སྒྲོལ་མ་འབུམ། 

  དེ་ཡང་སློབ་མའི་རྩོམ་འབྲིའི་ནུས་པ་མཐོ་རུ་འདེགས་རྒྱུ་ནི་སྐད་ཡིག་སློབ་ཁྲིད་ཀྱི་ཆེས་རྩ་བའི་དམིགས་ཡུལ་ཡིན་པས། ང་ཚོས་ངེས་པར་དུ་སློབ་ཆུང་ནས་རྩོམ་འབྲིའི་རྨང་གགྷི་རིགསེགས་པོ་ཞིག་འདིང་དགོས།

གཅིག མང་ཀློག་ནི་རྩོམ་པ་ལ་འཇུག་པའི་སྒོ་མོ་དང་པོར་ངེས།

    ན་ཆུང་སློབ་མར་རྩོམ་འབྲིའི་ཤེས་བྱ་སློབ་ཁྲིད་མ་བྱས་པའི་སྔོན་ལ་སློབ་མ་ཚོར་འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་ཚགས་པར་དང་དུས་དེབ། སློབ་དེབ་སོགས་ལས་རྩོམ་ཡིག་ལེགས་ཤོས་འགའ་བདམས་ནས་ཁོ་ཚོར་མང་ཙམ་ཀློག་ཏུ་འཇུག་དགོས། དེ་ལྟར་བྱས་ན་གཅིག་ནས་རྩོམ་གྱི་འབྲི་ཚུལ་ཕལ་ཆེ་བ་ཡིད་ལ་ངེས་ཐུབ་པ་དང་གཉིས་ནས་མིང་དང་ཐ་སྙད་ཇེ་ཕྱུག་ཏུ་འགྲོ་བ་དང་དེ་དག་གི་བཀོལ་ཚུལ་ལ་ངེས་ཤེས་ཅུང་ཙམ་སྐྱེས་ཐུབ། རྗེས་སོར་དགེ་རྒན་གྱིས་སློབ་མ་ཚོས་བཀླགས་པའི་རྩོམ་ཡིག་ལས་ཁོ་ཚོས་རྟོགས་ཐུབ་པའི་གནད་དོན་འགའ་འདྲི་གཞིར་འཕངས་ན་སློབ་མས་མང་ཀློག་བྱས་པའི་རྨང་གཞིའི་སྟེང་ནས་ལན་འདེབས་དགོས་པས། ཁོ་ཚོའི་ངོས་འཛིན་གྱི་ཡུལ་ཁམས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་འགྲོ་ཐུབ་ངེས་རེད། ད་དུང་མང་ཙམ་བཀླགས་པའི་རྩོམ་ཡིག་དེ་དག་གི་མི་སྣའམ་དུས་ཚོད། བྱ་བ། ས་ཆ་བཅས་ཀྱི་ནང་དོན་གང་རུང་ཞིག་བརྗེ་སྟེ་ལད་ཟློས་ཀྱིས་འབྲི་རུ་བཅུག་ན་ད་གཟོད་རྩོམ་གྱི་འགྲོ་ལུགས་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པ་དང་སློབ་མས་ཅི་ཞིག་འབྲི་དགོས་པ་དང་ཇི་ལྟར་འབྲི་དགོས་སྙམ་པའི་དོན་དངོས་ཀྱི་དཀའ་ཁག་དེ་སེལ་ཐུབ་པ་རེད། དེ་བས། སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་མང་ཀློག་བྱེད་རྒྱུ་ནི་རྩོམ་པ་ལ་ཐོག་མར་འཇུག་པའི་ལས་དང་པོ་བར་ཉེ་བར་མཁོ་བའི་ཐབས་ལམ་ཞིག་ཡིན་པར་སྙམ།

གཉིས། འཚོ་བར་ལྟ་ཞིབ་བྱེད་པ་ནི་རྩོམ་འབྲིའི་རྒྱུ་ཆ་འཚོལ་སྡུད་བྱེད་པའི་ཐབས་ལམ་གཙོ་བོ་ལགས།

