལ་ཡིན་ཡང་དགོས་ངེས། འོན་ཀྱང་དེ་ནི་ད་ལྟ་འདིར་ངའི་ངོས་ནས་གཙིགས་ཆེན་དུ་འཛིན་པའི་རང་སྐྱ་ཐུབ་པ་ཟེར་བའི་ཆ་དེ་མ་རེད།
སློབ་ཕྲུག་གི་རྒྱུད་ལ་ཤེས་བྱ་འཇགས་ཐབས་ཀྱིས་རང་སྐྱ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་ནི་ཤེས་ཡོན་གྱི་འགན་འཁྲི་རེད། སློབ་ཕྲུག་དེ་རང་ཉིད་ཀྱི་ལག་ལེན་དང་གཞན་གྱི་ཉམས་མྱོང་གཉིས་ཀས་ཤེས་བྱ་མཁོ་སྡུད་བྱེད་ཐུབ་མཁན་ཞིག་ཏུ་བསྒྱུར་དགོས། དེའི་ནང་དོན་ནི་དགེ་རྒན་ལ་རག་ལས་པ་ཞིག་མ་ཡིན་པར་སྟོན་གྱི་ཡོད། སློབ་ཕྲུག་ཅིག་འཛིན་རིམ་བཅུ་གཉིས་སམ་མཐོ་སློབ་མཐར་མ་ཕྱིན་གྱི་བར་གཞན་གྱི་ཁྲིད་སྟོན་ཁོ་ན་ལ་བརྟེན་དགོས་པའི་འདོད་ཚུལ་དེ་དོན་དངོས་སུ་རྒྱུ་མཚན་དང་ལྡན་པ་ཞིག་མ་རེད། སྐྲཾ་ཏའི་ནང་དུ་”ཕོ་ལོ་ན་བཅུ་དྲུག་ལ་སོན་ཚེ་གྲོགས་ཀྱི་འདུ་ཤེས་ཟུངས།”ཞེས་བརྗོད་སྲོལ་ཡོད་པ་ལྟར། ལོ་ན་བཅོ་ལྔ་ཡོལ་ནས་བཅུ་དྲུག་ལ་སོན་པ་ན། ཁྱེད་ཚོས་<<རཱ་མ་ཎའི་རྟོགས་བརྗོད།>>ནང་དུ་དྲང་སྲོང་ཝེ་ཤ་ཝཱ་མེ་ཏ་རཱ་(Visvamitra)མཆོག་རཱམ་(Ram)གྱི་ཡབ་དྷཱ་སཱ་རཱ་ཐ་(Dasarath)སར་ཡོང་ནས་རཱམ་ཁོ་བོར་ཞབས་ཏོག་བསྒྲུབ་ཏུ་མངགས་རོགས་ཞེས་རེ་བ་ཞུས་པའི་སྐོར་ལ་བསམ་བློ་ཐོངས་དང།  དྲང་སྲོང་གིས་”རཱམ་དང་ལག་ཤི་མན(Lakshman)གཉིས་ཁོ་བོའི་མཆོད་སྦྱིན་བསྲུང་བར་མངགས་རོགས།”ཞུས་པར། ཡབ་དྷཱ་སཱ་རཱ་ཐ་ཡིས་རཱམ་མངགས་འདོད་མེད་པས། དྲང་སྲོང་ལ་ལན་དུ་རཱམ་ཞབས་ཏོག་བསྒྲུབ་ཏུ་མངགས་རྒྱུ་མིན་པའི་རྒྱུ་མཚན་ཅི་ཞིག་འཆད་ངེས་བསམ་བློ་ཐོངས་དང་། ཁོས་”ངའི་གཅེས་ཕྲུག་རཱམ་ད་དུང་ལོ་ན་བཅུ་དྲུག་ལ་སོན་མེད་པས། ཁྱེད་ལ་ཞབས་ཏོག་བསྒྲུབ་ཏུ་མངགས་རྒྱུར་ངས་བློས་ག་ལ་ཐོངས།”ཞེས་ལན་བཏབ་པར། ཝཱ་སེ་ཤ་ཏཱ་(Vasishta)ཡིས་དྷཱ་སཱ་རཱ་ཐ་ལ་དྲང་སྲོང་ཝེ་ཤ་ཝཱ་མེ་ཏ་རཱ་མཆོག་གི་ཞབས་ནས་རཱམ་གྱི་རྒྱུད་ལ་ཤེས་བྱ་ཕུན་སུམ་ཚོགས་པ་འཇགས་ངེས་ཡིན་པས། ཤེས་ཡོན་སྦྱོང་ཆེད་མངགས་རོགས་ཞུ་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས། ངས་སྒྲུང་འདིའི་མཇུག་མུ་མཐུད་ནས་མ་བཤད་ཀྱང་ཁྱེད་ཚོས་ཤེས་ངེས། ངས་ཁྱེད་ཚོར་གསལ་པོར་བརྗོད་འདོད་པ་ནི་བུ་ཕྲུག་ཅིག་ལོ་ན་བཅུ་དྲུག་ལ་སོན་པ་ནས་རང་ཉིད་ཀྱི་ཧུར་བརྩོན་ལ་བརྟེན་ནས་ཤེས་ཡོན་རྒྱུད་ལ་སྦྱོར་ཐུབ་མཁན་ཞིག་ཆགས་དགོས་པའི་ལྟ་ཚུལ་དེ་ཡིན། བུ་ཕྲུག་ཅིག་ལོ་ན་བཅུ་དྲུག་ལ་སོན་པ་ནས་བཟུང་། ཚིག་མཛོད་ཀྱི་རིགས་བེད་སྤྱོད་གཏོང་ཚུལ་ཤེས་པ་དང་།   བརྡ་སྤྲོད་རིག་པའི་ དེབ་དང།   འཛམ་གླིང་ཤེས་བྱ་ཀུན་བཏུས་ཀྱི་དེབ། དེ་བཞིན་དཔྱད་གཞིའི་ཡིག་ཆ་རིགས་སྣ་ཚོགས་དགོས་མཁོ་ལ་གཞིགས་ཏེ་སྤྱོད་སྟངས་ཤེས་མཁན་ཞིག་ཆགས་དགོས་ལ། ས་ཁྲའི་རིགས་ཀྱི་དེབ་དང་། དཔེ་རིས་ཀྱི་ལམ་ནས་སྟོན་པའི་དེབ་དང་། གནས་ཡིག་སོགས་ཚད་ལྡན་གྱི་དེབ་དག་རང་ཉིད་ཀྱི་མ་སྐད་ནང་ནས་ཀློག་ཐུབ་པ་དང་གོ་དོན་ཇི་བཞིན་ལེན་ཐུབ་པའི་ཁར། སྐད་ཡིག་གཞན་དག་ཀྱང་རང་ཉིད་ཀྱི་ཧུར་བརྩོན་ལ་བརྟེན་ནས་སྦྱོང་ཐུབ་མཁན་ཞིག་ངེས་པར་ཆགས་དགོས། ཁོས་རང་ཉིད་ཀྱི་ལག་ལེན་དང་མྱོང་བ་དངོས་ལ་གཞིགས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་སྐོར་ལའང་གོ་བ་ཟབ་མོ་ལེན་ཐུབ་མཁན་ཞིག་ཆགས་དགོས། ས་གཏིང་གི་ཆུ་འཐོབ་པར་ས་བྲུ་དགོས་པ་ལྟར། ཤེས་བྱ་ཡི་ཆུ་མིག་སྣ་ཚོགས་འདོན་པར་ཡང་སྤྱི་ཚོགས་དང་ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་ལྐོག་གྱུར་མང་པོ་ཞིག་གི་གཏིང་རིམ་བསྔོག་དགོས།
     བྱིས་པ་ཚོར་སློབ་གྲྭའི་ནང་དུ་སྐད་ཡིག་རིགས་མང་པོ་ཞིག་སློབ་ཁྲིད་བྱེད་ཐུབ་ངེས་རེད། འོན་ཀྱང་གལ་ཆེ་ཤོས་ནི་ང་ཚོས་ཁོང་ཚོ་སྐད་ཡིག་གཅིག་ལ་ནང་བྱན་ཆུབ་པ་བཟོས་ཏེ། དེའི་རྨང་གཞིའི་ཐོག་ནས་སྐད་ཡིག་རིག་པའི་རྩ་དོན་ལ་ངེས་པ་རྙེད་ནས་རང་ཉིད་ལ་མཁོ་བའི་སྐད་ཡིག་གཞན་དག་སྦྱང་ཐུབ་པ་ཞིག་བྱ་དགོས། ང་ཚོས་སློབ་ཕྲུག་ཚོར་རང་ངོས་ནས་ཤེས་བྱའི་རིགས་སྦྱོང་ཐབས་ཡོང་བའི་ཁྲིད་སྟོན་བྱེད་དགོས། “འུ་ཅག་གིས་སློབ་བུའི་ཚོགས་ལ་ཅི་ཞིག་འཆད་དགོས་སམ།“ཞེས་པའི་དྲི་བ་འདི་ཧིན་རྡུའི་ཆོས་གཞུང་ཨོ་པཱ་ནི་ཤཱ་ཏ་(Upanishad)ཡི་ནང་དུ་ཡོད་ལ། དེའི་ལན་དུ་འུ་ཅག་གིས་སློབ་བུའི་ཚོགས་ལ་”རིག་བྱེད་ཀྱི་གཏམ་རྒྱུད།”འཆད་དགོས་ཞེས་གསལ་ཡོད། འུ་ཅག་གིས་སློབ་བུ་ཚོར་རིག་བྱེད་ཀྱི་གཏམ་རྒྱུད་ཁྲིད་པ་ན་ཡེ་ཤུའི་གསུང་རབ་ཀྱི་གཞུང་ལུགས་བརྗེད་འགྲོ་ལ། ཡེ་ཤུའི་གསུང་