(དེབ་གོང་མའི་འཕྲོ) བེ་རི་འཇིགས་མེད་དབང་རྒྱལ།
ལྔ་པ་སྲོལ་རྒྱུན་གྱི་སྒྱུ་རྩལ་ཚིག་ལྷུག་ནི། སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པའི་སྲོལ་རྒྱུན་གྱི་ཚིག་ལྷུག་སྟེ། དཔེར་ན། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལས། དེ་ཡང་སྔོན་བྱུང་བ་འདས་པའི་དུས་ན། རྒྱ་གར་འཕགས་པའི་ཡུལ་ནས་བྱང་ཕྱོགས་སུ་ས་འཛིན་གྱི་འཕྲེང་བ་རིམ་པ་འགའ་ཞིག་འདས་པའི་ས་ན་ཀུན་དགའི་ཚལ་ཞེས་བྱ་བའི་ཡུལ་ཁམས་སུ། གྲོང་ཁྱེར་ཆེན་པོ་པད་མ་རྒྱས་པ་ཞེས་པ་ཀུན་གསལ་གྱི་ལམ་དུ་རྒྱུ་སྐར་འཕྲེང་བས་མཛེས་པར་བྱས་པ་ལྟ་བུ་མངོན་པར་བཀྲ་བ། ནོར་དང་སྐྱེ་བོས་ཡོངས་སུ་གང་བས་ཁོ་ར་ཁོར་ཡུག་ཏུ་དཀྲིགས་པའི་དབུས་སུ་རྒྱུ་སྐར་གྱི་རྒྱལ་པོ་ཆ་ཤས་ཡོངས་སུ་རྫོགས་པའི་དགེ་མཚན་དངོམས་པ་ལ་དོ་ཟླར་ཆས་པ། འཆི་མེད་བདག་པོའི་མདུན་ས་ནོར་འཛིན་དཔལ་མོའི་རྒྱན་དུ་བྱིན་པ་དང་ཀུན་ནས་འདྲ་བའི་ཕོ་བྲང་མཐོ་ཞིང་ཡངས་པ་ལྟ་བས་ཆོག་མི་ཤེས་པ་ཡང་དག་པར་སྦྱངས་པའི་ས་ལེ་སྦྲམ་གྱི་རྒྱ་ཕིབས་དང༌། མདའ་ཡབ་དང༌། བྱ་འདབ་འོད་སྟོང་འབར་བས་ཕྱོགས་ཀྱི་འཁོར་ལོ་འགེངས་པ། གདུགས་དང་རྒྱལ་མཚན་དང༌། བ་དན་གྱི་ལྷབ་ལྷུབ་གཡོ་བ་ལས་དཔྱངས་པའི་གཡེར་དྲིལ་གྱི་སྒྲ་དབྱངས་ཀྱིས་རྣ་བ་བདུད་རྩིའི་བང་མཛོད་དུ་བྱེད་པ། དེའི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྐྱེད་མོས་ཚལ་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད་པ་ལ་ནི་ལྗོན་ཤིང་གི་རིམ་པ་སཱ་ལ་དང༌། སཱ་ལ་ཤཱ་དང༌། མྱ་ངན་མེད་མཆོག ནྱ་གྲོ་རྟ་དང༌། གཞན་ཡང་འབྲས་ལྡན་ལྗོན་པ་དང༌། འཁྲི་ཤིང་གི་རྭ་བ་ཚར་དུ་དངར་བ་ཆོས་བཟང་ལྷའི་དགའ་ཚལ་ཟོལ་ལ་འགོད་པ། ཉེ་བར་གནས་པའི་འདབ་ཆགས་ཀ་ལ་པིང་ཀ་ལ་སོགས་པ་གྲེ་འགྱུར་སྙན་དབྱངས་ཀྱི་རོལ་མོ་བར་མེད་དུ་འཁྲོལ་བ། ལྗོངས་རྣམས་ནེའུ་གསིང་རྣམ་པར་རྒྱས་པས་ཡོངས་སུ་ཁེབས་པ། ནེ་ཙོའི་འདབ་གཤོག་བརྐྱངས་པ་ལྟ་བུ་ལ་སྣ་ཚོགས་པའི་ཁ་དོག་གི་བྱེ་བྲག་རྣམ་པར་བཀྲ་བའི་མེ་ཏོག་གི་ཚོམ་བུ་ཆེད་དུ་བཀོད་པ་ལྟ་བུས་མཛེས་པ། གཞན་ཡང་ཁྲུས་ཀྱི་རྫིང་བུ་དང༌། མཚོ་དང་མཚེའུ་ལ་སོགས་པ་ཡན་ལག་བརྒྱད་ཀྱི་ཡོན་ཏན་གྱིས་སྤ་བ་དག་ཀྱང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་མཆིས་པ་ལ་སྐྱེས་པ་དར་ལ་བབས་པ་དང༌། བུ་མོ་གཞོན་ནུ་མ་རྣམས་ཁྲུས་དང་རྩེད་འཇོར་རོལ་བ་ལ་སོགས་པ་འདོད་པའི་ཡོན་ཏན་གྱི་རྩེ་དགའ་ལ་ལོངས་སུ་སྤྱོད་པས་མཛེས་པར་བྱས་པ། སྲིད་པའི་རྒྱན་ཞེས་གྲགས་དཀར་གྱི་བ་དན་རིང་ནས་རིང་དུ་སྐྱོང་བ་དེ་ན། ཆོས་བཞིན་དུ་སྤྱོད་པའི་སའི་འབྱོར་ཕྱུག་ཆེན་པོ་རྒྱལ་པོ་ཉི་མའི་བློ་གྲོས་ཞེས་བྱ་བ་སློང་བ་པོའི་གདུང་བ་འཕྲོག་ཅིང་དགོས་འདོད་ཀྱི་འབྲས་བུ་འབད་མེད་དུ་སྟེར་བ་དཔག་བསམ་དབང་པོའི་མཚན་ཉིད་དང་མཚུངས་པ་གྲགས་པའི་མེ་ཏོག་དང་བསོད་ནམས་ཀྱི་དྲི་བཟང་རྒྱས་པས་རྣམ་པར་མཛེས་པ་ཞིག་བྱུང་བར་གྱུར་ཏོ། །ཞེས་པ་ལྟ་བུས་མཚོན་ནུས་སྙམ།
དྲུག་པ་དེང་རབས་ཚིག་ལྷུག་སྙན་ཚིག་ནི། ཚིག་སྦྱོར་གྱི་བཀོད་སྒྲིག་སྲོལ་རྒྱུན་ནམ་གནའ་རྩོམ་དང་ཁོག་འདྲ་བར་བརྗོད་གཞིའི་བཀོད་སྒྲིག་ལ་དེང་རབས་ཀྱི་གསོན་ཉམས་ལྡན་པའི་ཚིག་ལྷུག་སྟེ། དཔེར་ན་ཕྲན་གྱིས་བྲིས་པའི་《འཇའ་ཚོན་》ཞེས་པའི་ལྷུག་རྩོམ་དུ།
དབྱར་སྐྱེས་ཀྱི་རྔ་བསང་དལ་བུར་ལྡིང་ཞིང་སྤྲིན་གྱི་མེ་ཏོག་ཟིལ་ཟིལ་དུ་འཇོ་བ་ལས། ཆུ་འཛིན་གྱི་ཕོན་པོ་རྣམས་གླང་པོའི་འགྲོས་ལྟར་ཕན་ཚུན་དལ་བུར་རྒྱུ་བའི་གསེབ་ནས་ཉིན་བྱེད་ཀྱི་འོད་མདངས་དང་འཐབ་པ་ལས། བཻཌཱུརྱའི་མེ་ལོང་གཡའ་དག་པ་ལྟར་དྭངས་ཤིང་གསལ་བའི་ནམ་མཁའི་དབྱིངས་སུ། ཁ་དོག་སྣ་ལྔ་འདུས་པའི་རི་མོ་ཡིད་དུ་འོང་བ་ཞིག་ཤར་འོང༌། ང་རང་ཆུང་བྱིས་པའི་སྐབས་སུ་ཡིད་དུ་འོང་བའི་རི་མོའི་འོད་ཞགས་རིང་མོ་དེ་ལ་འཇུས་ནས། ཨ་མེས་དང་ཡང་མེས་ཚོའི་ཞལ་སྒོ་ནས་ཐོན་པའི་ལྷ་ཡུལ་དང༌། བདེ་བ་ཅན་གྱི་ཞིང་ཁམས་ལ་འགྲོ་བར་འདོད་མྱོང་ལ། ཉི་མ་དང་ཟླ་བ། རྒྱ་གར་དང་རྒྱ་ནག་སོགས། ནམ་མཁའི་དབྱིངས་ནས་བལྟ་བར་འདོད་