    སློབ་ཆུང་སློབ་མས་རྩོམ་ཡིག་འབྲི་སྐབས་ཕལ་ཆེ་བ་རང་ཉིད་ཀྱི་འཚོ་བའི་ཁོར་ཡུག་སྟེ་ཁྱིམ་ཚང་དང་སློབ་གྲྭ་ལས་འབྲལ་མི་ཐུབ་པས། རྩོམ་འབྲི་བར་ཕུན་སུམ་ཚོགས་པའི་རྒྱུ་ཆ་འཚོལ་སྡུད་བྱེད་པར་དགེ་རྒན་གྱིིས་དོན་དངོས་ཀྱི་དཔེ་དྲངས་ཏེ་སློབ་མས་འཚོ་བར་ལྟ་ཞིབ་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་དགོས། སློབ་མ་རྣམས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་འབྲེལ་གཏུག་བྱེད་དུ་བཅུག་སྟེ་བྱ་དངོས་ཀྱི་འབྲེལ་བ་དང་ཁྱད་པར། ངོ་བོ་སོགས་ལ་ནན་ཏན་གྱིས་བསམ་གཞིགས་དང་དབྱེ་ཞིབ་བྱས་ཚེ་རྩོམ་འབྲིའི་རྒྱུ་ཆ་གང་མང་ཞིག་གསོག་ཐུབ་ལ་བསམ་གཞིགས་ཀྱི་ནུས་པའང་ངང་ངམ་ཤུགས་ཀྱིས་མཐོ་རུ་འདེགས་ངེས་པ་དང། བྱ་དངོས་དེ་དག་གི་གཟུགས་བརྙན་ཀླད་པའི་ནང་ཆ་ཚང་ཞིང་གཏིང་ཟབ་པ་ཞིག་འཇོག་ཐུབ་པས། དེ་དང་འབྲེལ་ཏེ་བྲིས་པའི་རྩོམ་ཡིག་ཀྱང་གསོན་ཉམས་ལྡན་པ་ཞིག་ཡོང་ཐུབ་ཀྱི་རེད། དཔེར་ན། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་ཀྱི་ཁྱད་པར། སེམས་མེད་དངོས་པོ་སྡོང་པོ་ལ་སོགས་པའི་ཁྱད་ཆོས། དུས་ཚིགས་མི་འདྲ་བའི་ཡུལ་ལྗོངས་ཀྱི་རྣམ་པ། མི་སྣའི་སྤྱོད་སྟངས་དང་ཆ་ལུགས། དགའ་བ་དང་སྐྱོ་བའི་ཉམས་འགྱུར་སོགས་ལ་མནོ་བསམ་གཏོང་བ་དང་ལྟ་ཞིབ་བྱས་ཚེ་བྱ་བ་དེ་བྱུང་བའི་དུས་ཚོད་དང་ས་ཆ། མི་སྣ། རྒྱུ་རྐྱེན། གོ་རིམ་བཅས་ལའང་གོང་གི་བྱ་སྤྱོད་དེ་དག་དང་འབྲེལ་ཏེ་བསམ་གཞིགས་བྱེད་ངེས་རེད། སློབ་མའི་བསམ་གཞིགས་ཀྱི་ནུས་པ་དང་ལྟ་ཞིབ་ཀྱི་ནུས་རྩལ་ཆུ་ཚད་ངེས་ཅན་ཞིག་ལ་བསླེབས་རྗེས། སྨྱུ་གུ་ཐེག་པ་ཙམ་གྱིས་རྩོམ་འབྲིའི་རྒྱུ་ཆས་དབུལ་བའི་རྣམ་པ་དེ་འདོར་ཐུབ་པར་འདོད།

གསུམ། རྩོམ་འབྲིའི་དགའ་སྣང་སྐྱེད་སྲིང་བ་ནི་སྐད་ཡིག་སློབ་ཁྲིད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན།