རབ་ཀྱི་གཞུང་ལུགས་ཁྲིད་པ་ན་ཁ་ཆེའི་གསུང་རབ་ཀྱི་གཞུང་ལུགས་བརྗེད་འགྲོ་བ་དང་། ཁ་ཆེའི་གསུང་རབ་ཀྱི་གཞུང་ལུགས་ཁྲིད་པ་ན་ནང་པའི་གསུང་རབ་ཀྱི་གཞུང་ལུགས་བརྗེད་འགྲོ་བ་དང་། ནང་པའི་གསུང་རབ་ཀྱི་གཞུང་ལགས་ཁྲིད་པ་ན་ཚན་རིག་གི་གཞུང་ལུགས་བརྗེད་འགྲོ་བ་དང་། ཚན་རིག་གི་གཞུང་ལུགས་ཁྲིད་པ་ན་ཆབ་སྲིད་དཔལ་འབྱོར་རིག་པའི་གཞུང་ལུགས་བརྗེད་འགྲོ་བཞིན་ཡོད། དེ་འདྲ་ཡིན་ན་ང་ཚོས་ཁྲིད་མཚམས་གང་ཞིག་ནས་འཛིན་དགོས་སམ། དེ་འདྲ་མ་རེད། ང་ཚོས་སློབ་བུ་ཚོར་རིག་བྱེད་ཀྱི་གཏམ་རྒྱུད་སོགས་འཁྲིད་རྒྱུའི་ཚབ་ལ། རིག་བྱེད་ཀྱི་གཏམ་རྒྱུད་དང་ཤེས་བྱ་ཡོད་ཚད་རང་ངོས་ནས་སྦྱོང་ཐུབ་པའི་ནུས་པ་དེ་བསྐྲུན་དགོས། ང་ཚོས་ཁོང་ཚོའི་ལག་ཏུ་རིག་གཞུང་གི་སྒོ་མོ་འབྱེད་པའི་ལྡེ་མིག་འཇོག་དགོས།
    གྲོགས་པོ་ཚོ། ཁྱེད་ཚོས་བྱིས་པ་ཚོར་སྦྱང་བྱ་ཞིག་གཏན་འབེབས་བྱས་པ་དེ་བྱིས་པ་ཚོའི་བློ་ཡིད་དུ་མི་ངེས་པར་རང་བཞིན་གྱིས་བརྗེད་འགྲོ་ལ། དེ་ཡོད་ཚད་མི་བརྗེད་པ་བྱས་ཏེ་བློ་ལ་འཛིན་རིན་ཡང་དེ་ཙམ་མེད་པ་གསལ་པོར་ཤེས་ཀྱི་ཡོད་པ་བཞིན་རེད། ཁྱེད་ཚོས་དེ་ཤེས་ཀྱི་ཡོད་པར་བརྟེན། གལ་ཏེ་སློབ་ཕྲུག་ཚོས་ཡིག་རྒྱུགས་ཀྱི་ཁྲོད་དུ་བརྒྱ་ཆ་སུམ་ཅུ་སོ་གསུམ་བླངས་པ་ན། ཡིག་རྒྱུགས་ཀྱི་ཚད་གཞི་ལོན་པར་རྩི་བཞིན་ཡོད་པ་རེད། གལ་ཏེ་མི་ཞིག་ཁྱེད་ཀྱི་སར་མ་བྱན་གྱི་ལས་ཀ་འཚོལ་ཏུ་ཡོང་ནས། ཁོས་བག་ལེབ་བརྒྱ་བཟོ་དགོས་ན་དེའི་ནང་ནས་སུམ་ཅུ་བཞི་བཅུ་ཡས་མས་ཤིག་ཡག་པོ་ཆགས་ངེས། དེ་མིན་ལྷག་མ་རྣམས་ཡག་པོ་མི་ཡོང་ཞེས་པ་ན། ཁྱེད་ཀྱིས་མི་དེ་ལས་གཡོག་ལ་ཉར་རམ། བརྒྱ་ཆ་སུམ་ཅུ་སོ་གསུམ་ལེན་མཁན་གྱི་སློབ་ཕྲུག་དེ་བརྒྱ་ཆ་དྲུག་ཅུ་རེ་བདུན་གྱིས་ཚད་ལོན་མེད། འོན་ཀྱང་ང་ཚོས་ཁོང་ལ་ཁྲིད་པ་དག་གཅིག་ཀྱང་མ་ལུས་པར་དྲན་ཡུལ་དུ་ཉར་མི་ཐུབ་པ་ཤེས་ཀྱི་ཡོད་པར་བརྟེན། ཁོས་ཡིག་རྒྱུགས་ཀྱི་ཚད་ལོན་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ཞིག་ཁྲིད་པ་ཚང་མ་ཁོ་རང་ལ་མཚོན་ན་བེད་སྤྱོད་དེ་ཙམ་མེད་པ་ཤེས་ཀྱི་ཡོད་པས། ང་ཚོས་བསམ་ཤེས་ཆེན་པོའི་སྒོ་ནས་ཁོང་ལ་གུ་ཡངས་གཏོང་གི་ཡོད།
    ངས་སློབ་ཕྲུག་ཅིག་གིས་ཤེས་ཡོན་གྱི་ཚད་གཞི་དེ་བརྒྱ་ཆ་བརྒྱ་ནས་བརྒྱ་ལོན་ཐུབ་པ་དགོས་པའི་རེ་འདུན་འདོན་གྱི་ཡོད། ཁོས་དོན་དངོས་གང་འདྲ་ཞིག་ཡིན་ནའང་ངེས་པ་གསལ་པོ་རྙེད་དགོས།  གལ་སྲིད་ཁོའི་སྣང་ངོར་”དེའི་དོན་དེ་འདྲ་ཞིག་མིན་ནམ་སྙམ་པའམ།” “དེའི་དོན་ཕལ་ཆེར་དེ་འདྲ་ཞིག་ཡིན་པར་ངེས།“སྙམ་པ་ནི་གོ་རྟོགས་སད་མེད་པའི་རྟགས་རེད། དོན་ལ་ངེས་ཤེས་རྙེད་པའི་མི་ཞིག་ཡིན་ན། འཛམ་གླིང་འདིའི་ནང་དཀའ་སྡུག་ཅི་འདྲ་ཞིག་ལ་འཕྲད་ཀྱང་རི་དྭགས་ཀྱི་རྒྱལ་པོ་སེང་གེ་བཞིན་དེར་ཞུམ་པ་མེད་པར་གདོང་ལེན་བྱེད་ཐུབ་མཁན་ཞིག་ཡིན་ངེས། སྔ་མོའི་དུས་སུ་སློབ་བུ་ཞིག་བསླབ་པ་མཐར་སོན་རྗེས་རང་གི་དགེ་རྒན་དང་ཁ་བྲལ་ཏེ་སྤྱི་ཚོགས་ནང་ཞུགས་རན་པའི་དུས་སུ། དགེ་རྒན་གྱིས་སློབ་བུ་དེར་གཟུངས་སྔགས་ཤིག་གནང་སྲོལ་ཡོད། དེ་ནི་ཁོ་བསླབ་པ་མཐར་སོན་པའི་འཛིན་བྱང་ཡིན། ཁོས་གཟུངས་སྔགས་དེ་ཡིད་ལ་བཟུང་ནས་སྤྱི་ཚོགས་ཀྱི་འཚོ་བའི་ནང་དུ་ཞུགས་དགོས། གཟུངས་སྔགས་དེ་ནི།
        བདག་ནི་འཇིག་རྟེན་བྱེད་པོ་དཀོན་མཆོག་སྟེ། །འཛམ་གླིང་ཕྱོགས་བཞི་བདག་གི་མདུན་ན་མཆིས། །
        བདག་ལ་རྣམ་ཤེས་དབང་པོ་ལྡན་པས་ན། །རྣམ་ཤེས་བྲལ་བའི་འདམ་གྱི་རྒྱུ་འདི་ཉིད། །
            གང་འདོད་བཅོས་པའི་ནུས་པ་བདག་ལ་ཡོད། །ཞེས་པ་འདི་རེད།  སློབ་བུ་ཞིག་བསླབ་པ་མཐར་སོན་པའི་ཚེ། རང་ཉིད་ཀྱི་ནུས་པ་ལ་དེ་ལྟ་བུའི་གདེང་ཚོད་ཅིག་ངེས་པར་དུ་ཡོད་དགོས། གནད་འགག་གཙོ་བོ་འདི་ཡིན་པ་ལས། གནས་ཚུལ་ཆུང་ཙག་རིགས་མཁོ་སྤྲོད་བྱེད་རྒྱུ་ཙམ་ཞིག་མ་རེད། ཤེས་ཡོན་གྱི་དམིགས་ཡུལ་ནི་མི་རྣམས་ལ་དགོས་གལ་ཆེ་བའི་ཤེས་བྱ་རེག་ཐབས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་དེ་རེད། ངའི་ངོས་ནས་ཤེས་ཡོན་ཞེས་པ་ནི་སྦྱང་གཉེར་གྱི་ཁྲོད་ནས་རང་སྐྱ་ཐུབ་པ་ཡོང་བ་ཞིག་ལ་ཟེར་གྱི་ཡོད།