ནས། བྲག་འཕྲང་དང་ཆུ་འཕྲང་ལ་མ་འཛེམས་པར་ཐེངས་མང་པོར་བརྒྱུགས་མྱོང༌། འོན་ཀྱང་ཁ་དོག་སྣ་ལྔ་འདུས་པའི་འོད་ཞགས་གུག་པོ་དེའི་མདུན་དུ་སླེབས་མ་མྱོང་ལ། ལག་པས་རེག་ས་ནི་དེ་བས་ཐོབ་མ་མྱོང༌། དུས་ཕྱིས་ང་རང་ཆེན་པོར་གྱུར་དུས། དེ་ནི་ཉི་འོད་དང་ཆར་རྒྱུན་འཐབ་པའི་རྟེན་འབྲེལ་ལས་གྲུབ་ཅིང་མིག་ལམ་དུ་མཛེས་པ་མ་གཏོགས། ལག་ཏུ་རེག་རྒྱུ་མེད་པའི་འཇའ་ཚོན་ཡིན་པ་ད་གཟོད་ར་འཕྲོད་བྱུང༌། (《རྩམ་པ་》དུས་དེབ་ཐོག་བཀོད།) ཞེས་པ་འདི་ལྟ་བུར་མཚོན་ན་ཚིག་སྦྱོར་གྱི་འགྲོས་གནའ་སྲོལ་དང་ཁད་ཉེ་ཡང༌། བརྗོད་གཞིའི་ཆ་ནས་དུས་རབས་ཀྱི་དོན་བརྗོད་སྙན་ངག་གི་མཚན་གཞིར་རུང་བ་ཙམ་དུ་སེམས་ཏེ། འགྲེལ་བཤད་ངག་ཐོག་ནས་ཞུ་ཆོག
ཚིག་སྦྱོར་གྱི་ཐོག་ནས་དུས་རབས་ཚིག་ལྷུག་གི་དཔེ་མཚོན་ཙམ་བཀོད་ན། <<གུང་ཐང་རྗེས་དྲན་བྱང་ཆུབ་མཆོད་པའི་མེ་ཏོག་>>ཐོག་བཀོད་པའི་ཕྲན་གྱི་རྩོམ་ཡིག
ཤར་མཐའི་རྡོ་རིང༌།
(གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་ལ་ཕུལ་བའི་རྗེས་དྲན)
ལོ་དེར་ཆེས་ཐོག་མའི་མིག་འོད་དང་ངུ་སྒྲས་སྟོང་སངས་ཀྱི་ནམ་མཁའ་ཚལ་བར་གཤགས་ཏེ་ཁྱོད་ཀྱི་རྣམ་ཤེས་སེར་པོས་གཟུགས་མེད་ཀྱི་ཐེམ་པ་བརྒལ་ནས་མི་ཡུལ་གྱི་ཞིང་ཁམས་ཉུལ།
གསེར་མདོག་གི་ཞིང་ཁམས་དེའི་སེང་ཁྲི་ལ་ཞབས་ཟུང་གི་རི་མོ་བཀོད་ཅིང་གསེར་མདོག་གི་པཎ་ཞྭའི་གཟི་མདངས་ཀྱི་འོད་སྣང་ལྷམ་མེར་སྦར།
སྤྲིན་ནག་དང་སྨུག་ཀློང་གིས་ཤར་མཐའ་བསྒྲིབས་ཤིང་རི་སྤྱང་གི་ངུ་སྒྲས་སྟོང་སངས་ཀྱི་ནམ་མཁའ་དབྲལ་དུས། ཁྱོད་ཉིད་བྱང་ཐང་གི་འབྲོང་རྒོད་ཅིག་དང་འདྲ་བར་གངས་རི་དང་རྫ་འཕྲང་ལ་རྨིག་རྗེས་བཀོད་ནས་རྭ་དབར་ནས་ཉི་ཟླ་དགུང་ལ་བཏེགས།
མེ་སྒྱོགས་ཀྱི་ལྡིར་སྒྲ་དང་གངས་ལྷའི་ངུ་སྒྲའི་ཁྲོད་ཡར་ཀླུང་གཙང་པོས་མཚལ་གྱི་ཁ་དོག་འཛིན་ཅིང༌། དགའ་ལྡན་ཕོ་བྲང་དང་པོ་ཏཱ་ལར་ཁྲག་དམར་གྱིས་ཚོས་པའི་རས་ཡུག་གི་ཡོལ་བ་འཐེན་དུས། ཁྱོད་ཀྱི་རྐང་ལག་ལ་ལྕགས་སྒྲོག་བསྐོན་ནས་ཉི་འོད་དང་དྲོད་ཁོལ་མེད་པའི་འཇིག་རྟེན་ཉུལ།
མུན་པ་དང་བཀྲེས་ལྟོགས་སྔས་སུ་བྱས་ཏེ་ལོ་ཟླའི་ཕྲེང་བ་བགྲང་སའི་མུན་དོང་གི་དམྱལ་ཁམས་དེ་ནས། ཁྱོད་ཀྱིས་གངས་རི་དང་ཉི་འོད་ལ་དུངས་པའི་སྨྲེང་སེམས་ལྕི་མོས་ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་སོར་རྩེར་བླངས།
གསར་བརྗེར་ངོ་ལོག་དང་ལྷ་འདྲེ་གདོན་བགེགས་ཀྱི་ཤོག་ཞྭ་རིང་པོའི་འོག་བླ་དྲག་དང་མི་དྲག་གི་ཉེས་མིང་བགྲངས་ནས་རྟ་ལྕག་དང་འཐབ་རྩོད་ཀྱི་རླུང་དམར་ཁྲོད། ཁྱོད་ཉིད་བྱམས་བརྩེ་དང་བཟོད་སྒོམ་བརྟན་པོས་གཡོ་འགུལ་ཅུང་ཟད་ཀྱང་མེད་པའི་ཁྲོ་ལྕགས་ཀྱི་རི་བོ་ཟླུམ་པོ་ཞིག
ཞི་བདེའི་དེད་དཔོན་གྱི་ཉི་འོད་མཚོ་བཞི་གླིང་ལྔ་ཡོངས་སུ་ཁྱབ་དུས། ཁྱོད་ཀྱིས་འོད་དཔག་མེད་དང་ལག་གདང་སྦྲེལ་ཏེ་ཤི་གསོན་བྱེ་མའི་ལ་ཁར་ཞབས་ཀྱིས་བཅགས་ནས་གངས་ལྷ་སྒེག་མོའི་ཚེ་སྲོག་འཚོལ།
རི་སྤྱང་དམར་པོས་ར་གན་ལ་གསེར་མིང་འདོགས་རྒྱུའི་བཙན་བཀའ་ཕབ་དུས། ཁྱོད་ཀྱིས་སྨིག་སྒྱུ་དང་འཇའ་ཚོན་ཀྱི་དར་ཡུག་ཚལ་བར་དབྲལ་ཏེ་གངས་ཅན་མགོན་པོའི་སྤྱན་སྟོང་གི་གཟིགས་པ་ལ་ཐལ་མོ་སྦྱར་ཞིང་མཚལ་གྱི་མཚན་བྱང་དམར་པོར་དཔྲལ་གཉེར་དང་མིག་ཆུས་བདེན་ཁ་སྦྱིན།
མེས་པོའི་ཞབས་རྗེས་དང་གངས་རིའི་ཚེ་སྲོག་ལ་དུངས་པའི་ཁྱོད་ཀྱིས་སྐུ་ཚེ་ལ་བཞི་ཤད་འཐེན་ནས་མི་ཡུལ་འདིར་གྱེས་བྲལ་ཞུས་དུས། ལ་རྒྱའི་དྲོད་ཁོལ་སྙིང་ལ་སིམ་པའི་སྤྲེལ་ཚ་འབུམ་ཕྲག་མང་པོས་ཁྱོད་ལ་སྙིང་ཁྲག་དང་མིག་ཆུའི་ཞལ་འདེབས་ཕུལ།
ཀྱེ། ཤར་མཐའ་ནས་འཚར་ཞིང་ཤར་མཐའ་ནས་བཞུད་པའི་གངས་རིའི་སྒྲོན་མེ། ཁྱོད་ནི་ང་ཚོའི་སྙིང་ཁོང་གི་སྒྲོན་མེ་ཡིན་ལ། ཁྱོད་ནི་ང་ཚོའི་བདེན་དཔང་གི་རྡོ་རིང་ཞིག་ཀྱང་ཡིན་པས། ཁྱོད་ཉིད་དག་ཞིང་དུ་གཤེགས་ཀྱང༌། ཁྱོད་ཀྱིས་བསླངས་པའི་རྡོ་རིང་ས་ཡ་དྲུག་གི་སེམས་ཁོང་ནས་དུས་ནམ་ཡང་འགྱེལ་མི་སྲིད། ཀྱེ། ཤར་མཐའ་ནས་འཚར་ཞིང་ཤར་མཐའ་ནས་བཞུད་པའི་གངས་རིའི་སྒྲོན་མེ་ལགས།
ཚིག་སྦྱོར་འདིའི་ཐོག་ནས་གནའ་དེང་གི་ཚིག་ལྷུག་སྙན་རྩོམ་བར་ཁྱད་པར་ཅི་ཙམ་ཡོད་པ་གསལ་པོར་མཐོང་ངེས་སྙམ།