    མི་གང་ཞིག་གིས་བྱ་བ་གང་ཞིག་བསྒྲུབས་པའི་འབྲས་བུའི་བཟང་ངན་ནི་སྒྲུབ་མཁན་གྱི་དགའ་སྣང་ལ་ཐད་ཀར་རག་ལས། བྱ་བ་དེ་བསྒྲུབ་པར་དགའ་སྣང་ཡོད་ཚེ་མགོ་ནས་མཇུག་བར་བརྩོན་ཞིབ་གང་ལེགས་བྱས་ཏེ་སྤྲོ་སྐྱིད་དུ་བརྩི་ངེས་ཡིན་པས། དེའི་འབྲས་བུའང་ལེགས་ཤོས་ཤིག་ཡིན་པར་གདོན་མི་ཟ། གལ་ཏེ་བྱ་བ་དེ་བསྒྲུབ་པར་དགའ་སྣང་མེད་ཚེ་བྱ་བ་དེ་ངལ་དུབ་དང་ཁུར་པོ་ཞིག་ཏུ་བརྩིས་ནས་སླ་བཅོས་བྱེད་ངེས་ཡིན་པས་འབྲས་བུའང་མི་ལེགས་པ་རིགས་པས་བསྒྲུབ་ཐུབ།
    འོ་ན་སློབ་ཆུང་སློབ་མའི་རྩོམ་འབྲིའི་དགའ་སྣང་ཇི་ལྟར་སྐྱེད་བསྲིང་དགོས་ཤེ་ན། དེ་ནི་དགེ་རྒན་གྱི་རྩོམ་འབྲིའི་སློབ་ཁྲིད་ཀྱི་བཟང་ངན་ལ་རག་ལས་པ་ལས་གཞན། གཙོ་བོ་སློབ་ཆུང་སློབ་མའི་སེམས་ཁམས་རྟོགས་དགོས། རྩེད་མོར་གཡེང་བར་སྤྲོ་བ་ནི་སློབ་ཆུང་སློབ་མའི་རང་གཤིས་ཡིན་པས་རྩོམ་ཡིག་འབྲི་རྒྱུ་དེ་འགན་ཁུར་རམ་སུན་སྣང་ཞིག་ཏུ་བརྩིས་ཏེ་སླ་བཅོས་བྱེད་སྲིད་པས་དགེ་རྒན་རྣམ་པས་ངེས་པར་དུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་བྱིས་པའི་སུན་སྣང་གི་བསམ་པ་དེ་སེལ་ཅི་ཐུབ་བྱེད་དགོས། དེ་ཡང་བྱིས་པའི་སེམས་ཁམས་ཀྱི་ཁྱད་རྟགས་དང་བསྟུན་ཏེ་ཁོ་ཚོའི་ཐུན་མོང་མ་ཡིན་པའི་དགའ་སྣང་གི་བྱ་འགུལ་དེ་རྩོམ་ཡིག་འབྲི་བའི་སྦྱོང་བརྡར་གྱི་སྟེང་དུ་འཁོར་བར་བྱེད་པ་དང། ཁོ་ཚོས་བྲིས་པའི་རྩོམ་ཡིག་ལས་ལེགས་པའི་ཆ་བདམས་ཏེ་གཟེངས་བསྟོད་དང་སྐུལ་ལྕག་གཏོང་དགོས། ད་དུང་རྩོམ་འབྲིའི་འགྲན་ཚོགས་ལ་སོགས་པའི་བྱ་འགུལ་ཆུང་ཆུང་སྤེལ་ཏེ། བྱ་དགའ་དང་གཟེངས་བསྟོད་ཀྱི་བྱེད་ཐབས་ཀྱིས་ཁོ་ཚོའི་འགྲན་རྩོད་ཀྱི་བསམ་པར་ཡར་སྐུལ་བྱས་ཚེ། ད་གཟོད་རང་མོས་ཀྱིས་རྩོམ་ཡིག་འབྲི་བའི་འདུན་པ་ཆེ་རུ་བསྐྱེད་སྲིད་ལ། དུས་མཚུངས་སུ་རང་རྟོགས་ཀྱི་རང་བཞིན་དང་ཧུར་བརྩོན་གྱི་རང་བཞིན་ལའང་འགྱུར་ལྡོག་འབྱུང་ཐུབ་པར་སྙམ།