    རྩ་དོན་གཉིས་པ་ནི་དེ་སྔ་བྷེའི་ཧར་མངའ་སྡེའི་ནང་གི་ཌར་ཀེ་ས་ཁུལ་ཏུ་ཚོགས་པའི་གཞི་རིམ་ཤེས་ཡོན་གྱི་ཚོགས་ཆེན་སྟེང་། ངས་བསམ་ཚུལ་བཏོན་པའི་ནང་གི་བརྗོད་གཞི་ཞིག་ཡིན་པ་རེད། ཕལ་ཆེར་ཁྱེད་ཚོའི་ནང་ནས་ཁ་ཤས་ཚོགས་འདུ་དེར་ཞུགས་ཡོད་རྒྱུ་རེད། དེང་སང་མི་དམངས་ཀྱི་བདེ་འཇགས་འགན་ལེན་པར་ཤེས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས་ཞེས་གཞུང་གི་འཛིན་སྐྱོང་འོག་ལ་བྱེ་བྲག་གི་སྡེ་ཚན་གཉིས་སུ་དབྱེ་ནས་ཡོད་པ་རེད། འོན་ཀྱང་འཚེ་མེད་ཞི་བདེའི་སྤྱི་ཚོགས་ཞིག་གི་ནང་། ཤེས་ཡོན་ནི་སྤྱི་ཚོགས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐབས་ལམ་ཞིག་ཡིན་པ་དང་། འུ་ཅག་གི་ཤེས་ཡོན་ཆུ་ཚད་ཅི་ཙམ་གྱིས་མཐོ་རུ་ཕྱིན་ན་དེ་ཙམ་གྱིས་བདེ་སྲུང་མི་སྣ་དང་། དྲག་པོའི་དམག་དཔུང་ཆེད་གཏོང་བའི་འགྲོ་སོང་ཉུང་དུ་འགྲོ་ངེས། ནམ་རྒྱུན་ང་ཚོས་ཤེས་ཡོན་གྱི་སྐོར་ལ་བསམ་བློ་གཏོང་སྐབས། དེ་འགྲོ་སོང་ཆེན་པོ་ཅན་གྱི་སྡེ་ཚན་ཞིག་ལ་བརྩིས་ནས་དཔལ་འབྱོར་གྱི་ཆུ་ཚད་ཞན་པའི་རང་རེའི་རྒྱལ་ཁབ་འདིར་དེའི་ཆེད་གཏོང་རྒྱུའི་མ་དངུལ་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པར་བརྗོད་ཀྱི་ཡོད། འོན་ཀྱང་དོན་དངོས་སུ་དཔལ་དང་འབྱོར་བ་ཞན་པའི་རང་རེའི་རྒྱལ་ཁབ་ཀྱི་ལོ་རེའི་ཡོངས་འབབ་ལས་ཕྱེད་ཀ་ལྷག་དམག་དོན་ཆེད་ནར་གཏོང་བྱེད་ཀྱི་ཡོད་པ་རེད།
    བདག་ཉིད་ཆེན་པོ་གྷན་དྷིའི་དུས་སུ། ང་ཚོས་རང་བཙན་གཙང་མའི་སྐོར་གླེང་བའི་སྐབས། ཉིན་ཞིག་ང་ཚོར་རང་བཙན་གཙང་མ་ཐོབ་པ་ན་ང་རང་ཚོ་ལ་ཁེ་ཕན་གང་དང་གང་ཡོད་པའི་ཐད་བསམ་བློ་བཏང་མྱོང་ཡོད་པ་རེད། རང་བཙན་གཙང་མ་ཐོབ་པ་ཡིན་ན། ཁེ་ཕན་གཅིག་ནི་ང་ཚོས་དམག་དོན་ཐད་འགྲོ་སོང་དངུལ་སྒོར་དུང་ཕྱུར་དྲུག་ཅུ་ལྷག་གཏོང་མི་དགོས་པའི་རྩིས་བརྒྱབས་པ་རེད། ང་ཚོས་དེ་སྔོན་’’རང་བཙན་ཐོབ་རྗེས། དམག་དོན་ཐད་ཀྱི་འགྲོ་སོང་ཕྱེད་ཀ་ཉུང་དུ་གཏོང་རྒྱུ། ཨིན་གཞུང་ནི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཞིག་ཡིན་པས། མི་དམངས་ཀྱིས་ཡིད་ཆེས་བྱེད་ཀྱི་མེད་པར་བརྟེན། དམག་དཔུང་འབོར་ཆེན་ཞིག་ཉར་དགོས་ཐུག་པ་རེད། འོན་ཀྱང་རྒྱལ་ཁབ་རང་དབང་ཐོབ་པའི་ཉིན་མོ་དེ་ཤར་བ་ནས་ང་ཚོའི་འགྲོ་སོང་ཕྱེད་ཀ་ཉུང་དུ་གཏོང་རྒྱུ།’’ཞེས་བཤད་བསྡད་པ་རེད། དམ་བཅའ་དེར་ཅི་ཞིག་བྱུང་བ་རེད། རང་རེའི་འཆར་གཞི་ཚང་མར་གྲུབ་འབྲས་གང་ཡང་སོན་མེད། དེང་སང་ང་ཚོས་རང་རེའི་ཆེད་དུ་འཆར་གཞི་གང་ཡང་འཐེན་མི་དགོས་པར་འཆར་གཞི་ཚང་མ་རང་བཞིན་གྱིས་པཱ་ཀི་སུ་ཐན་གྱི་ངོས་ནས་འཐེན་ཡོང་གི་ཡོད། གལ་ཏེ་པཱ་ཀི་སུ་ཐན་གྱིས་དམག་དོན་ཆེད་འགྲོ་སོང་ཇེ་མང་དུ་གཏོང་གི་ཡོད་ཚེ་ང་ཚོའི་ངོས་ནས་ཀྱང་དེ་ལྟར་བྱ་དགོས་ཐུག་གི་ཡོད། ང་རང་ཚོར་རང་ཉིད་ཀྱི་ཆེད་འཆར་འགོད་བྱེད་པའི་རང་དབང་མེད། འདིའི་ཐད་ང་ཚོར་ད་དུང་རང་དབང་ཆ་ཚང་ཞིག་ཐོབ་མེད། ཨ་རི་རྒྱལ་ཁབ་ཀྱི་གནས་སྟངས་ཀྱང་དེ་བཞིན་རེད། ཨ་རིས་དམག་དོན་ཆེད་འགྲོ་སོང་ཧ་ཅང་མང་པོ་གཏོང་གི་ཡོད། རྒྱུ་མཚན་ནི་ཨུ་རུ་སུ་རྒྱལ་ཁབ་རང་ཉིད་ཀྱི་སྔོན་ལ་ཤོར་ཉེན་ཆེ་བར་འཇིགས་སྣང་ཆེ་བས་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ཨ་རིས་འཆར་གཞི་ཚང་མ་ཨུ་རུ་སུ་ལ་ལྟོས་ནས་འཐེན་གྱི་ཡོད་པ་དང་། ཨུ་རུ་སུས་འཆར་གཞི་ཚང་མ་ཨ་རི་ལ་ལྟོས་ནས་འཐེན་གྱི་ཡོད། དེ་བཞིན་པཱ་ཀི་སུ་ཐན་གྱིས་”རྒྱ་གར་ལ་དམག་དཔུང་དེ་འདྲའི་འབོར་ཆེན་ཞིག་འདུག ང་ཚོའི་མགོར་ཅི་ཞིག་ཡོང་རྒྱུ་རེད།”ཟེར་གྱི་ཡོད། དེང་སང་རྒྱལ་ཁབ་སུ་ལ་ཡང་རང་དབང་གིས་འཆར་འགོད་བྱེད་དབང་མེད་པ་ལྟ་བུ་ཞིག་ཆགས་ཡོད།
    ཡང་དག་པའི་ཤེས་ཡོན་ནི་མཚོན་ཆ་ཞིག་ཡིན་པ་དང་། མཚོན་ཆ་དེས་མདའ་མཚོན་གཞན་ཚང་མ་ཕམ་པར་རྒྱག་ཐུབ། ཤེས་ཡོན་གྱིས་ནི་འཚེ་མེད་ཞི་བའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྲུང་སྐྱོབ་ཐུབ་པའི་བདེན་ཚིག་བསྒྲགས་དགོས། དེ་ལྟ་བུའི་སྟོབས་ཤུགས་ལྡན་པའི་ཤེས་ཡོན་ཞིག་མིན་ཚེ་སྤྱོད་སྒོ་དང་རིན་ཐང་གང་ཡང་མེད་པས། དེར་རང་དབང་གི་རྒྱལ་ཁ་ནམ་ཡང་འཐོབ་མི་སྲིད།