བདུན་པ། ཚིག་ལྷུག་གི་སྒྲུང་རྩོམ་ལ། ནང་གསེས་དབྱེ་བ་རགས་ཙམ་དབྱེ་ན། གནའ་སྒྲུང༌། ལྷ་སྒྲུང༌། གླིང་སྒྲུང༌། བྱིས་སྒྲུང༌། དེང་སྒྲུང་བཅས་ལྔ་རུ་ཕྱེས་ན་ཅུང་གོ་བདེ་བར་སྙམ།
གནའ་སྒྲུང་ནི། སྒྲུང་ལྡེའུ་བོན་གསུམ་གྱི་ནང་གི་མ་སངས་ཀྱི་སྒྲུང་ལྟ་བུ་སྟེ། དེང་སང་རོ་ལངས་གསེར་འགྱུར་གྱི་སྒྲུང་ཕལ་ཆེ་བ་རྣམས་སོ། །
ལྷ་སྒྲུང་ནི། གནའ་བོའི་སྤྱི་ཚོགས་ཁྲོད་ཀྱི་བསམ་བློའི་འཆར་སྒོ་དང་བསྟུན་ནས་སྐབས་དེའི་སྤྱི་ཚོགས་འཚོ་བའི་དགོས་མཁོ་དང་འཚམ་པའི་གནས་སྟངས་མང་པོ་ཞིག་ལྷ་འདྲེ་ལ་གཞི་བཅོལ་ནས་བཤད་པའི་སྲོལ་རྒྱུན་ཡིག་ཐོག་ཏུ་བཀོད་པའི་ཚིག་ལྷུག་ལ་ཟེར་བར་སྙམ། འདི་དང་གནའ་སྒྲུང་གཉིས་ཕན་ཚུན་གཅིག་པ་ལྟ་བུ་ཡང་ཤིན་ཏུ་མང༌།
གླིང་སྒྲུང་ནི། གླིང་གེ་སར་རྒྱལ་པོའི་གཏམ་རྒྱུད་བཤད་སྒྲོས་འདྲ་མིན་ལ་གཞི་བཅོལ་ནས། མདོ་ཁམས་གང་ས་སྤྱི་ཚོགས་ཁོར་ཡུག་གི་འཚོ་བའི་རྒྱུན་དང་སྲོལ་རྒྱུན་གྱི་རིག་གཞུང་སྲོག་རྩར་བཟུང་ནས་བཅོས་སྒྲུང་འདྲ་མིན་བྲིས་པའི་རིགས་ལ་ཟེར་ཆོག་སྙམ།
བྱིས་སྒྲུང་ནི། གནའ་ནས་ད་ལྟའི་བར་བྱིས་པ་ཚོས་རང་གི་སེམས་ཀྱི་འཆར་སྒོ་གཞིར་བཟུང་ནས་ཕྱིའི་ཁོར་ཡུག་སོགས་ལ་འགྲེལ་བརྗོད་འདྲ་མིན་དང་འབྲེལ་བའི་ངག་སྒྲོས་དང༌། རྒན་རབས་ཚོས་བྱིས་པའི་སེམས་ཁམས་ལ་གཞི་བཅོལ་ནས་སྣོད་བཅུད་ཀྱི་འགྲེལ་བརྗོད་ཅི་རིགས་སུ་བཅོས་པའི་ངག་སྒྲོས་ཡིག་ཐོག་ཏུ་ཕབ་པའི་ཚིག་ལྷུག་གི་རིགས་རྣམས་ཡིན་ཆོག་སྙམ། དཔེར་ན། ཤིག་དང་ལྗི་བའི་བྱིས་སྒྲུང་ལྟ་བུས་མཚོན་ནུས་སྙམ། ཕྲན་གྱི་བྲིས་པའི་བྱིས་སྒྲུང་ཞིག་དཔེ་མཚོན་དུ་བཀོད་ན། ཉ་ཞོན་བྱིས་སྒྲུང༌།
ཐེངས་གཅིག་ངའི་རྨི་ལམ་ནང་ང་རང་གིས་ཉ་ཆེན་པོ་ཞིག་ལ་ཞོན་ནས་གཙང་པོར་རྐྱལ་རྒྱག་པ་དང༌། གང་འཚམ་ཕྱིན་རྗེས་ཉ་དེ་འཕུར་ནས་ང་རང་ནམ་མཁའ་ལ་ཁྱེར་འགྲོ་གི་འདུག དེ་ནས་བཟུང་ངས་ཨ་མ་ལ་”ང་རང་གཙང་པོའི་ནང་ཉ་ཞོན་པར་འགྲོ་དགོས་”ཞེས་ཐེངས་མང་པོར་ལབ་ཀྱང༌། ཨ་མས་”མིས་ཉ་ཞོན་ཐུབ་ཀྱི་མ་རེད།”ཅེས་གསུངས་བྱུང༌། ང་རང་གིིས་ཨ་མའི་སྐད་ཆ་ལ་ཡིད་ཆེས་མ་བྱས་པར་གྲོང་སྡེའི་ནང་གི་མི་གཞན་ཞིག་ལ། “ངས་ཉ་ཞོན་ཐུབ་ཀྱི་རེད་དམ་”ཞེས་དྲིས་པ་ཡིན། མི་དེས་”ཐུབ་དང་ཐུབ། ང་ཡང་ཁྱོད་རང་ནང་བཞིན་ཆུང་ཆུང་ཡིན་པའི་སྐབས་ཉ་ཞོན་ནས་ཐེངས་མང་པོ་འགྲོ་མྱོང་”ཞེས་གསུངས་བྱུང༌། མ་གཞི་ནས་ང་རང་ཉ་ཞོན་ནས་འགྲོ་འདོད་བྱེད་སའི་རྫ་ཆུའི་ཆེ་ཆུང་ནི་ཕལ་ཆེར་འབྲི་ཆུ་དང་འདྲ་བ་ཡོད། སླར་ཡང་ངས་ཨ་མ་ལ་ང་རང་གིས་ཉ་ཞོན་དགོས་པའི་རྙོག་དྲ་དེ་ཨུ་ཚུགས་ཀྱིས་མཇུག་སྐྱེལ་ནས་ཨ་མ་ལགས་སུན་པོ་ཞེ་དྲགས་བཟོས་མྱོང༌།
ཆར་པ་ཤིན་ཏུ་ཆེ་བའི་དབྱར་གཞུང་གི་ཉིན་ཞིག་བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོའི་ནང་གི་བེའུ་སྙིང་རྗེ་པོ་ཞིག་ཡོད་པ་དེ་གཙང་པོས་འཁྱེར་ནས་འགྲོ་ཀིན་འདུག པཱ་ལགས་ཀྱིས་ཆུ་གཞུང་དུ་ཐག་པ་གཡུགས་ནས་ཚུར་སྐྱོབ་ཐུབ་ཙམ་བྱུང་སོང༌། ང་རང་ཞེད་ཐག་ཆོད་ནས་ཨ་མ་ལ། “ང་ཚོའི་བེའུ་ག་འདྲ་བྱས་ནས་གཙང་པོ་ནང་ཟེགས་པ་རེད་” ཅེས་དྲིས་པ་ཡིན། ཨ་མ་ལགས་ཀྱིས་ངའི་མགོ་བོ་ལ་ལག་པས་བྱིལ་བྱིལ་ཞིག་གནང་ཞོར། “བེའུ་འདི་སྡོད་ཚུགས་མེད་པར་གཙང་པོའི་ནང་ཉ་ཞོན་སར་འགྲོ་ཁུལ་བྱས་ཏེ། ཉ་ཞོན་མ་ཐུབ་པར་ཆུ་ལ་ཟགས་པ་རེད། ཁྱོད་རང་ཡང་གཙང་པོའི་ཁར་ཉ་ཞོན་སར་སོང་ན་ཏན་ཏན་ཆུ་ནང་ལྷུང་ནས་ཤི་གི་རེད།”ཅེས་གསུངས་བྱུང༌། དེ་ནས་བཟུང་ང་རང་ཉ་ཞོན་རྒྱུ་ཕར་ཞོག གཙང་པོའི་འགྲམ་དུའང་འགྲོ་མི་ཕོད་པར་མ་ཟད། ནང་གི་བེའུ་ཡང་གཙང་འགྲམ་ལ་གཏོང་ཕོད་ཀྱི་མེད། རྗེས་མ་ང་རང་ཆེན་པོར་ཆགས་དུས། ད་ལྟར་མིང་ཙམ་མ་གཏོགས་འཇིག་རྟེན་མི་ཡུལ་དུ་ལུས་མེད་པའི་ངའི་ཨ་མ་ལགས་དེ་རང་གི་བུ་ལ་བྱམས་བརྩེ་ཆེ་བ་ཙམ་དུ་མ་ཟད། བྱམས་སྐྱོང་གི་བསླབ་བྱ་གནང་སྟངས་ཐབས་ལ་མཁས་པ་འདི་འདྲ་གཞན་སུར་ཡོད་སྙམ་ནས། བྱུང་ཟིན་པའི་ལོ་རྒྱུས་དང་ཨ་མ་འདས་པོ་དེའི་ཞལ་རས་བཅས་ངའི་མིག་ལམ་ལ་ཤར་ནས་མིག་ཆུ་དབང་མེད་དུ་ཤོར་དགོས་པ་ཡོང་གི་འདུག།《ཕ་ཡུལ་》འདོན་ཐེངས་བཅུ་གཉིས་པའི་ཐོག་བཀོད། རྩོམ་ཐུང་འདིའི་ཐོག་ནས་བྱིས་སྒྲུང་གི་གོ་དོན་རགས་ཙམ་ཤེས་ནུས་སྙམ།