བཞི། ཉིན་ཐོ་འབྲི་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་རྩོམ་གྱི་མཚོ་མོ་བསྐྱིལ་བའི་ཆུ་ཐིགས་སུ་ངེས།

    ལོ་ཆུང་སློབ་བུས་ཐོག་མ་ཉིད་ནས་རྩོམ་ལེགས་པོ་ཞིག་འབྲི་རྒྱུར་བརྗོད་བྱ་དང། རྗོད་བྱེད་གཉིས་ཀྱི་ཆ་ནས་དཀའ་ཁག་ཧ་ཅང་ཆེ་བས། ཉིན་ཐོ་འབྲི་བའི་རྩོམ་ཚུལ་གྱིས་རིམ་བཞིན་དཀའ་ཁག་འདི་སེལ་ཅི་ཐུབ་བྱེད་དགོས། སློབ་ཆུང་སློབ་མར་ཉིན་ཐོ་འབྲི་ཚུལ་ལེགས་པར་བསླབས་ཏེ་ཉིན་ཐོ་འབྲི་བའི་གོམས་གཤིས་ཆགས་སུ་བཅུག་ཚེ། མཐོང་ཐོས་སུ་གྱུར་པའི་བྱ་དངོས་དག་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་མཁས་ལ་དེ་དག་ཟིན་བྲིས་སུ་འགོད་པར་སྐད་ཆའི་སྒྱུ་རྩལ་སྟེང་རིམ་གྱིས་སྦྱོང་བརྡར་ཐོབ་ངེས་རེད། ད་དུང་ཉིན་ཐོ་རྒྱུན་མི་ཆད་པར་ནན་ཏན་དང་ཞིབ་ཏུ་བྲིས་ན། རང་ཉིད་ཀྱི་རྩོམ་རིག་གི་སྐད་ཆར་བྱང་ཆ་ཐོན་ཐུབ་ལ་མཐོང་ཐོས་སུ་གྱུར་བའི་ཉིན་རྒྱུན་འཚོ་བའི་དོན་གནད་འཛིན་ཐུབ་པ་རེད། ཉིན་ཐོ་ནི་ཆེས་སླ་བའི་རྩོམ་ཐུང་འབྲི་ཚུལ་ཞིག་ཡིན་མོད། དེ་ལའང་རྩོམ་གྱི་གྲུབ་ཆ་ཡོད་ཚད་ཚང་དགོས་པས། ཉིན་ཐོ་འབྲི་བ་རྒྱུན་འཁྱོངས་བྱས་ན། རྩོམ་རྩལ་སྐྱེད་བསྲིང་བར་ཕན་པ་ཡོད། དེ་བས་ཉིན་ཐོ་རྒྱུན་མི་ཆད་པར་འབྲི་བ་དེ་རྩོམ་རྩལ་སྦྱོང་བའི་ཐབས་ལམ་ཕུལ་དུ་བྱུང་བ་ཞིག་ཡིན་པར་གནའ་དེང་གི་རྩོམ་རིག་མཁས་ཅན་མང་པོས་ཚད་མཐོན་པོས་གདེང་འཇོག་བྱས་ཡོད་པས་སོ། །

ལྔ། དམིགས་འབེན་གྱི་རང་བཞིན་མེད་པའི་རྩོམ་འབྲིའི་སློབ་ཁྲིད་དེ་ངལ་བ་འབྲས་མེད་དུ་འདོད།