    དེར་བརྟེན་ཤེས་ཡོན་ལ་སྤྱི་ཚོགས་དང་། རྒྱལ་ཁབ། མི་སྒེར་བཅས་ཀྱི་དམིགས་ཡུལ་ལྡན་པ་རེད། གོང་དུ་ངས་མི་སྒེར་དང་འབྲེལ་བའི་ཤེས་ཡོན་གྱི་དམིགས་ཡུལ་ནི་སྦྱང་གཉེར་གྱི་ཁྲོད་ནས་རང་སྐྱ་ཐུབ་པ་ཡོང་རྒྱུ་དེ་ཡིན་པའི་སྐོར་བཤད་ཟིན་པ་ཡིན། རྒྱལ་ཁབ་ཅིག་དང་མིའི་རིགས་ལ་མཚོན་ན། ཤེས་ཡོན་གྱི་དམིགས་ཡུལ་ནི་འཇིགས་སྐྲག་གི་རྒྱ་ལས་ཐར་ཏེ་རང་དབང་ལ་ལོངས་སུ་སྤྱོད་རྒྱུ་དེ་རེད། དེ་ནི་རྒྱལ་ཁབ་གཅིག་ཁོ་ན་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཚོགས་སྡེ་ཧྲིལ་པོར་ཁྱབ་པ་ཞིག་ཡིན། དམིགས་ཡུལ་འདི་ལྟ་བུ་ཞིག་འགྲུབ་པར་ཐབས་ཤེས་ཡོད་དགུ་འདོན་རྒྱུ་ནི་འུ་ཅག་གི་ལས་འགན་ཡིན་ལ། འདི་ནི་དེང་སང་ང་ཚོའི་མིག་སྔར་ཡོད་པའི་རླབས་ཆེན་གྱི་བྱ་གཞག་ཡིན་པ་རེད། དཔེར་ན། གྱོད་གཞི་དང་རྩོད་ཉོག་བགྲང་གིས་མི་ལང་བ་ཞིག་འབྱུང་གི་ཡོད་པར་ལྟོས་དང་། རྩོད་ཉོག་དེ་འདྲའི་མང་པོ་ཞིག་ཡོད་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། རྩོད་ཉོག་རིགས་འབྱུང་བའི་སྐབས་མི་ཚོས་འགལ་ཟླ་དེ་དག་སེལ་མི་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། ང་ལ་མཚོན་ན་དེ་ནི་ཡང་དག་པའི་ཤེས་ཡོན་ཞིག་མེད་པར་ཐུག་པ་རེད་སྙམ་གྱི་ཡོད། ཡང་དག་པའི་ཤེས་ཡོན་ཁོ་ན་ལ་བརྟེན་ནས་བྱམས་བརྩེ་དང་ཞི་བདེའི་ནུས་པ་གོང་མཐོར་གཏོང་ཐུབ་ངེས།
    གཞི་རིམ་ཤེས་ཡོན་ནི་སྡེ་ཚན་བྱེ་བྲག་པ་ཞིག་ཏུ་སྤྱོད་རྒྱུའི་(montessori)སློབ་ཁྲིད་ཐབས་ལམ་ལྟ་བུའི་ཤེས་ཡོན་ལམ་ལུགས་ཤིག་རེད་སྙམ་པའི་ལྟ་ཚུལ་ཞིག་ཚང་མར་ཡོད་པ་རེད། འོན་ཀྱང་དེ་ནི་ལམ་ལུགས་ཤིག་གམ་ཐབས་ཚུལ་ཞིག་གི་གནད་དོན་མ་རེད། གཞི་རིམ་ཤེས་ཡོན་ནི་སྣང་ཚུལ་གསར་པ་ཞིག་དང་འཇུག་སྒོ་གསར་པ་ཞིག་རེད། འཛམ་གླིང་ནང་གི་རྙོག་ཟིང་ཚང་མའི་འབྱུང་ཁུངས་ནི་ཤེས་ཡོན་དང་ངལ་རྩོལ་གཉིས་དབྱེ་འབྱེད་བྱས་པ་ལ་ཐུག་ཡོད། དེ་གཉིས་ཀྱི་ཐད་སེམས་ཁམས་རིག་པའི་སྣང་ཚུལ་ནོར་འཁྲུལ་ཅན་ཞིག་གིས་བསམ་བློའི་ནང་དུ་དབྱེ་བ་སོ་སོར་ཕྱེས་ཡོད་ལ། སྤྱི་ཚོགས་རིག་པའི་སྣང་ཚུལ་ནོར་འཁྲུལ་ཅན་ཞིག་གིས་འཚོ་བའི་ནང་དུ་དབྱེ་བ་སོ་སོར་ཕྱེས་ཡོད་པ་དང་། དཔལ་འབྱོར་རིག་པའི་སྣང་ཚུལ་ནོར་འཁྲུལ་ཅན་ཞིག་གིས་ཁྲོམ་རའི་ནང་དུ་རིན་ཐང་གི་དབྱེ་བ་སོ་སོར་ཕྱེས་ཡོད།
    ངའི་ངོས་ནས་བཤད་ན། ཤེས་ཡོན་གྱི་རྩ་དོན་གསུམ་པ་ནི། ཤེས་ཡོན་དང་ངལ་རྩོལ་གཉིས་ངོ་བོ་ཐ་དད་དུ་མི་དབྱེ་རྒྱུ་དེ་ཡིན། དེ་གཉིས་དབྱེ་བ་འབྱེད་མཁན་གྱི་མི་དེས་ཤེས་ཡོན་ཞེས་པའི་གོ་དོན་ཅི་ཡིན་རྟོགས་ཐུབ་མེད། ལས་རིགས་ཤིག་དང་མ་འབྲེལ་བའི་དོན་དམ་གྱི་ཤེས་ཡོན་ཞིག་རྩ་བ་ནས་མེད། རྩ་དོན་འདིར་དམིགས་བསལ་གཅིག་ཡོད་པ་ནི་”ང་ཡིན་དང་།         ང་ཡོད།”ཅེས་པའི་འདུ་ཤེས་འཛིན་སྟངས་དེ་རེད། རང་ཉིད་ལ་ངར་འཛིན་གྱི་འདུ་ཤེས་ཡོད་པ་དེ་ནི་ལས་རིགས་ལས་ཐ་དད་དུ་ཡོད། དེ་ནི་ལས་རིགས་ཀྱི་ཁྱབ་ཁོངས་ལས་འདས་པ་ཞིག་རེད། འོན་ཀྱང་མིའི་རྒྱུད་ཀྱི་བདག་འཛིན་གྱི་འདུ་ཤེས་དེ་མ་གཏོགས་གཞན་ཤེས་ཡོན་ཚང་མ་ལས་རིགས་དང་འབྲེལ་ནས་ཡོད། ཤེས་ཡོན་མེད་ཚེ་ལས་རིགས་མེད་ལ། ལས་རིགས་མེད་ཚེ་ཤེས་ཡོན་མེད། དེ་གཉིས་ངོ་བོ་གཅིག་ཡིན། འདི་ནི་གཞི་རྩའི་སེམས་ཁམས་ཀྱི་གནད་དོན་ཞིག་ལ་རག་ལས་པ་ལས་ཐབས་ཚུལ་ཞིག་གི་གནད་དོན་གང་ཡང་མ་རེད། མི་ཚོ་ང་སར་ཡོང་ནས་”བྷཱ་ཝེ་ལགས། ཁྱེད་ཀྱིས་རང་གི་ཤེས་ཡོན་གྱི་དགོངས་ཚུལ་འདི་ལ་གཟིགས་དང། གལ་ཏེ་བྱིས་པ་ཚོས་ཉིན་རྟག་ཏུ་ཆུ་ཚོད་གཉིས་གསུམ་ཞིག་གི་རིང་ལ་ངལ་རྩོལ་བྱེད་དགོས་ཚེ། ཁོ་ཚོའི་རྒྱུད་ལ་ཤེས་ཡོན་ཞིག་ཅི་ལྟར་འཇགས་ཐུབ།”ཟེར། ངའི་བསམ་པར་དྲི་བ་འདི་གནད་འགག་ཆེན་པོ་རེད། ང་ཚོས་ངེས་པར་ཏུ་བསམ་བློ་གཏོང་དགོས་ས་ནི། ཆུ་ཚོད་གཉིས་གསུམ་ཞིག་གི་རིང་བྱིས་པ་ཚོ་ཀློག་དེབ་ལ་ཅེར་ནས་བསྡད་པ་དེས་ཁོ་ཚོའི་རྒྱུད་ལ་ཤེས་ཡོན་ཞིག་འཇགས་ཐུབ་ཀྱི་ཡོད་དམ། ཆུ་ཚོད་གསུམ་བཞི་ཞིག་གི་རིང་དཔེ་དེབ་ཡང་དག་པ་ཞིག་བཀླགས་ན་ཧ་ཅང་ཡག་པོ་རེད། སློབ་ཕྲུག་ཅིག་གིས་ཆུ་ཚོད་གསུམ་གྱི་རིང་ཤོག་གྲངས་དྲུག་ཅུའམ་བདུན་ཅུ། ཕལ་ཆེར་བརྒྱད་ཅུ་ཙམ་ཡང་ཀློག་ཐུབ་ངེས། འོན་ཀྱང་ཁོའི་རྒྱུད་ལ་ཡོན་ཏན་ངོ་མ་ཞིག་འབྱོར་སྲིད་དམ། ཤོག་གྲངས་མང་པོ་ཞིག་བཀླགས་པ་དེས་ཁོའི་མིག་གི་ཤ་གནད་དག་ལ་སྦྱོང་བརྡར་ཡག་པོ་ཞིག་རེག་སྲིད། དོན་དངོས་སུ་དཔེ་ཀློག་བྱ་རྒྱུ་ནི་ཤེས་ཡོན་རེག་པའི་ཐབས་ལམ་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། ང་ཚོ་ཚང་མའི་སེམས་སུ་དཔེ་ཀློག་བྱས་པ་དེ་ལས་སློབ་ཕྲུག་དེར་ཤེས་ཡོན་ཞིག་རེག་མེད་པའི་དོགས་པ་གཏན་ནས་སྐྱེ་མི་སྲིད། དེ་ནི་དེ་ལྟ་བུ་ཞིག་ཡིན་པར་ཆ་བཞག་ན་འགྲིག   འོན་ཀྱང་དེ་ལས་ལྡོག་སྟེ་བཤད་ན། དཔེ་དེབ་ལས་སློབ་སྦྱོང་བྱེད་པ་ནི་ང་ཚོ་དང་དོན་དངོས་འཇིག་རྟེན་བར་གྱི་ཡོལ་བ་ལྟ་བུ་རེད། དཔེར་ན། ཤིང་ཏོག་ཨ་མྲ་ཡི་ཁྱད་ཆོས་དང་བྲོ་བ་དེ་ང་ཚོས་ཤིང་ཏོག་ཨ་མྲ་ཞིག་ཟོས་ན་མ་གཏོགས་དེབ་བཀླགས་པ་ཙམ་གྱིས་མི་ཤེས་པ་ལྟ་བུ་རེད། འདིའི་སྐོར་ལ་ཤཱང་ཀཱར་ཨཱཅརྱ་མཆོག་གིས་འགྲེལ་བརྗོད་གནང་བའི་ནང་། བུ་རམ་ཞིག་དཔེར་བླངས་ཏེ་བཤད་དོན། འགྲེལ་བཤད་དང་། དཔེ་ཀློག