དུས་རབས་སྒྲུང་རྩོམ་ནི། བསམ་བློའི་ལྟ་གྲུབ་དུས་རབས་ཀྱི་རྗེས་བསྙེགས་པ་དང༌། བརྗོད་གཞིའི་སྙིང་དོན་ཚོར་བ་དང་ཆེས་འབྲེལ་བ། རྩོམ་གྱི་སྒྲོམ་གཞི་དེང་རབས་ཀྱི་ཚིག་སྦྱོར་དང་མཐུན་པ། བྱེད་ལས་སྤྱི་ཚོགས་ཁྲོད་ཀྱི་སྐྱོན་ཡོ་སྲིང་དང་དང་ངན་སྲོལ་ཐེར་འདོན། གོ་སྐོན་ར་སྤྲོད་ཀྱི་ནུས་པ་ལྡན་པ། ཚིག་གི་སྒྲོམ་ཀློག་ན་སྙན་ཞིང་གསོན་ཉམས་ལྡན་པ། དོན་གྱི་རོ་མྱོང་ན་སྤྱི་ཚོགས་འཚོ་བའི་གནས་བབ་གསལ་བ་ཞིག་ལ་ངོས་འཛིན་བྱས་ན་ཆོག་སྙམ། དཔེར་ན་དོན་གྲུབ་རྒྱལ་གྱི་སད་ཀྱིས་བཅོམ་པའི་མེ་ཏོག་དང༌། བཀྲ་ཤིས་དཔལ་ལྡན་གྱི་ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག་ལྟ་བུས་མཚོན་ནུས་སྙམ།
སྤྱིར་སྒྲུང་རྩོམ་འབྲི་བར་མེད་དུ་མི་རུང་བའི་ཆ་རྐྱེན་ཁག་གཅིག་ངོ་སྤྲོད་ཞུ་ན།
དང་པོ། བསམ་བློའི་ཐོག་ནས་བརྗོད་གཞི་བཀོད་སྒྲིག་བཟོ་སྟངས་དེ་ཡིན། རྩོམ་པ་པོ་རང་ཉིད་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་སྐྱོན་ཡོན་གང་ཞིག་ཐེར་འདོན་དང་གཟེངས་བསྟོད་བྱེད་འདོད་པ་དེ་ཉིད་སྒྲུང་གི་མི་སྣ་གང་འདྲ་ཞིག་དང་སྡེབ་ན་འཚམ་མིན་ཐག་གཅོད་ཡག་པོ་བྱེད་དགོས།
གཉིས་པ། མི་སྣ་གང་ཞིག་བཀོད་སྒྲིག་བྱས་པ་དེ་དང་འཚམ་པའི་ཀུན་སྤྱོད་བཟོ་དབྱིབས་ངོ་སྤྲོད་ཀྱི་ཐོག་ནས་མི་སྣ་དེའི་བསམ་བློའི་བརྒྱུད་རིམ་ཡང་རང་བཞིན་གྱིས་ཤེས་ནུས་པ་དགོས།
གསུམ་པ། མི་སྣས་ལེགས་ཉེས་ཀྱི་བྱ་སྤྱོད་ཅི་ཞིག་སྤེལ་སའི་ཁོར་ཡུག་གི་བཀོད་པ་སོགས་ཀྱང་སྒྲུང་གི་མི་སྣའི་བསམ་བློ་དང་བསྟུན་ནས་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས།
བཞི་པ། སྒྲུང་གི་གྲུབ་ཆ་གཙོ་བོ་ནི་སྐད་ཆ་ཡིན། དེར་བརྟེན་སྐད་ཆའི་བརྒྱུད་རིམ་ལ་རྩོམ་པ་པོའི་ཞེ་འདོད་ཀྱི་དམིགས་ཡུལ་གང་ཞིག་ཡོད་པ་དེ་མ་བརླགས་པའི་ཐོག་ནས་ཀློག་པ་པོའི་བསམ་བློར་དགའ་སྐྱོ་ཆགས་སྡང་གི་ཚོར་བ་བསྐྲུན་ཐུབ་པའི་སྒྱུ་རྩལ་གྱི་ཉམས་ཐོན་ཐབས་བྱེད་དགོས།
ལྔ་པ། བརྩམས་སྒྲུང་གང་ཞིག་བྲིས་པ་དེའི་རྙོག་འཛིང་གི་བརྒྱུད་རིམ་ཁྲོད་ནས་སྤྱི་ཚོགས་ནང་གི་ངན་པ་ཐེར་འདོན་དང་བཟང་པོ་ངོ་སོ་ཐོན་པ་སོགས། མདོར་ན་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་ཕན་ཐོགས་པའི་བླང་བྱ་གང་ཞིག་ཀློག་པ་པོའི་བསམ་བློའི་ནང་མི་མངོན་པའི་སྒོ་ནས་ཆུ་སྐྱར་བྱི་ལ་རྐུན་ཆགས་བཞིན་འཛུལ་ཐུབ་པ་ཞིག་དགོས། འདིར་སྒྲུང་ཐུང་ཞིག་དཔེ་མཚོན་དུ་བཀོད་ན།
རྐུན་མའི་གྲུབ་རྟགས།
ཁྲི་གདུགས་ཉི་མས་རང་གི་འོད་ཟེར་གྱི་ལྷག་མ་ཡོད་ཚད་ཆ་མི་མཉམ་པའི་འཇིག་རྟེན་འདིར་ཕངས་མེད་དུ་སྟོར་ཏེ་ནུབ་རིའི་མཁའ་མཐའ་ནས་དལ་གྱིས་བཞུད། ཨ་ཅག་ཆོས་སྒྲོན་གྱིས་དགུང་ཟས་སྟབས་བདེ་ཞིག་གཡོས་ཏེ་རང་ཉིད་གཅིག་པུས་བཟའ་ཟླ་དཔལ་ལྡན་ལ་དམོད་མོ་བགྲང་བཞིན་དགོང་ཟས་ལ་རོལ། ཆུ་ཚོད་དགུ་པ་ཟིན་པ་དང་ཨ་ཅག་ཆོས་སྒྲོན་གྱིས་སྒྲ་སྡུད་འཁོར་ལོ་དང་གཟུགས་མཐོང་གློག་འཕྲིན་གྱི་ཁ་བཀག་ལོང་མེད་པར་གློག་སྒོ་ཐག་སེ་བརྒྱབ་སྟེ་ཁང་ཆུང་དེའི་ཕྱི་ལ་ཐོན། དམ་ཞིང་མཁྲེགས་པའི་སྒོ་ལྕགས་དེའི་བར་སྲུབས་ལ་”ལྡེ་མིག་སྒོའི་ཡར་ཐེམ་ཐོག་ཏུ་བཞག་ཡོད་”ཅེས་པའི་ཡིག་འབྲུ་དགུ་ཤོག་འཛར་ཞིག་གི་ཐོག་ཏུ་བྲིས་ཏེ་བརྫངས་ནས། རྟིང་ཀ་སོར་བཅུ་ཡོད་པའི་འཇུ་རྟས་ཁུ་སིམ་མེར་གནས་པའི་རང་བྱུང་གི་ཁོར་ཡུག་གཉིད་ལས་དཀྲོགས་པའི་སྐག་སྒྲ་ཐག་ཐག་གིས་གཞོན་ནུའི་ཁ་སྦྱོར་བརྩེ་བྲོ་ཁང་དུ་བསྐྱོད།
གང་ནས་སླེབས་པ་མི་ཤེས་པའི་ནག་ཡོམ་མེར་བ་ཞིག་གིས་མུན་ནག་ཁྲོད་དུ་སྒོ་ལྕགས་དེ་ལ་རེག་ཙམ་བྱས་རྗེས་གསལ་ལ་མ་གསལ་གྱི་གློག་ཞུན་ཆུང་ཆུང་ཞིག་སྦར་བའི་དཀར་ཆའི་འོག་ཤོག་འཛར་ཞིག་གི་ངོས་ལ་བལྟས་ནས་མགོ་གཡུགས་གཡུགས་འགའ་ཞིག་བྱས་ཏེ། སྒོའི་ཡར་ཐེམ་དེ་ནས་དངོས་པོ་ཞིག་བླངས་སོང༌།