    སློབ་ཆུང་གི་དུས་སྐབས་སུ་རྩོམ་པའི་ལམ་བུ་ལ་ཐོག་མར་འཇུག་དགོས་ཕྱིར། ངེས་པར་དུ་གོམ་སྟབས་རེ་རེ་བཞིན་རྩོམ་གྱི་ལམ་བུར་བགྲོད་དགོས། འོན་ཀྱང། ད་ལྟ་སློབ་ཆུང་མང་ཆེ་ཤོས་སུ་རྩོམ་འབྲིའི་སློབ་ཁྲིད་ལ་འཆར་གཞི་མེད་པ་དང་དམིགས་འབེན་གྱི་རང་བཞིན་མེད་པ། གོ་རིམ་མེད་པ། སློབ་མའི་རྩོམ་འབྲིའི་དགའ་སྣང་ལ་དོ་སྣང་མི་བྱེད་པ་ལ་སོགས་པའི་གནད་དོན་མི་ཉུང་བ་ཞིག་གནས་འདུག དེ་ནི་དགེ་རྒན་གྱིས་རྩོམ་འབྲིའི་སློབ་ཁྲིད་གནང་སྐབས་ཅི་ཞིག་འབྲི་དགོས་པ་དང་ཇི་ལྟར་འབྲི་དགོས་པ་ལ་སོགས་པའི་བྱེ་བྲག་གི་ནང་དོན་ལ་དམིགས་སའི་རང་བཞིན་མེད་ལ། སློབ་ཆུང་གི་ལོ་རིམ་གང་དུ་རྩོམ་འབྲིའི་ཆུ་ཚད་གང་འདྲ་ཞིག་ལ་བསླེབས་པའི་འཆར་གཞིའང་མེད་པར་རྩོམ་ཡིག་གི་ཁ་བྱང་དང་ཡི་གེའི་མང་ཉུང་གཏན་ཁེལ་བྱས་ཏེ་རྩོམ་གྱི་ལས་བྱ་འགོད་པ་ལས། རྩོམ་ཡིག་གང་འདྲ་ཞིག་གིས་སློབ་མར་སུན་སྣང་སྐྱེས་སུ་འཇུག་པ་དང་རྩོམ་ཡིག་གང་འདྲ་ཞིག་གིས་སློབ་མའི་དགའ་སྣང་བསྐྱེད་པར་བསམ་གཞིགས་མི་གཏོང་བས། སློབ་མའི་བློ་ངོར་རྩོམ་ཡིག་ཅེས་པ་འདིའི་མཚན་ཉིད་ཆ་ཚང་བ་ཞིག་འཇོག་ཐབས་བྲལ་བ་རེད། ཚད་ལྡན་མིན་པའི་རྩོམ་འབྲིའི་སློབ་ཁྲིད་དེ་མ་དག་རྒྱུན་འབྱམས་སུ་གྱུར་ཚེ། སློབ་མས་བརྗོད་བྱའི་སྙིང་པོ་འཛིན་མི་ཐུབ་ལ། རྩོམ་གྱི་ངོ་བོ་རྟོགས་མི་ཐུབ་པ། སྐད་ཆའི་སྒྱུ་རྩལ་གྱི་རང་བཞིན་ལ་དོ་སྣང་མི་བྱེད་པ། རྩོམ་ཡིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་རྣམས་དགོས་མེད་དུ་བརྩི་བ་བཅས་བྱས་ཏེ། གང་བྱུང་དུ་བྲིས་པའི་ཚིག་མང་ཙམ་ཞིག་ལ་རྩོམ་ཡིག་ཏུ་འབོད་པའི་ནོར་འཁྲུལ་གྱི་བློ་དེ་སྐྱེས་སྲིད་པ་རེད།
    མདོར་ན། སློབ་ཆུང་སློབ་མའི་རྩོམ་འབྲིའི་སློབ་ཁྲིད་ལ་ཤུགས་བསྣན་ཏེ། ནུས་ལྡན་གྱི་བྱེད་ཐབས་སྣ་མང་སྤྱོད་པ་དང་ཉམས་མྱོང་གི་ལེགས་པའི་ཆ་བརྗེ་རེས་བྱེད་རྒྱུ་ནི་སློབ་གསོའི་འཐབ་ཕྱོགས་སྟེང་གི་རྒྱ་ཆེའི་དགེ་རྒན་རྣམ་པས་འདོར་མི་རུང་བའི་ལས་འགན་ཞིག་ཏུ་འཁུམས། །

མདུན་ཤོག