རི་མོར་ལྟ་བ་སོགས་ཀྱིས་གོ་རྟོགས་བསྐྱེད་པར་གཞོགས་འདེགས་བྱ་ངེས་མོད། བུ་རམ་ཞེས་པ་དེ་སྟབས་བདེ་པོའི་སྒོ་ནས་ཤེས་ཐབས་ཡག་ཤོས་ནི། བུ་རམ་ཁ་ནང་ལ་བཅུག་ནས་བྲོ་བ་མྱོང་རྒྱུ་དེ་རེད། བུ་རམ་ཤིང་གཏུབ་སྟེ་ཁུ་བ་བཙིར། འཚག་བརྒྱབས། བུ་རམ་བཟོས། མཐར་ཁ་རུ་བཅུག་སྟེ་བྲོ་བ་མྱོང་མཁན་དེས་བུ་རམ་ཞེས་པ་དེ་ཅི་འདྲ་ཡིན་པ་གསལ་པོར་ཤེས་ཐུབ། དེས་ན་སློབ་ཕྲུག་ཅིག་གིས་ངལ་རྩོལ་ཆེད་བཏང་བའི་དུས་ཚོད་དེས་ཁོའི་སློབ་སྦྱོང་གི་དུས་ཚོད་འཐུས་ཤོར་བཏང་ཡོད་པ་རེད་ཅེས་བཤད་ཐུབ་བམ།
སྦྲང་མ་གསོ་སྐྱོང་བྱེད་སྟངས་A.B.Cཞེས་པའི་དེབ་ཅིག་གི་ནང་སྦྲང་མ་གསོ་སྐྱོང་བྱེད་སྟངས་ཞིབ་རྒྱས་ཤིག་འཁོད་འདུག དེ་བཀླགས་རྗེས་ངའི་བསམ་པར་”ད་ནི་སྦྲང་མ་ཁ་ཤས་བཟུང་སྟེ་གསོ་སྐྱོང་བྱ་ཐབས་བྱས་ན་ཡོང་ངེས”སྙམ་བྱུང་། འོན་ཀྱང་ཕར་རྒྱུག་ཚུར་རྒྱུག་བྱས་ནས་ཉིན་གྲངས་མང་པོ་ཞིག་མ་བསྐྱལ་བར་སྦྲང་མ་འཛིན་ཐུབ་མ་བྱུང་ལ། བཟུང་རྗེས་ཀྱང་ཟླ་ངོ་གཉིས་ལྷག་མ་འགོར་བར་གསོ་སྐྱོང་ཚད་ལྡན་ཞིག་ཡོང་གི་མི་འདུག ཚང་མ་དེབ་ནང་བྲིས་ཡོད་པས། དེབ་ནང་བྲིས་པ་དེས་གཞོགས་འདེགས་མི་དམན་པ་ཞིག་བྱེད་ཀྱིན་ཡོད། འོན་ཀྱང་ངེས་ཤེས་གསལ་པོ་རྙེད་པའི་ཐབས་ལམ་ཡག་ཤོས་ནི་ལག་ལེན་དངོས་རེད། དཔེ་ཀློག་དང་དཔྱད་ཞིབ་བྱེད་པ་ནི་ལག་ལེན་ལ་གཞོགས་འདེགས་བྱེད་སྤྱད་རེད། དེ་གཉིས་གཞོགས་འདེགས་བྱེད་སྤྱད་ཀྱི་ཡོ་བྱད་ཁོ་ན་རེད། དེ་ནི་”ཁོང་ལ་མིག་ཤེལ་མེད་པས་ཇི་ལྟར་མཐོང་”ཞེས་པ་ལྟ་བུ་རེད། མཐོང་བྱེད་ཀྱི་དབང་པོ་ནི་མིག་ཟུང་གཉིས་ཡིན་པ་ལས་མིག་ཤེལ་མ་རེད། མིག་ཤེལ་ནི་གཞོགས་འདེགས་བྱེད་སྤྱད་ཀྱི་ཡོ་བྱད་ཙམ་རེད། འོན་ཀྱང་མིག་དབང་གི་ནུས་པ་ཉམས་ཡོད་ཚེ་མིག་ཤེལ་གྱིས་གཞོགས་འདེགས་མི་དམན་པ་བྱ་ཐུབ་ངེས། གང་ལྟར་མིག་ཟུང་གཉིས་ནི་གཙོ་བོ་དང་མིག་ཤེལ་ནི་ཕལ་བ་རེད། དེ་བཞིན་དེབ་ནི་མིག་ཤེལ་བཞིན་ཕལ་བ་་ཡིན་པས། དེབ་ཀྱི་རིགས་ནི་ཤེས་ཡོན་རྒྱུད་ལ་འཇགས་བྱེད་ཀྱི་ཡོ་བྱད་གལ་ཆེ་ཤོས་དེ་མ་རེད།
    བྱིས་པ་ཚོའི་ཀློག་དེབ་ལ་ལྟ་བའི་དུས་ཚོད་ཉུང་དུ་བཏང་ཚེ་ཁོང་ཚོའི་རྒྱུད་ལ་ཤེས་ཡོན་ཞིག་འཇགས་ཐུབ་ཀྱི་མ་རེད་སྙམ་སྟེ་བློ་འཚབ་སྐྱེ་བ་ནི་གནད་དོན་ཡག་པོ་མ་ཤེས་པའི་རྟགས་རེད། དེ་ནི་ནོར་འཁྲུལ་ཅན་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ཤིག་ལ་བརྟེན་ནས་བྱུང་བ་རེད། དོན་དངོས་སུ་ཤེས་ཡོན་དང་ངལ་རྩོལ་གཉིས་ནི་ཟུང་འབྲེལ་ཡིན་པ་རེད།
    ངས་ད་ལྟ་བཤད་པ་བཞིན་སློབ་གཉེར་དང་ངལ་རྩོལ་གཉིས་དབྱེ་བ་སོ་སོར་ཕྱེས་པ་དེས་སྤྱི་ཚོགས་ནང་དུའང་དྲང་བདེན་མིན་པའི་གནས་བབ་ཞིག་བསྐྲུན་ཡོད། མི་ཁ་ཤས་ལ་སློབ་གཉེར་བྱ་རྒྱུ་ལས་གོ་སྐབས་གཞན་ཅི་ཡང་མ་སྤྲད་པ་དང་། མི་ཁ་ཤས་ལ་ངལ་རྩོལ་བྱ་རྒྱུ་ལས་གོ་སྐབས་གཞན་ཅི་ཡང་མ་སྤྲད་པས། སྤྱི་ཚོགས་ཀྱི་ངོ་བོ་དེ་དབྱེ་བ་གཉིས་སུ་གྱེས་ནས་ཡོད། ལུས་ཤུགས་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཚོས་སྤྱི་ཚོགས་ཀྱི་སྡེ་ཚན་གཅིག་གྲུབ་ཡོད་པ་དང་། ཀླད་ཤུགས་ངལ་རྩོལ་ལ་བརྟེན་མཁན་ཚོས་སྤྱི་ཚོགས་ཀྱི་སྡེ་ཚན་གཞན་ཞིག་གྲུབ་ཡོད། འདི་ལྟར་དབྱེ་བ་སོ་སོར་ཕྱེས་པ་དེས་སྤྱི་ཚོགས་དྲང་བདེན་མིན་པའི་གནས་སྟངས་ཡ་ང་བ་ཞིག་ཏུ་བསྒྱུར་ཡོད། ངས་ད་དུང་དཔལ་འབྱོར་ཐད་དྲང་བདེན་མིན་པའི་སྐོར་ལའང་བཤད་ཡོད། ལུས་ཤུགས་ངལ་རྩོལ་བ་ཚོར་ཉིན་གཅིག་ལ་གླ་ཆ་ཨ་ནཱ་བཅུ་གཉིས་སམ་སྒོར་གཅིག་ལས་སྤྲོད་ཀྱི་མེད། འོན་ཀྱང་ཀླད་ཤུགས་ངལ་རྩོལ་བ་ཚོར་ཉིན་གཅིག་ལ་གླ་ཆ་སྒོོར་ཉི་ཤུ་རྩ་ལྔའམ་སུམ་ཅུ་སྤྲོད་ཀྱི་ཡོད། ལུས་ཤུགས་དང་ཀླད་ཤུགས་ངལ་རྩོལ་གྱི་རིན་ཐང་ལ་དབྱེ་ཁྱད་ཆེན་པོ་ཕྱེས་པ་དེས་དྲང་བདེན་མིན་པའི་གནས་བབ་ཚབས་ཆེན་ཞིག་བསྐྲུན་ཡོད། ནོར་འཁྲུལ་ཅན་གྱི་བསམ་བློའི་འདུ་ཤེས་དང་། སྤྱི་ཚོགས་ནང་དུ་དབྱེ་འབྱེད་ཡོད་པ། ངལ་རྩོལ་གྲུབ་འབྲས་ཀྱི་རིན་ཐང་རྩི་སྟངས་འདྲ་མཉམ་མིན་པ་བཅས་ཀྱི་ནོར་འཁྲུལ་འདི་གསུམ་པོ་ངེས་པར་ཏུ་ཡོ་སྲིང་བྱ་དགོས། དྲང་བདེན་མིན་པའི་གནས་སྟངས་འདི་རྨང་ནས་བསྒྱུར་བཅོས་བྱ་རྒྱུ་ནི་རང་རེའི་ཤེས་ཡོན་གྱི་དམིགས་ཡུལ་ཏུ་འཛིན་དགོས། དེ་ནི་ངའི་རྩ་དོན་གསུམ་པ་ཡིན་ལ། ཁ་ཚ་དགོས་གཏུགས་ཀྱི་གནད་འགག་ཅིག་ཀྱང་ཡིན་པ་རེད།