ཆུ་ཚོད་འཁོར་ལོའི་མདའ་མོ་རྣོན་པོ་དེ་ཨང་ཀི་བཅུ་གཉིས་ཐོག་མཛུབ་མོ་བཙུགས་པ་ལྟར་བསླེབས་བྱུང༌། ད་གཟོད་དཔལ་ལྡན་གྱིས་སྦག་ཁང་དེའི་ནང་ས་ཕག་རྩིག་པའི་ཁང་ལས་ཀྱི་མཇུག་བསྡུས་ཏེ་སྒོར་རྡོག་གཅིག་ཀྱང་མེད་པའི་ཀོ་བའི་དངུལ་ཁུག་དེ་ཉིད་དམ་དུ་བཟུང་ཞིང་ཁ་ནང་ནས་ཆང་དྲི་དང་སྐྱུགས་དྲི་འཐུལ་བཞིན་ནམ་མཁར་ཟླ་བ་མེད་པའི་མར་ངོའི་མཚན་ལྗོངས་དེར་ཁྱར་ཁྱོར་གྱི་རྡོག་སྣེ་རང་གི་གནས་ཁང་ཕྱོགས་སུ་སྤོས།
ཆང་གྲིབ་ཀྱིས་བསྒྲིབས་པའི་རབ་རིབ་ཀྱི་མིག་ལམ་དུ་བདག་མེད་དུ་ལུས་པའི་ཁང་ཆུང་དེའི་སྒོ་གླེགས་ཧར་གྱིས་ཕྱེས་ཏེ་ཡོད་པར་མཐོང༌། དཔལ་ལྡན་གྱིས་ཅི་ཞིག་ཚོར་སྣང་བྱུང་བ་དང་འདྲ་བར་མྱུར་བར་ནང་དུ་འཛུལ་ནས་གློག་སྒྲོན་སྦར་ནས་བལྟས་པས། ཆེས་བསམ་ཡུལ་ལས་འདས་པ་ཞིག་ལ་སྒྲ་སྡུད་འཁོར་ལོ་དང་གཟུགས་མཐོང་གློག་འཕྲིན་སོགས་རྒྱུན་ལྡན་གྱི་ཅ་ལག་མང་པོ་ཞིག་གི་སྐུ་འཇའ་ལུས་ལ་གྲུབ་ཟིན།
ད་ཐེངས་རྐུན་མས་གྲུབ་རྟགས་བསྟན་པ་དེས་ཁོང་བཟའ་མི་གཉིས་ལ་མི་ཚེར་ཇི་ལྟར་འཚོ་སྟངས་ཐད་དམར་ཁྲིད་རྗེན་པ་ཞིག་གནང་ཡོད་པས། གཅིག་བྱས་ན་ཁོང་གཉིས་ཀྱིས་རྐུན་མ་ལ་ཐུགས་རྗེ་ཆེ་ཞེས་ཞུ་མི་སྲིད་པ་མིན།《ནོར་ལྡེ་》འདོན་ཐེངས་དགུ་པའི་ཐོག་བཀོད། ཡང་ན།
དགོངས་འཁྲོལ།
ཞོགས་རླུང་འུར་འུར་དུ་ལྡང་བའི་སྔ་དྲོ་ཞིག་ལ་ང་རང་གྲོད་ཁོག་ན་ནས་འུ་ཐུག་སོང༌། ལས་ཁུངས་དབུ་འཛིན་སྐུ་ངོ་དབང་ཆེན་ལགས་སར་ཨ་ར་དང་ཨ་ཚའི་སྡུག་སྐད་ཤོར་གིན་ལག་ཟུང་སྟོང་པས་གྲོད་ཁོག་སྐྱོར་བཞིན་སྒོ་ལ་དཔུང་གདོང་གིས་ཕུད་ཕྱགས་རྒྱག་ཐེངས་གཅིག་གིས་ནང་ལ་འཛུལ་ཏེ་ནད་དགོངས་ཞུས། སྐུ་ངོ་དབང་ཆེན་ལགས་ཀྱིས་ཨིག་ཀ་སྣ་ཚ་བ་ཞིག་དང་ཨ་སྟོང་ཡིད་ཚིམ་པ་ཞིག་བྱེད་ཞོར། ཕར་ཁྱོར་ཚུར་ཁྱོར་གྱིས་ཡར་ལངས་ནས་འཐུང་འཕྲོ་ཅུང་ཟད་ལུས་པའི་ཨ་རག་དམ་བུ་དེ་ཐད་ཀར་ངའི་ཐོག་ཏུ་གཡུགས། ཁ་ནས་ཆང་དྲི་དང་སྐྱུར་དྲི་འཐུལ་བཞིན། “དགོངས་པ་ཡོད་མ་རེད་” ཟེར་ནས་ཉལ་ཁྲིའི་ཐོག་ཕྱིར་རིལ་སོང༌།
ཕྱི་ནང་གི་མི་རྣམས་སྟོན་ཀའི་སྤྲིན་ལྟར་འདུ་ལོང་ཆེ་བའི་དབྱར་གཞུང་གི་ནམ་ཟླའི་ཉིན་ཞིག་ལ་ང་རྫོབ་ཆེ་བའི་ནག་ཚོང་ཞིག་གི་དོན་དུ་དུས་ཚོད་ཀྱིས་མ་འདང་ནས་སླར་ཡང་སྐུ་ངོ་དབུ་འཛིན་སར་བཅར། ལས་ཤག་གི་སྒོ་དལ་བུར་བརྡུངས་རྗེས་ག་ལེར་ནང་ལ་འཛུལ་ཏེ། ཐ་མག་དང༌། སྦི་རག་སོགས་ཀྱི་འབུལ་ཚན་རྣམས་མདུན་ཅོག་སྟེང་དུ་བཞག་ནས། ལྕེ་བསྣར། མགོ་ཕུར། རྐུབ་འཕྲུག་གིན་”ང་ལ་གཟའ་འཁོར་གཅིག་གི་རིང་དགོངས་པ་གནང་རོགས། ལས་་་་་ལས་ཀ་ཞིག་ཡོད།”
སྐུ་ངོ་ལགས་ཀྱིས་མདུན་ཅོག་ཐོག་ཏུ་མིག་ཞགས་ཤིག་འཕངས་ཤིང་ངའི་ལུས་ངག་གི་རྣམ་འགྱུར་ལ་གཅིག་བལྟས་ནས། “ཨཱ་༌༌༌ ཡིན་དང་ཡིན། ཁག་མེད། ཛ་དྲག་གི་ལས་ཀ་ཡིན་ན་གཟའ་འཁོར་གཅིག་གིས་ཚར་མི་འོང༌། ཟླ་བ་གཅིག་ཏག་ཏག་དགོངས་པ་སྤྲད་ཆོག ད་དུང༌།”
“་་་་་་་་་་་་་་་་་་་་་་་་་་་་་་་་་་”《ནོར་ལྡེ་》འདོན་ཐེངས་བདུན་པའི་ཐོག་བཀོད།
བདུན་པ་དཔྱད་རྩོམ་ཚིག་ལྷུག དཔྱད་རྩོམ་ནི་དཔྱད་གཞི་གང་ཞིག་བཟུང་བ་དེའི་གནས་ལུགས་ངོ་མའི་གཞིན་རས་གསལ་པོར་སྟོན་ཆེད་ལུང་དང་རིགས་པ་དུ་མས་བརྟགས་ཤིང་དཔྱད་དེ་གང་ཞིག་གཏན་ལ་ཕབ་པའི་རྩོམ་ཡིག་རྣམས་ཡིན་ཆོག་སྙམ། དེ་ལའང་སྔོན་གྱི་སྲོལ་རྒྱུན་འཛིན་པའི་དཔྱད་རྩོམ་འབྲི་སྲོལ་ཐོག རང་ལུགས་གང་ཞིག་བཞག་པ་དེ་ཉིད་སྲུང་སྐྱོབ་བྱེད་པའི་ཆེད་གཞན་ཕྱོགས་ལ་དགག་པ་གང་ཐུབ་ཐུབ་བྱེད་པ་དང༌། རང་ཕྱོགས་ཀྱི་དམ་བཅའ་ལ་མི་འཐད་པའི་ལུང་རིགས་གང་ཞིག་མཐོང་ཐོས་བྱུང་བ་རྣམས་ཟུར་འཇོག་དང་སྦ་གསང་བྱེད་པའི་ལུགས་སྲོལ་ཡང་དད་པ་དང་དམ་ཚིག་ལ་ཁ་གཡར་ནས་བྱས་པའི་ལོ་རྒྱུས་མཐོང་ཐོས་མང་བ་རྣམས་སྔོག་བཤེར་དགོས་དོན་མི་འདུག་ཀྱང༌། དུས་རབས་ནུབ་ཕྱོགས་པའི་ལུགས་ཀྱི་དཔྱད་རྩོམ་འབྲི་སྲོལ་ལ་གཞི་བཅོལ་ན། དཔྱད་གཞི་གང་ཞིག་བཟུང་བ་དེའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་རྒྱུ་ཆ་གཉིས་ཀ་གང་རེག་ཅི་རེག་གིས་གསོག་ཉར་དང༌། དེའི་ཆེད་དུ་དཔྱད་གཞི་དེ་དང་འབྲེལ་བ་ཡོད་པའི་ས་གནས་ལ་དངོས་སུ་སོང་ནས་ཁོར་ཡུག་དེ་ནས་དགོས་ངེས་པའི་རྒྱུ་ཆ་འཚོལ་བ། དཔྱད་གཞི་དེ་དང་འབྲེལ་བ་ཡོད་པའི་མི་སྣ་སུར་ཐུག་ལ་དཔྱད་གཞི་དེ་འབྲེལ་གྱི་སྐད་ཆ་འདྲི་གཏུགས་བྱེད་པ། དོན་རྐྱེན་གང་ཞིག་བྱུང་བ་དེའི་རྒྱུ་རྐྱེན་འཚོལ་བ། དཔྱད་གཞི་དེ་དང་འབྲེལ་བའི་ཉེ་རིང་ཕྱོགས་ལྷུང་གི་རྗེས་ལ་མི་འགྲོ་བར་གནས་ལུགས་ངོ་མ་ལ་རྟོག་ཞིབ་བྱེད་པ་སོགས་ནི་དུས་རབས་ཀྱི་དཔྱད་རྩོམ་འབྲི་མཁན་ཚོར་མེད་ཐབས་མེད་པའི་ཆ་རྐྱེན་གལ་ཆེ་ཞིག་ཡིན།
སྤེལ་མའི་སྡེབ་སྦྱོར། བཅད་ལྷུག་ཕན་ཚུན་བསྲེས་ཤིང་སྤེལ། །དེ་ནི་སྤེལ་མའི་སྡེབ་སྦྱོར་རོ། །ཚིགས་བཅད་དང་ཚིག་ལྷུག་ཕན་ཚུན་བསྲེས་ཤིང་སྤེལ་བའི་ཚིག་སྦྱོར་ལ་བཅད་ལྷུག་སྤེལ་མའི་སྡེབ་སྦྱོར་ཟེར། སྙན་ངག་གི་གཞུང་དུ་འདི་ཉིད་བཤད་པའི་སྐབས། སྐད་རིགས་ཆེན་པོ་བཞིའི་སྐོར་ངོ་སྤྲོད་གནང་འདུག་པ་རྒྱུ་མཚན་ཆེ་ཡང༌། འདིར་མང་བར་དོགས་ནས་མ་བྲིས་ཤིང༌། སྤེལ་མའི་སྡེབ་སྦྱོར་གྱི་དཔེ་མཚོན་ཙམ་ནི། གཞོན་ནུ་དྲུག་གི་རྟོགས་བརྗོད་དང། རྟག་ཏུ་ངུའི་རྟོགས་བརྗོད་ལྟ་བུ་སྟེ། གོང་གི་བཅད་ལྷུག་གཉིས་ཤེས་ཚར་བའི་རྗེས་སྤེལ་མ་མི་ཤེས་པ་གང་ཡང་མེད་པས། འདིར་རྒྱས་པར་སྤྲོ་བ་མ་བྱས་སོ། །
གསུམ་པ། རྩོམ་རིག་གི་ཉམས་མྱོང༌།
འདིར་རྩོམ་རིག་གི་ཉམས་མྱོང་ཅུང་ཟད་གླེང་ན། རྩོམ་པ་པོ་ནི་མིའི་སྤྱི་ཚོགས་ནང་གི་བསམ་བློའི་ཁྲིམས་དཔོན་ཡིན། རྩོམ་པ་པོ་ལ་སྔོན་འགྲོའི་ཆ་རྐྱེན་གསུམ་ཚང་དགོས།
དང་པོ། རྗོད་བྱེད་ཀྱི་ཆ་རྐྱེན་སུམ་རྟགས་དག་གསུམ་དང་མངོན་བརྗོད་སྡེབ་སྦྱོར་ཚིག་རྒྱན་ནམ་སྙན་ངག་བཅས་ཤེས་དགོས། གཉིས་པ། བརྗོད་བྱའི་ཆ་རྐྱེན་ཆོས་སྲིད་གཉིས་དང། རང་བྱུང་ཁོར་ཡུག སྲོག་ཆགས སྤྱི་ཚོགས་བཅས་ཀྱི་གནས་བབ་སོགས་ཤེས་དགོས། གསུམ་པ། བསམ་བློའི་ཆ་རྐྱེན། མང་ཚོགས་ཀྱི་བསམ་བློའི་སྐུ་ཚབ་དང༌། ངན་སྲོལ་ཐེར་འདོན་དང་ཉེས་སྐྱོན་ཡོ་བསྲང་གི་ཆེད་རང་གི་ཁེ་ཕན་བློས་གཏོང་ཐུབ་པའི་ལྟ་བ་ཁྱེར་དགོས།
རྩོམ་ཡིག་འབྲི་སྟངས། རྩོམ་ཡིག་འབྲི་སྟངས་ཀྱི་ཐད་ཡུལ་དུས་ལ་བརྟེན་ནས་རྩོམ་ཡིག་གི་འགྱུར་འགྲོས་ཀྱང་འདྲ་མིན་གྱུར་ཏེ། དང་པོ། གནའ་རྩོམ་ནི་བསམ་བློ་དང་ཚིག་སྦྱོར་བརྗོད་གཞི་གསུམ་ཀ་སྲོལ་རྒྱུན་དང་འབྲེལ་བའི་རྩོམ་ཡིག་ལ་ཟེར། གཉིས་པ། དེང་རྩོམ་ནི་དུས་རབས་ཀྱི་བསམ་བློ་དང་ཚན་རིག་ལྟ་གྲུབ་ལྡན་པའི་རྩོམ་ཡིག་ལ་ཟེར། གསུམ་པ། རྩོམ་ཡིག་གི་སྒྲིག་གཞི། རྩོམ་ཡིག་འབྲི་བའི་སྐབས་བརྗོད་གཞི་གང་ཞིག་གཏན་འབེབས་བྱས་པ་དེ་ཉིད་རྩ་འཛིན་བྱས་ཏེ ། བརྗོད་དོན་ཁ་གསལ་ཞིང་གོ་བདེ་བ། རྗོད་ཚིག་ཉུང་ཞིང་རྡོག་སྒྲིལ་བ། སྔ་ཕྱི་གོ་རིམ་ཡོད་པ། བརྗོད་གཞི་དང་མ་འབྲེལ་བའི་ཚིག་རྙོག་མེད་པ། རྗོད་ཚིག་ཡོངས་རྫོགས་བརྗོད་གཞིའི་ཐོག་ཏུ་འཇོག་ཐུབ་པ། བརྗོད་དོན་གྱི་གནས་ལུགས་གཏིང་ཟབ་ཏུ་གཏོང་བ་བཅས་དགོས། བཞི་པ། རྩོམ་ཡིག་གི་བརྗོད་གཞི་གཏན་འབེབས་བཟོ་སྟངས། རྩོམ་ཡིག་མ་བྲིས་པའི་སྔོན་དུ་རྩོམ་པ་པོས་གང་ཞིག་འབྲི་འདོད་པ་དེའི་ངོ་བོ་དང་ཁྱད་ཆོས་ནུས་ཤུགས་སོགས་གཏན་འབེབས་བྱེད་དགོས། དཔེར་ན། བོད་ཀྱི་ཞིང་ཁམས་ལ་བསྟོད་པའི་རྩོམ་ཡིག་ལྟ་བུ་ཞིག་ལ་མཚོན་ན་ཡུལ་གྱི་གངས་རི་དང༌། རྫ་རི། སྤང་རི། དེ་བཞིན་རྩི་ཤིང་ནགས་ཚལ། མཚོ་དང་གཙང་པོ། ཡུལ་ལྗོངས་ཀྱི་ཆགས་དབྱིབས། དུས་ཚིགས་དང་གནམ་གཤིས་ཀྱི་འགྱུར་ལྡོག ཤིང་འབྲས་དང་ལོ་ཏོག མེ་ཏོག་དང་འབྲས་བུ། གཅན་གཟན་དང་རི་དྭགས། བྱ་དང་བྱེའུ། གསེར་དངུལ་ཟངས་ལྕགས་རང་བྱུང་ཁམས་ཀྱི་ཐོན་ཁུངས་དང། རྟ་མཛོ་ར་ལུག་སོགས་སྒོ་ཕྱུགས་སོགས་ལ་ཞིབ་འཇུག་གིས་གཏན་ལ་ཕབ་རྗེས་གཞི་ནས་རྩོམ་ཡིག་འབྲི་དགོས། ལྔ་པ། རྩོམ་པ་པོའི་བསམ་བློའི་འཆར་སྒོ་གཏིང་ཟབ་ཏུ་གཏོང་ཐབས། རྩོམ་པ་པོས་བརྗོད་གཞི་གང་ཞིག་བཟུང་བ་དེའི་ཐོག་བསམ་བློའི་འཆར་སྒོ་གཏིང་ཟབ་ཏུ་གཏོང་བའི་ཆེད། བརྗོད་གཞིའམ་དོན་རྐྱེན་ཅི་ཞིག་གང་དུ། ག་དུས། ཇི་ལྟར། ཅིའི་ཕྱིར་སོགས་དང་འབྲེལ་ཏེ་རྩོམ་ཡིག་འབྲི་དགོས། དྲུག་པ། རྩོམ་ཡིག་གི་རྣམ་གྲངས། བོད་ཀྱི་རྩོམ་རིག་ལ་བརྗོད་གཞི་དང་དུས་མཚམས་གང་ཅིའི་ཐོག་ནས་ཞིབ་འཇུག་བྱས་ན་རྣམ་གྲངས་མི་འདྲ་བ་དུ་མ་ཞིག་ཡོད་པ་དེ་དག་ལས་འགའ་ཞིག་འབུར་དུ་བཏོན་ནས་བཤད་ན།
སྙན་རྩོམ།