    ངལ་རྩོལ་དང་སློབ་གཉེར་གྱི་ངོ་བོ་ཐ་དད་དུ་འཛིན་པ་དེ་མེད་པར་བཟོས་ནའང། དེ་མེད་པར་བཟོས་པ་ཙམ་གྱིས་སྤྲོ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཀྱི་མི་འདུག གནད་དོན་འདིའི་དབང་གིས་ངའི་སེམས་སུ་གཞི་རྩའི་ཤེས་ཡོན་གྱི་རྩ་དོན་བཞི་པ་འཁོར་བ་རེད། དཔྱད་ཞིབ་བྱས་པའི་མཐའ་དོན་ཏུ་དྲི་བ་གཅིག་ཡོད་པ་ནི། ཅི་འདྲ་ཞིག་ལ་མིའི་རིགས་ཀྱི་འཚོ་བ་སྐྱེལ་ཐབས་ཡང་དག་པ་ཟེར་ཞེས་པ་དེ་རེད། ངའི་ངོས་ནས་དྲི་བ་འདིའི་ལན་ནི། ང་ཚོ་རང་བྱུང་ཁམས་དང་ཁ་ཐག་ཅི་ཙམ་ཉེ་པོའི་སྒོ་ནས་འཚོ་བ་སྐྱེལ་རྒྱུ་བྱུང་ན་དེ་ཙམ་གྱིས་མི་ཚེར་སྤྲོ་སྣང་དང་བདེ་སྐྱིད་ལྡན་ལ། རང་བྱུང་ཁམས་དང་ཁ་ཐག་ཅི་ཙམ་གྱིས་རིང་དུ་གྱུར་ན་དེ་ཙམ་གྱིས་མི་ཚེར་འདོད་བློ་མི་ཚིམས་པ་ཞིག་ཡོང་བ་དེ་ཡིན། ས་གནས་གཞན་ཞིག་ཏུ་ངས་སཱར་ཝོ་དྷཱ་ཡཱ་དཔལ་འབྱོར་རིག་པ་Sarvodaya Economicsནི་རྩ་དོན་ཆེན་པོ་གཉིས་ལ་གཞིར་བཞག་ཡོད་ཚུལ་བཤད་མྱོང་། རྩ་དོན་དང་པོ་ནི། མི་འབོར་གྱི་བརྒྱ་ཆ་གང་ཉུང་ཉུང་ཞིག་གིས་ཞིང་ལས་ཐོན་སྐྱེད་གཉེར་རྒྱུ་དང་། མི་འབོར་གྱི་བརྒྱ་ཆ་གང་མང་མང་གིས་ཞིང་ལས་མ་ཡིན་པའི་ཐོན་སྐྱེད་ལས་རིགས་གཞན་གཉེར་ཐབས་བྱ་རྒྱུ་དེ་རེད། རྩ་དོན་གཉིས་པ་ནི། མི་འབོར་གྱི་བརྒྱ་ཆ་བརྒྱ་ཐམ་པ་ཆ་ཚང་ཞིང་ལས་ཐོན་སྐྱེད་དང་ཁ་མ་བྲལ་བར་འཚོ་བ་སྐྱེལ་རྒྱུ་དེ་རེད། གལ་ཏེ་མི་ཞིག་ཞིང་ལས་ཐོན་སྐྱེད་གཉེར་བའི་འཚོ་བ་དང་ཁ་བྲལ་བ་ན། ཁོའི་མི་ཚེ་ནི་དོན་སྙིང་མེད་པ་དང་། ཡིད་མི་ཚིམས་པ་ཞིག་ཏུ་འགྱུར་ངེས། མི་ཚང་མའི་འཚོ་བའི་རྩ་བ་ས་གཞི་རུ་ཚུགས་པར་ས་གཞི་དང་འབྲེལ་བ་དམ་ཟབ་ཡོད་དགོས། མིའི་རིགས་ཀྱི་འཚོ་བ་ནི། རང་ཉིད་སྐྱེད་འཚར་བྱ་སའི་ས་གཞི་དང་ཁ་བྲལ་བ་ན་གསོན་ཤུགས་རྒྱས་མི་ཐུབ་པའི་ཤིང་སྡོང་ལྟ་བུ་ཞིག་རེད། དེར་བརྟེན་མི་ཚང་མ་ས་གཞི་ལ་གོམས་འདྲིས་བྱ་བའི་གོ་སྐབས་ངེས་པར་ཏུ་དགོས་མོད། དེ་དང་ལྷན་ཏུ་མི་འབོར་གྱི་བརྒྱ་ཆ་གང་ཉུང་ཉུང་ཞིག་གིས་ས་ཞིང་རྨོ་འདེབས་ཀྱི་ལས་ཀ་ཆ་ཚང་གཉེར་ཐབས་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་ཚོང་ལས་ཚད་ལྡན་ཞིག་གཉེར་ཐུབ་པ་བྱ་དགོས། འདི་ནི་སཱར་ཝོ་དྷཱ་ཡཱ་དཔལ་འབྱོར་རིག་པའི་རྩ་དོན་གཉིས་པོ་དེ་རེད། དེ་གཉིས་ཕན་ཚུན་འགལ་བ་ཡིན་པ་ལྟར་སྣང་མོད། དོན་དངོས་སུ་དེ་གཉིས་ཀ་སཱར་ཝོ་དྷཱ་ཡཱ་དཔལ་འབྱོར་རིག་པའི་མ་ལག་རེད། ཟས་རིགས་ཐོན་སྐྱེད་ནི་མིའི་མི་ཚེའི་དགོས་མཁོའི་ཆ་ཤས་གཅིག་ཙམ་རེད། དེ་དོན་ཏུ་གཉེར་ཆེད་ཚད་ལས་བརྒལ་བའི་དུས་ཚོད་དང་ངལ་རྩོལ་ནུས་ཤུགས་མང་པོ་ཞིག་གཏོང་དགོས་དོན་མེད། མིའི་རིགས་ཀྱི་བདེ་སྐྱིད་དངོས་ནི་མི་ཚེའི་ནང་གི་དུས་ཚོད་མང་ཆེ་ཤོས་འཇིག་རྟེན་ལ་མཚར་སྡུག་སྣོན་པའི་ཡིད་འོང་གི་བྱ་གཞག་གཞན་དག་སྒྲུབ་ཆེད་ལེགས་སྐྱེས་སུ་ཕུལ་བ་ཁོ་ན་ལས་ཐོབ་ཀྱི་ཡོད། དེ་བཞིན་སའི་གོ་ལ་དང་འབྲེལ་བ་དམ་ཟབ་ཀྱིས་འཚོ་བ་སྐྱེལ་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་དགོས་མཁོ་ཞིག་ཡིན། རྒྱལ་ཁབ་བམ་དཔལ་ཡོན་གང་རུང་ཞིག་ཞིང་ལས་ཐོན་སྐྱེད་གཉེར་རྒྱུའི་ལས་དང་ཁ་བྲལ་ཚེ། སྔ་ཕྱི་མ་གཏོགས་དེའི་ཕྱི་ནང་གི་སྟོབས་ཤུགས་ཡོད་ཚད་ཉམས་ནས་རྒུད་པར་འགྱུར་རྒྱུ་ནི་ངེས་པ་ཞིག་རེད།
    དེས་ན་ཡང་དག་པའི་ཤེས་ཡོན་ནི་རང་བྱུང་ཁམས་དང་འབྲེལ་ནས་ཡོད་པ་ཞིག་ཡིན་པས། གྲོང་ཁྱེར་ཆེན་པོ་དག་གི་ནང་འདི་ལྟ་བུའི་ཤེས་ཡོན་ཞིག་ཇི་ལྟར་སྤེལ་ཐུབ་ཅེ་ན། གྲོང་ཁྱེར་དག་ཞིང་ལས་རྨོ་འདེབས་ཀྱི་ལས་དང་ཁ་བྲལ་ནས་ཡོད་པ་དེ་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད། མིའི་རིགས་ཀྱི་འཚོ་གནས་ལ་འདི་ལྟ་བུའི་གྱོང་གུན་ཆེན་པོ་ཞིག་ག་ལ་ཡོད། བདག་དེ་སྔོན་བཙོན་ཁང་ནང་ཡོད་དུས། ཕྱོགས་མང་པོ་ཞིག་ནས་སྐྱིད་སྣང་སྐྱེས་བསྡད་པ་ཡིན་ལ། ང་རང་ཧ་ཅང་སྐྱིད་སྣང་སྐྱེས་བསྡད་པ་དེས་མི་ཚང་མར་བག་ཆགས་ཟབ་མོ་བཞག་ཡོད། ཉིན་ཞིག་བཙོན་སྲུང་བས་ང་ལ་”ཁྱེད་རང་ཆོག་ཤེས་ཧ་ཅང་ཆེ་བའི་ཉམས་སྣང་འདུག ཁྱེད་རང་གི་སེམས་ལ་བསམ་རྒྱུ་དྲན་རྒྱུ་ཅི་ཡང་མི་འདུག་གམ།”ཟེར། ངས་”ཡོད། ང་ལ་བསམ་རྒྱུ་དང་དྲན་རྒྱུ་གཅིག་ཡོད།”ཅེས་བཤད་པ་དང་། ཁོས་”དེ་ཅི་ཞིག་རེད། ང་ལ་ཤོད་དང་།”ཟེར། བཙོན་སྲུང་དེའི་སེམས་སུ་ང་ལ་འཇིག་རྟེན་འདིར་བསམ་རྒྱུ་དྲན་རྒྱུ་གཅིག་ཀྱང་མེད་པ་འདྲ་སྙམ་ཡོད་པ་ཐག་གིས་ཆོད། ངས་ཁོ་ལ་”གནད་དོན་དེ་རྟོགས་པར་ཁྱེད་རང་གི་རིག་རྩལ་བེད་སྤྱོད་མི་གཏོང་དོན་ཅི་ཡིན། ཁྱེད་རང་གིས་བསམ་བློ་ཐོངས་དང་། ངས་ཁྱེད་ལ་བདུན་ཕྲག་གཅིག་གི་གོ་སྐབས་སྤྲད་ཆོག”ཞེས་པ་ན། ཁོས་བདུན་ཕྲག་གཅིག་རིང་བསམ་བློ་བཏང་རྗེས་ང་སར་ཡོང་སྟེ”ངས་ཁྱེད་རང་གིས་དྲན་བཞིན་པ་དེ་ཅི་ཞིག་ཡིན་པ་ཤེས་མ་བྱུང་།”ཟེར། དེ་ནས་ངས་ཁོ་ལ་”སྤྱིར་ང་ཅི་ཞིག་གི་ཐད་ལ་ཡིན་ཡང་ཆོག་ཤེས་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ཞོགས་པ་དང་སྲོད་ཀའི་དྲོད་སྐྱིད་ལྡན་པའི་ཉི་མ་འཆར་ནུབ་ཀྱི་སྣང་བ་དེ་ངའི་མིག་ཟུང་གི་སྤྱོད་ཡུལ་ལས་རིང་དུ་གྱུར་པ་འདིས་བདག་སེམས་སུ་ཡིད་མུག་གི་གདུང་བ་ཟབ་མོ་སྦྱིན་གྱི་ཡོད་པ་དེ་རེད།”ཅེས་བཤད་པ་ཡིན།