སྙན་རྩོམ་ཞེས་པ་ནི་ཚིག་སྦྱོར་གྱི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་སྒོ་ནས་རྩོམ་པ་པོས་གང་ཞིག་བརྗོད་འདོད་པ་དེ་ཉིད་འབུར་དུ་བཏོན་ནས་ཀློག་མཁན་གྱི་སེམས་ཁམས་ལ་དགའ་སྡུག་གི་ཚོར་སྣང་སྤྲོད་པའི་ཚིག་རྒྱན་གྱི་རྩོམ་ཡིག་ལ་ཟེར་བ་ཡིན། འདི་ཉིད་འགྲོ་བ་མིའི་སྤྱི་ཚོགས་ཐོག་མར་བྱུང་བ་དང་དཔུང་གདང་མཉམ་དུ་གཤིབ་ནས་བྱུང་བ་ཞིག་ཡིན། འདི་ལ་ནང་གསེས་ཀྱི་དབྱེ་ན་གདོད་མའི་སྙན་རྩོམ་དང༌། སྲོལ་རྒྱུན་སྙན་ངག རང་མོས་སྙན་ངག་གམ་སྙན་ངག་གསར་པ་བཅས་ཡོད།
དང་པོ། གདོད་མའི་སྙན་ངག་ནི།
བོད་མི་རིགས་འདིའི་གདོད་མའི་སྤྱི་ཚོགས་ཀྱི་སྐབས་ནས་བྱུང་ཞིང༌། ད་ལྟའི་བར་དམངས་ཁྲོད་དུ་མང་ཚོགས་ཀྱི་འཚོ་བ་དང་ཁ་བྲལ་ཐབས་མེད་པའི་བོད་ཀྱི་རྩོམ་རིགས་སྒྱུ་རྩལ་མེད་ཐབས་མེད་པ་ཞིག་ཡིན། དེའི་དཔེ་མཚོན་ཞིག་བཀོད་ན།
ས་ཡར་ཡང་འགྲོ་ཞིང་ཡར་ཡང་འགྲོ །
ས་ཡར་ཡར་ཉི་མ་ལྷ་ས་རེད། །
ནངས་ཤར་མཐའ་འགྱོག་དུས་གླིང་སྐོར་འགྲོ །
གསལ་ཉི་རྩེ་ཕོག་དུས་ཇོ་མཇལ་འགྲོ །ལྟ་བུ་ཡིན།
གཉིས་པ། སྲོལ་རྒྱུན་སྙན་ངག་ནི།
མེ་ལོང་མ་བོད་བསྒྱུར་བྱས་རྗེས་ཤུགས་ཆེར་དར་བའི་རྩོམ་ལུགས་ཤིག་ཡིན་ཚུལ་གཞན་དུ་བྲིས་ཟིན་པ་ལྟར་ལགས། དཔེ་མཚོན་ཙམ་བཀོད་ན། གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད་ལས།
ཟབ་གསལ་ཡེ་ཤེས་མཆོག་གི་མེ་ལོང་ཆེར། །
ཤེས་བྱར་སྲིད་རྣམས་གཟུགས་བརྙན་ཡོངས་རྫོགས་པ། །
རབ་འབྱམས་རྒྱལ་ཀུན་ཡབ་གཅིག་བཅུ་དྲུག་གི།
ལང་ཚོའི་དཔལ་འབར་སྨྲ་བའི་རྒྱལ་པོས་སྐྱོངས། །
མཐོང་ཐོས་དྲན་དང་རེག་པའི་ཆ་ཙམ་གྱིས། །
ངག་ལ་མི་ཟད་བདུད་རྩིའི་འདོད་འཇོའི་གཏེར། །
རྡོ་རྗེ་དབྱངས་ཀྱི་རྒྱལ་མོ་མཚོ་ལྡན་མ། །
ཆོས་ཀྱི་འཁོར་ལོའི་པད་མོར་དགྱེས་པར་རོལ། །
མི་ཕྱེད་དད་པའི་ཕྱག་རྒྱས་རབ་བཅིངས་ནས། །
མོས་གདུང་དབྱངས་ཀྱི་ང་རོས་གསོལ་འདེབས་བུར། །
བློ་དང་སྤོབས་པའི་མཆོག་སྦྱིན་འབད་མེད་དུ། །
སྩོལ་བར་མཛད་པའི་ཐུགས་རྗེ་རྨད་དུ་བྱུང༌། །
ཤེས་རབ་ལྷ་རྣམས་ཐུགས་རྗེའི་བྱིན་ཆེན་པོས། །
ཡོངས་སུ་བསྐྱངས་ན་རྨོངས་བརྟུལ་ངག་ལས་ཀྱང༌། །
སྙན་འཇེབས་ལེགས་པར་བཤད་པའི་རོལ་མོ་ནི། །
འཁྲོལ་བའི་མཐུ་དང་ལྡན་པར་ངེས་རབ་ཞུགས། །ཞེས་གསུངས་པ་ལྟ་བུས་མཚོན་ནོ། །
གསུམ་པ། རང་མོས་སྙན་ངག་ནི། སྡེབ་སྦྱོར་བཅད་ལྷུག་གང་མོས་རང་དབང་ཅན་གྱི་སྙན་ངག་རྣམས་ཡིན། འདི་ལ་སྙན་ངག་གསར་པ་ཡང་ཟེར། དཔེ་མཚོན་ཙམ་བཀོད་ན།
རྟ་རྒོད། D.K ལ་བསྐུར་བ།
རྨིག་པས་སྤང་རྒོད་བཏུལ།
འཚེར་སྐད་ཀྱིས་ལྷིང་འཇགས་དཀྲོགས།
གོམ་སྟབས་ཀྱིས་གླིང་ཆེན་བགོམ།
སྒ་སྲབ་མེད་པའི་རྟ་རྒོད་ཡ།
ལས་དབང་གིས་རྒྱབ་ནས་དེད།
སྟེས་དབང་གིས་མདུན་ནས་བསུས།
འཚོ་འདོད་མེད་པའི་ཨ་ཕོ།
ཅང་ཤེས་རྟ་ཡི་བདག་པོར་གྱུར།
སྒ་སྲབ་ཀྱིས་རྒྱན་སྤྲས་མེད་པར།
རི་ཐང་ཀླུང་གསུམ་ལས་བརྒལ་ནས།
རྨི་ལམ་གཏོང་ཐེངས་གཅིག་ལ།
ལྷ་ཡུལ་གྱི་ཞིང་ཁམས་བསྐྱལ།
ལྷ་ཡུལ་གྱི་མེ་ཏོག་རྐང་རེ་རེ་བཞིན།
མི་ཡུལ་གྱི་འཇའ་འོད་ལ་ཐིམ་དུས།
ད་གཟོད་རྨི་ལམ་ལས་འཕོས་ནས།
ཕྱིར་ཕྲ་ཡི་བྲོ་བ་མྱོང༌།
རི་སྐྱེས་རྟ་རྒོད་ཡ།
ངས་ཁྱོད་ལ་སྲབ་མཐུར་མི་བསྐོན་ལ།
ངས་ཁྱོད་ལ་སྒ་ཆས་མི་སྤྲོ།
རི་སྐྱེས་རྟ་རྒོད་སྒོ་ཟོག་མི་ཡོང་བ།
ངས་སྔ་ས་ནས་ཤེས་ཀྱི་ཡོད།༢༠༠༥ལོར་《གཉན་ཆེན་ཐང་ལྷ་》གསར་ཤོག་ཐོག་བཀོད། ཡང་ན།
གསོན་ཤུགས་མེད་པའི་སྙིང༌།
ཉི་འོད་ལ་དུངས་ནས་མཁའ་དབྱིངས་ལ་རྒྱང་ལྟ་བྱས།
ཉི་འོད༌།
སྤྲིན་གསེབ་ནས་ཤར་ཞིང་སྤྲིན་གསེབ་ནས་ཡིབ།
སྙིང་ཁོང་གི་ཚ་རླབས་དང་རེ་སྒུག་གི་མེ་ལྕེ་འདྲེས།
རང་བྱུང་གི་འཕོ་འགྱུར་འདི་སྐྱེ་དངོས་མིན་པའི་བུད་ཤིང་ཞིག
སྙིང་ཁམས་ཀྱི་གསོན་ཤུགས་ཡོད་ཚད་མེ་ལ་ཐིམ།
ཟླ་འོད་ལ་དུངས་ནས་མཚན་མོ་ལ་རེ་སྒུག་བྱས།
ཟླ་འོད༌༌༌་་་།
ཡར་ངོའི་འཕེལ་ཁ་དང་མར་ངོའི་བྲི་ཁའི་བར་ནས་ནུབ་ཕྱོགས་སུ་ལྷུང༌།
སྙིང་ཁོང་གི་གྲང་རླབས་དང་འཆར་ཡན་གྱི་ཆུ་འཁྱག་འདྲེས།
རང་བྱུང་གི་ཆོ་འཕྲུལ་འདི་འབྱུང་བ་མིན་པའི་འཁྱག་རོམ་ཞིག
སྙིང་ཁམས་ཀྱི་གསོན་ཤུགས་ཡོད་ཚད་ཆུ་ལ་ཐིམ།
ཁྱོད་རང་ལ་དུངས་ནས་ཁྲོམ་གསེབ་ལ་རྒྱང་ལྟ་བྱས།
ཁྱོད་རང༌༌་་་་༌།
མི་ཚོགས་གསེབ་ནས་ཡིབ་སྟེ་མི་ཚོགས་གསེབ་ཏུ་བརླགས།