    ཕྱི་རོལ་ཏུ་སོང་སྟེ་རང་བྱུང་ཁམས་ཀྱི་བཀོད་པ་སྣ་ཚོགས་ལ་ལོངས་སུ་སྤྱོད་རྒྱུའི་སྐལ་བ་ཞིག་བྱུང་ན་ཅི་འདྲའི་སྐྱིད་སྣང་ཆེ་ཞིང་སྤྲོ་སེམས་འཁོལ་བ་ཞིག་ཡིན་ངེས་ཨང་། གྲོང་ཁྱེར་ནང་འདུག་མཁན་ཚོས་སྐྱིད་སྣང་འདི་ཅི་འདྲ་ཞིག་ཡིན་མིན་མི་ཚོར་པས། སྙིང་རྗེ་ཁོ་ཚོས་ཅི་ཞིག་བྱ། ཁོ་ཚོས་མེ་ཏོག་བུམ་པ་ཞིག་གི་ནང་དུ་ཤོག་བུའི་མེ་ཏོག་འགའ་བཙུགས་ཤིང། རྩིག་པའི་ལྡེབས་ངོས་སུ་ཉི་མ་འཆར་ནུབ་ཀྱི་མཛེས་རིས་བཀོད་པའི་པར་རེ་སྦྱར་ཁུལ་བྱེད་ཀྱི་ཡོད། མཚན་མོར་ཁོ་ཚོས་མཁའ་དབྱིངས་ཀྱི་རྒྱུ་སྐར་ཡང་མཐོང་གི་མེད། ཁོ་ཚོའི་མི་ཚེ་ནི་ཧ་ཅང་བཅོས་མའི་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད། འཇར་མན་གྱི་མཚན་ཉིད་སྨྲ་བ་ཞིག་ལ་མི་ཚེའི་ནང་ཆེས་ཡིད་དུ་འོང་བ་ནི་ཅི་ཞིག་ཡིན་དྲིས་པར། ཁོང་གིས་”ཟེར་འོད་ཆེམ་ཆེམ་སྤྲོ་བའི་དགུང་གི་སྐར་ཚོགས་དང་། ནང་ཀུན་སྤྱོད་ཀྱི་ཆོས་ཉིད་ཡིན་པ་རེད།”ཅེས་གསུངས། གྲོང་ཁྱེར་དག་གི་ནང་བཅོས་མའི་གློག་སྒྲོན་སྣ་ཚོགས་ཀྱི་ངོགས་སུ་ཟེར་འོད་ཆེམ་ཆེམ་སྤྲོ་བའི་སྐར་ཚོགས་ཀྱི་མཚར་སྡུག་ལོངས་སུ་སྤྱོད་ག་ལ་ཐུབ། སྐབས་རེར་ངའི་བསམ་པར་ད་ནི་མི་འདི་ཚོར་མེད་བརླགས་སུ་གཏོང་རྒྱུ་ཅི་ཞིག་ལྷག་ཡོད་དམ་སྙམ་གྱི་ཡོད། ཁོ་ཚོས་ང་ཚོར་ཞི་བདེ་དང་། ངལ་གསོ། བག་ཕེབས་ཀྱི་གོ་སྐབས་ཐོབ་ཆེད་རང་བྱུང་ཁམས་ཀྱིས་བསྩལ་བའི་མཚན་མོའི་མུན་པ་ཡང་མཐར་སྐྲོད་བཏང་བ་རེད། ཁ་ཕྱོགས་གང་ལ་འཁོར་ཡང་གློག་སྒྲོན་གྱིས་ཁེངས་འདུག    འདི་ལས་ལྷག་པའིི་གཏོར་བཅོམ་རིང་ལུགས་ཤིག་གང་ན་ཡོད།
    མི་ཞིག་དགུང་གི་སྐར་ཚོགས་དང་རང་བྱུང་ཁོར་ཡུག་གི་འཇིག་རྟེན་ལ་ཁ་ཐག་ཇེ་རིང་དུ་གྱུར་ཚེ། ཁོའི་མི་ཚེའི་ནང་དོན་དམ་གྱི་སྐྱིད་སྣང་ཞིག་ཡོད་མི་སྲིད། འདིའི་བསྟན་དོན་ནི། ཤེས་ཡོན་གྱི་མིག་སྔར་ལྷག་པའི་ལས་འགན་ནི་དེང་སང་གྲོང་ཁྱེར་ཁག་ནང་ཡོད་པའི་མི་ཚེའི་འཚོ་བའི་གོམས་གཤིས་དང་རིན་ཐང་ལྟ་ཚུལ་ཚང་མ་རྩ་བ་ནས་བཅོས་སྒྱུར་བྱ་རྒྱུ་དེ་རེད། བྱ་གཞག་འདི་བསྒྲུབ་རྒྱུ་ནི་མིའི་རིགས་སྤྱི་ལ་རག་ལས་པ་ཞིག་ལས་ཁྱེད་ཚོ་དང་ང་གཅིག་པུ་ལ་རག་ལས་པ་ཞིག་མ་རེད།
    མི་ཚོས་ང་ལ་གྲོང་ཁྱེར་ཁག་གི་ནང་ཤེས་ཡོན་ལམ་ལུགས་ཇི་ལྟ་བུ་ཞིག་འཆར་འགོད་བྱས་ན་འཚམ་པོ་ཡོད་ཚུལ་འདྲི་དུས་སུ། ངས་གྲོང་ཁྱེར་དེ་དག་ཆེས་སྙིང་རྗེ་སྐྱེ་དགོས་པའི་ཡུལ་ཞིག་ཏུ་ཚོར་གྱི་ཡོད། དེ་ནི་མིག་དབང་ཉམས་པའི་ལོང་བ་ཞིག་གི་རྒྱུད་ལ་ཤེས་ཡོན་འཇགས་ཐབས་ཅི་དགེ་འདྲི་བ་དང་གཅིག་མཚུངས་རེད། ལོང་བ་ཞིག་ལ་ཤེས་ཡོན་སྤྲོད་པའི་འཆར་གཞིའི་ནང་ཤེས་ཡོན་སྤྲོད་མཁན་དེས་ངེས་པར་ཏུ་དྲན་དགོས་པ་ནི་ལོང་བ་དེར་ཤེས་ཡོན་སྦྱོང་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཚང་མེད་པ་དེ་རེད། ཡན་ལག་ཞ་བོ་དང། ཁྱིམ་གཞི་མེད་ས། ཀླད་དབང་སྐྱོན་ཅན་རིགས་ཀྱི་ཆེད་སྙིང་རྗེས་ཀུན་ནས་བསླངས་ཏེ་ཤེས་ཡོན་སྤྲོད་ཐབས་ཀྱི་འཆར་གཞི་འཐེན་དགོས་པའང་དེ་བཞིན་རེད། འོན་ཀྱང་ཤེས་ཡོན་སྤྲོད་མཁན་གྱི་ངོས་ནས་འབད་པ་ཅི་ཙམ་བྱས་ཀྱང་ཁོང་ཚོའི་ངོས་ཀྱི་མི་ཚང་བའི་ཆ་རྐྱེན་དེ་རང་འཇགས་ལས་མ་འདས། གྲོང་ཁྱེར་ནང་གི་བྱིས་པ་ཚོ་ཡང་དཀའ་གནད་ཆེན་པོ་ཞིག་ལ་འཕྲད་ཡོད། ཁོ་ཚོ་རང་བྱུང་ཁམས་དང་འབྲེལ་འདྲིས་ཧ་ཅང་ཉུང་། དེར་བརྟེན་ང་ཚོས་དོན་དངོས་ཀྱི་གནད་དོན་འདི་གཞི་རྩར་བཟུང་ནས་འཆར་གཞི་འཐེན་དགོས། ཤེས་ཡོན་གྱི་ཐབས་ལམ་བརྒྱུད་ནས་ཁོ་ཚོ་རང་བྱུང་ཁམས་དང་ཁ་ཐག་ཇེ་ཉེར་གཏོང་ཐབས་ལ་འབད་བརྩོན་གང་ལེགས་བྱ་དགོས། 
    རིག་བྱེད་ཀྱི་གཏམ་རྒྱུད་ནང་དུ་ལྷ་ཆེན་ཨིན་ཌ་རཱ་ཡི་མཚན་ལ་པོ་རཱན་ཌཱ་རཱ་ཟེར་བ་དང་། ཁོང་གིས་གྲོང་ཁྱེར་དག་བཤིག་གཏོར་བྱེད་ཀྱི་ཡོད། ལྕི་སྤུངས་ཆེན་པོ་ཞིག་གི་སྟེང་འབུ་ཚོགས་གྲངས་མེད་འདུ་རུབ་བྱེད་པ་ལྟར། གྲོང་ཁྱེེར་ནང་དུ་དངུལ་གྱི་ཆེད་མི་འབོར་ས་ཡ་མང་པོ་འཚང་ཁ་ཤིག་ཤིག་གིས་གནས་སྡོད་བྱེད་པ་དང་། སྡོད་ཁང་གིས་མ་འདང་བའི་དཀའ་ངལ་གྱིས་ཁང་པ་གཅིག་སྒང་ལ་གཅིག་བརྩེགས་དགོས་པའི་གནས་སུ་གྱར་ཡོད། ཀཱལ་ཀ་ཌཱ་གྲོང་ཁྱེར་ཏུ་ཀ་རུ་ཤ་ཆེ་ཝ་མཆོག་གིས་རྡུལ་ཕྲན་མཚོན་ཆའི་དུས་རབས་འདིའི་ནང་ཁང་རྩེག་ཆེན་པོ་འདི་ཚོ་ནམ་ཞིག་འུ་ཅག་གི་དགྲ་རུ་ལངས་སྲིད་ཅེས་དགོངས་ཚུལ་བཏོན་མྱོང་། རང་རེའི་ཤེས་ཡོན་ནི་ཅི་ཙམ་གྱིས་སྟབས་བདེ་ཞིང་བཅོས་མ་མིན་པའི་མི་ཚེ་སྐྱེལ་སྟངས་དང་འབྲེལ་ཆེ་ན་དེ་ཙམ་གྱིས་ལེགས་པ་ཡོད། དོན་དེ་ང་ཚོའི་དམིགས་ཡུལ་དུ་བཟུང་སྟེ་བཅོས་མའི་མི་ཚེ་སྐྱེལ་སྟངས་འདི་འདོར་ཐབས་བྱ་དགོས།
    ང་ལ་ད་དུང་འུ་ཅག་གིས་”བཅོས་མ་མིན་པའི་མི་ཚེ་སྐྱེལ་སྟངས”འདིའི་གོ་དོན་ཡང་དག་ཞིག་རྟོགས་ཡོད་མེད་ཐད་སྐད་ཆ་འགའ་བཤད་རྒྱུ་ཡོད།  ཚན་རྩལ་ཡར་རྒྱས་ཕྱིན་པ་འདིས་འཛམ་གླིང་ཧྲིལ་པོ་དཀའ་ངལ་གསར་པ་ཞིག་ལ་འཕྲད་བཅུག་ཡོད། མི་རབས་སྔ་མ་ཚོའི་སྐབས་སུ་བྱིས་པ་མང་པོ་ཞིག་ལོ་ན་གསུམ་མ་ལོན་གོང་ནས་གྲོངས་འགྲོ་བཞིན་ཡོད་ལ། དེས་ནི་མི་འབོར་འཕེལ་རྒྱས་ཆེ་དྲགས་པའི་དཀའ་ངལ་ཆུང་དུ་གཏོང་གི་ཡོད། དེང་སང་ཚན་རིག་གི་དྲིན་གྱིས་མི་ཚང་མའི་འཕྲོད་བསྟེན་གྱི་གོ་རྟོགས་ཡར་རྒྱས་ཕྱིན་པ་དང་། བྱིས་པ་ཚོ་དམར་འབྱར་སྐབས་ནས་གྲོངས་འགྲོ་བའི་གནད་དོན་སེལ་ཐབས་བྱུང་བས་མང་ཆེ་བ་བདེ་ཐང་ངང་འཚར་ལོངས་ཡག་པོ་ཡོང་གི་ཡོད། དེའི་རྗེས་འབྲས་སུ་འཛམ་གླིང་ནང་མི་འབོར་མང་དྲགས་པའི་དཀའ་ངལ་ཆེན་པོ་འབྱུང་གི་ཡོད། ངའི་བསམ་པར་དཀའ་ངལ་འདི་སེལ་ཐབས་ཡག་ཤོས་ནི་རང་བྱུང་ཁམས་དང་མཛའ་འབྲེལ་དམ་ཟབ་བྱས་པ་ལས་ཡོང་གི་རེད་སྙམ་གྱི་ཡོད། མི་ཞིག་གིས་བཅོས་མ་མིན་པའི་མི་ཚེ་ཞིག་བསྐྱལ་བ་ན། ཁོ་ལ་བཅོས་མ་མིན་པའི་འཚོ་བ་དེ་ལས་ཧ་ཅང་འདོད་བློ་ཁེངས་ཤིང་སྤྲོ་སྣང་ཆེན་པོ་ཐོབ་ཐུབ་ལ། ཁོ་ལ་བཅོས་མའི་འཚོ་བ་ལས་ཐོབ་པའི་གནས་སྐབས་ཀྱི་བདེ་བ་དང་མཁོ་བ་གཞན་གང་ཡང་དགོས་དོན་མེད། འདི་ནི་ངས་རང་ཉིད་ཀྱི་མྱོང་བའི་ཐོག་ནས་བཤད་ཀྱི་ཡོད། གསུང་རབ་ཀྱི་དཔེ་ཆ་མང་པོ་ཀློག་པ་དང་སྐྱེས་བུ་དམ་པ་མང་པོ་བསྟེན་པ་དེས་བདག་འཛིན་གྱི་བློ་གཅུན་པར་ཕན་ཆེན་པོ་ཐོགས་ངེས། འོན་ཀྱང་བཅོས་མ་མིན་པའི་མི་ཚེ་ཞིག་སྐྱེལ་བར་ཕྱི་རོལ་ཡུལ་གྱི་མཁའ་དབུགས་དྭངས་མོར་རོལ་བའམ། དམར་ཧྲེང་དུ་ཉི་འོད་ལ་ལྡེ་བཞིན་ངལ་རྩོལ་བྱེད་པ་ནི་དེ་ལས་ཀྱང་ཕན་རླབས་ཆེ་བ་ཞིག་ཏུ་མཐོང་།
    རང་དབང་གི་འཚོ་བའི་སྤྲོ་སྣང་འདི་ལས་ལྷག་པའི་སྤྲོ་སྣང་གཞན་ཞིག་ཡོད་མི་སྲིད། ལེགས་སྦྱར་སྐད་ཀྱི་ནང་དུ་སྨྲ་བསམ་བརྗོད་འདས་ཀྱི་སྤྲོ་སྣང་འདིའི་དོན་མཚོན་པའི་ཐ་སྙད་ཅིག་ཡོད། དེ་ཁྱེད་ཚོ་ཚང་མས་ཤེས་ཀྱི་ཡོད་ཚོད་རེད། དེ་ནི་སུ་ཁཱ་Sukhaཞེས་པའི་ཐ་སྙད་འདི་རེད། སྐྱེ་བོ་ཚང་མས་བདེ་སྐྱིད་དང་ཆོག་ཤེས་ཀྱི་སུ་ཁཱ་འདི་ལ་རེ་སྨོན་བྱེད་ཀྱི་ཡོད། ལེགས་སྦྱར་སྐད་ཀྱི་ནང་དུ་ཐོག་མར་སུ་ཁཱ་ཞེས་པའི་ཐ་སྙད་འདིའི་གོ་དོན་ནི་”རྒྱ་ཆེ་ཞིང་མུ་མཐའ་མེད་པའི་ནམ་མཁའ”ལ་གོ་བ་རེད། ཁཱ་ཞེས་པ་ནི་གཙོ་བོ་སྟེ་ནམ་མཁའ་ལ་གོ་ཞིང། བདེ་སྐྱིད་ནི་གནམ་འོག་ནས་ཐོབ་པའི་དོན་ཡིན། བཅོས་མའི་མི་ཚེ་སྐྱེལ་ས་དང་གནམ་གྱི་གཞི་ཁྱོན་དོག་མོར་བཅོས་པའི་ཡུལ་ཞིག་ནས་སུ་ཁཱ་འཐོབ་རྒྱུ་དཀའ་མོ་རེད། གྲོང་ཁྱེར་མོམ་བྷེ་རུ་སྒེའུ་ཁུང་གཅིག་ཅན་གྱི་ཁང་པ་ཞིག་ལ་ཁང་གླ་ཧིན་སྒོར་ལྔ་བཅུ་རེད། འོན་ཀྱང་སྒེའུ་ཁུང་གཉིས་ཅན་གྱི་ཁང་པ་ཞིག་ལ་ཁང་གླ་ཧིན་སྒོར་བརྒྱ་རེད། སྒེའུ་ཁུང་གཉིས་ཡོད་ན་མཁའ་དབུགས་གཙང་དུ་ཡོང་བའི་རྒྱུ་མཚན་གྱིས་ཡིན་ལ། མཁའ་དབུགས་གཙང་མ་ནི་རིན་ཐང་ཧ་ཅང་ཆེ་བའི་དངོས་པོ་ཞིག་ཡིན་པ་ཚང་མར་གསལ་ཆ་ཡོད། དེས་ན་ཕྱི་རོལ་ཏུ་སོང་སྟེ་རང་ཉིད་རང་བྱུང་ཁམས་ཀྱི་འཇིག་རྟེན་དང་ངོ་བོ་གཅིག་ཏུ་འདྲིས་ཐབས་བྱོས་དང་། ཁྱེད་ལ་གནམ་འོག་ནས་བདེ་སྐྱིད་དང་དོན་དམ་གྱི་དངོས་གྲུབ་ཐོབ་ངེས། མིའི་རིགས་ལ་དོན་དམ་གྱི་བདེ་སྐྱིད་ཅིག་རེག་དགོས་ན། རང་བྱུང་ཁམས་དང་ལྷན་ཏུ་ཞི་བདེ་བག་ཕེབས་ཀྱི་འཚོ་བ་སྟབས་བདེ་ཞིག་སྐྱེལ་རྒྱུ་དེ་གལ་ཆེན་པོ་རེད། ལམ་སྣ་ཁྲིད་དེ་ང་ཚོར་བསྐྱར་དུ་བདེ་སྐྱིད་ཐོབ་པར་མཛུབ་སྟོན་བྱ་རྒྱུ་ནི་ཤེས་ཡོན་གྱི་ལས་འགན་རེད།
    (རྒྱ་གར་འཕགས་ཡུལ་གྱི་དྲན་དབང་ཝི་ནོ་བྷཱ་མཆོག་གིས་ཤེས་ཡོན་སྐོར་ལ་གནང་བའི་བཀའ་སློབ་ཅིག)

མདུན་ཤོག