སྙིང་ཁོང་གི་བརྩེ་མདངས་དང་རེ་ཞགས་ཀྱི་སྟོང་འདང་འདྲེས།
སེམས་ངོགས་ནས་འཕྱུར་བའི་འཚུབ་མ་འདི་རང་བྱུང་མིན་པའི་རླུང་ཡན་ཞིག
སྙིང་ཁམས་ཀྱི་གསོན་ཤུགས་ཡོད་ཚད་རླུང་ལ་ཐིམ། ལྟ་བུ།
མཇུག་བསྡུ་བ།
མདོར་ན་བོད་ཀྱི་རྩོམ་རིག་ལ་ཉེ་བར་མཁོ་བའི་སྡེབ་སྦྱོར་གྱི་སྐོར་དང༌། སྡེབ་སྦྱོར་གྱི་སྒྲོམ་གཞི་ནང་ཚུད་པའི་བོད་ཀྱི་རྩོམ་རིག་ནི། ནམ་མཁའ་ལས་མཐོངས་ཡངས་ཤིང༌། རྒྱ་མཚོ་ལས་གཏིང་ཟབ། རི་བོ་ལས་དཔངས་མཐོ་ཞིང༌། ཆུ་བོ་ལས་རྒྱུན་རིང་བས། དེ་དག་གི་སྐོར་གསལ་ཞིང་ཞིབ་པ་སྨྱུག་རྩེ་གང་ནས་ཀྱང་ཐོན་ཐབས་མེད་པས། ཁོ་བོ་ལྟ་བུས་སྨྲ་བའི་རྔོ་ག་ལ་ཐོགས། བོད་སྲིད་པ་ཆགས་ནས་ཆོས་རྒྱལ་མེས་དབོན་རྣམ་པའི་བར་གདོད་མའི་ངག་རྩོམ་དང༌། བཻ་རོ་དང་སྐ་ཅོག་ཞང་གསུམ་ནས་བཟུང་བསྟན་པ་ཕྱི་དར་བར་གྱི་སྒྱུར་རྩོམ་དང༌། འཇམ་མགོན་ས་པཎ་ནས་དགེ་ཆོས་བར་གྱི་སྲོལ་རྒྱུན་རྩོམ་ཡིག་གི་འཕེལ་རིམ་དབྱར་གཞུང་གི་མཚོ་མོ་དང༌། སྟོན་ལྗོངས་ཀྱི་ཟླ་བ་ལྟར་གོང་ནས་གོང་དུ་བརྟས་པའི་ལོ་རྒྱུས་འགངས་ཆེ་ལ། ཕྱི་གླིང་པའི་མཁས་པ་ཚོས། བོད་ནི་སྙན་ངག་གི་ཞིང་ཁམས་རེད། བོད་ལྗོངས་ནི་གླུ་གར་གྱི་རྒྱ་མཚོ་རེད། ཅེས་པའང་དོན་ལ་གནས་པའི་བཤད་པ་ཁོ་ན་ཉིད་དུ་ངེས།
ས་ཕག་དུས་འགྱུར་བྱུང་བའི་རྗེས་ནས་ཀྱང༌། དོན་གྲུབ་རྒྱལ་སོགས་གཞོན་སྐྱེས་མཁས་པ་དུ་མས་ཕྱི་གླིང་ནས་དར་བའི་རྩོམ་སྲོལ་གསར་པ་ནང་འདྲེན་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་རྩོམ་ལུས་ཐོག་ཁ་གསབ་གནང་བ་ནས། སྙན་ངག་གསར་པ་ཞེས་གྲགས་པ་འདི་བྱུང་བས་མཚོན། ད་ལྟ་བོད་ཕྱི་ནང་གང་དུའང་སྐྱ་སེར་རིས་མེད་ཀྱི་གཞོན་སྐྱེས་མི་ཉུང་བ་ཞིག་རྩོམ་རིག་ལ་ཧེབ་ལངས་པའི་སྐབས་ཡིན་ལ། རྩོམ་རིག་ལ་ཐོག་མར་འཇུག་པའི་སྒོ་ལྟ་བུ་ནི་སྡེབ་སྦྱོར་རང་ལ་རག་ལས་པར་བསམས་ནས། བོད་ཀྱི་སྡེབ་སྦྱོར་རིག་པ་འབུར་དུ་ཐོན་པའི་ཞར་ལ་རྩོམ་རིག་གི་རྣམ་གྲངས་དང་ཉམས་མྱོང་གི་སྐོར་ཡང་སྐབས་སྟབས་ཀྱིས་ཕན་པ་ཡོང་རེས་ཅུང་ཟད་བཀོད་པ་ལགས་སོ། །
སྡེབ་སྦྱོར་རིག་པའི་གྲུ་གཟིངས་མ་བརྟེན་པར། །རྩོམ་རིག་རྒྱ་མཚོར་འཇུག་པ་ལུགས་མིན་པས། །
འ་འུར་མཁས་པའི་དེད་དཔོན་བཙལ་བྱས་ནས། །ཐོག་མར་སྡེབ་སྦྱོར་སྒྲིག་པའི་ལས་ལ་འབུངས། །
མདོ་སྔགས་གསུང་རབ་དགོངས་འགྲེལ་མན་ཆད་ནས། །གྲོང་གསེབ་རྒན་མོའི་ངག་སྒྲོས་ཡན་ཆད་ཀུན། །
ཚིག་གི་སྡེབ་སྦྱོར་འདི་ལ་མ་ལྟོས་པར། །རྣམ་པ་ཀུན་ཏུ་འབྱུང་བ་ཡོད་རེ་སྐན། །
བརྗོད་བྱ་ཟབ་དང་རྒྱ་ཆེར་ཁས་འཆེ་ཞིང༌། །རྗོད་བྱེད་སྙན་ངག་རྒྱན་གྱིས་སྤྲས་སྙམ་ཡང༌། །
སྡེབ་ལེགས་ཚིག་གི་སྦྱོར་བ་མི་ལྡན་ན། །ལེགས་བཤད་གཏམ་དུ་མཁས་པ་སུ་ཡིས་བརྩི། །
དེ་ཕྱིར་ཁྱོད་ཉིད་འཆད་རྩོད་རྩོམ་གསུམ་ལ། །བརྟེན་ནས་མཁས་པའི་གོ་ས་སྙེགས་འདོད་ན། །
སྡེབ་སྦྱོར་རིག་པའི་ཚིག་གི་སྦྱོར་བ་ལ། །ངེས་པར་སྟེན་ཅིག་རིག་པའི་གྲོགས་པོ་ཀྱེ། །ཞེས་བོད་ཀྱི་རྩོམ་རིག་ལ་ཉེ་བར་མཁོ་བའི་སྡེབ་སྦྱོར་དང་རྩོམ་རིག་གི་ཉམས་མྱོང་སྐོར་འདི། དེ་སྔོན་པདྨ་ཚལ་སློབ་གྲྭའི་སྒོ་སམ་ཐོག་ཐོལ་བྱུང་དུ་འབྲི་ཞོར་སློབ་ཁྲིད་བྱས་ཤིང༌། ཆ་ཚང་བ་སློབ་ཁྲིད་བྱེད་ལོང་མ་བྱུང་བས་འབྲི་འཕྲོར་ལུས། དེ་རྗེས་འབྲས་སྤུངས་བློ་གསལ་གླིང་སློབ་གྲྭར་སྙན་ངག་གི་སྔོན་འགྲོ་སྡེབ་སྦྱོར་འཁྲིད་སྐབས། ཁྲིད་གཞིའི་སློབ་དེབ་མེད་སྟབས་སྡེབ་སྦྱོར་སློབ་ཁྲིད་ལ་ཉེ་བར་མཁོ་བར་བསམས་ནས་མདོར་བསྡུས་ཙམ་ཞིག་གངས་སུལ་གྱི་རོལ་དབྱངས་དུས་དེབ་ཐོག་བཀོད། སླར་སྤྱི་ལོ་ ༢༠༠༧ ཟླ་བ་དང་པོ་ནས་གཉིས་པའི་བར་ཝཱ་ར་ཎ་སི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་གདན་ཞུས་ཐོག་ཇི་ལྟར་རེ་བ་གནང་དོན་བཞིན་ཟླ་བ་གཅིག་གི་རིང་ལ་རྩོམ་རིག་གི་ཟབ་སྦྱོང་སྤྲོད་ཁུལ་བྱས་སྐབས། གནས་མཆོག་དྲང་སྲོང་ལྷུང་པའི་ནགས་འདབས་ཝཱ་ཎའི་མཐོ་སློབ་ཀྱི་བསྟི་གནས་ནཻ་ཧེ་རོའི་མགྲོན་ཁང་དུ་འདི་ཉིད་ཟིན་བྲིས་བཏབ་སྟེ་མཛུབ་ཁྲིད་བྱས་ཤིང་སླར་ཡང་སྣོན་འཕྲི་དང་ལེགས་བཅོས་ཅུང་ཟད་བྱས་ཏེ་གཏན་ལ་ཕབ། (རྗོགས་སོ།)