ཨེ་པ་བསོད་ནམས་རིན་ཆེན།
ནམོ་་མཉྫུགྷོཥཱ་ཡ། མི་ཤེས་རྨོངས་པའི་བཙན་དུག་ཤིང། །གཅོད་མཛད་ཤེས་རབ་རལ་གྲི་འཆང། །
བློ་གྲོས་བདུད་རྩི་སྨན་གྱི་བཅུད། །སྩོལ་མཛད་འཇམ་དཔལ་གཞོན་ནུར་འདུད། །
གང་དག་འཇིག་རྟེན་དངོས་དངོས་མིན། །ཡང་དག་ཐ་སྙད་ལམ་མཆོག་ནས།།
གསལ་མཛད་བརྡ་དོན་མཁས་པའི་ཕུད། །སྔར་བྱོན་ལོ་པཎ་ཚོགས་རྣམས་རྒྱལ། །ཞེས་པའི་མཆོད་ཚིག་ཐུང་ངུས་མདུན་བསུས་ཏེ། སྐབས་སུ་གླེང་བར་བྱ་བ་ནི་ཡེ་ཤུའི་སྟོན་པ་མ་ཤི་ཀའི་འཁྲུངས་ལོའི་(འཁྲུངས་ནས་དུས་ཇི་ཙམ་འགྲོ་བཞིན་པའི་ངོ་ཐོག་ལོ་)ཐ་སྙད་རང་ཅག་བོད་ཀྱི་སྐད་དུ་ཕྱི་ལོ་དང་སྤྱི་ལོར་འབོད་བཞིན་པའི་ལོ་མིང་མི་གཅིག་པའི་བྱུང་ཚུལ་བརྡ་དོན་ལ་ཅུང་ཟད་དཔྱད་པའི་ཚུལ་གྱིས་ཡེ་སྟོན་འཁྲུངས་སྐར་གྱི་འདས་ལོའི་དོན་དང་བྱུང་ཚུལ་མངོན་པར་གསལ་བའི་ལོ་མིང་“ཡེ་ལོ་”ཞེས་པ་འདི་ཉིད་གསལ་བར་བརྗོད་པར་འདོད་དོ། །
དེ་ཡང་དེང་གི་དུས་སུ་ཕྱི་ནང་མི་རིགས་ཕལ་མོ་ཆེས་ལོ་དུས་ཀྱི་འདས་ལུས་བརྩི་གཞིར་སྤྱོད་བཞིན་པའི་ཡེ་ཤུའི་སྟོན་པའི་འཁྲུངས་ལོ་འདི་བཞིན་རང་ཅག་བོད་ཡུལ་དུ་དར་འགོ་ཚུགས་པ་ནས་བཟུང༌། ལོ་རྩིས་འདི་ཉིད་ཀྱི་ཐ་སྙད་ལ་ཕྱི་རབས་བོད་མཁས་རྣམས་ཀྱིས་དབྱིན་ལོ་དང༌། སྤྱི་ལོ། ཕྱི་ལོ་ཞེས་པའི་སྒྲ་བཤད་མི་གཅིག་པ་གསུམ་གྱི་ཐ་སྙད་སྩལ་བ་དེ་རྣམས་རིམ་པར་རང་རེའི་སྤྱི་ཚོགས་སུ་དར་ཁྱབ་བྱུང་ཡོད།
གོང་གསལ་བོད་ཀྱི་ཐ་སྙད་དུ་སྩལ་བའི་ལོ་མིང་གསུམ་ལས་ཕྱི་མ་སྤྱི་ལོ་དང་ཕྱི་ལོ་ཞེས་པའི་ཐ་སྙད་གཉིས་པོ་བོད་མིའི་འཚོ་ཐབས་དངོས་ནང་སྤྱོད་ཡུན་རིང་ཤོས་དང་ཁྱབ་ཆེ་ཤོས་སུ་གྱུར་ཡོད་སྟབས། དེང་དུས་ཀྱི་བོད་མི་ཕལ་མོ་ཆེས་ལོ་མིང་འདི་གཉིས་གང་རུང་མ་གོ་མ་ཐོས་པ་མེད། འོན་ཏེ་དེ་དག་ལ་ཞིབ་ཏུ་དྲིས་ན་མང་ཞིག་གིས་ལོ་རྩིས་འདི་བཞིན་དུས་ཚོད་འདས་ལུས་ཀྱི་བརྩི་གཞི་ཞིག་ཡིན་པའི་ཚོར་སྣང་ཙམ་ལས་དེ་ལྟའི་ཐ་སྙད་མི་གཅིག་པ་སོ་སོའི་བྱུང་ཚུལ་དང་གོ་དོན། བརྩི་ཚུལ་བཅས་ཀྱི་ཐད་མཁྱེན་རྟོགས་ཐུབ་མཁན་ཉུང་ལ། སྐབས་སུ་གླེང་གཞིར་གྱུར་པའི་ཡེ་ལོ་ཞེས་པའི་ཐ་སྙད་འདི་གོ་སྤྱོད་མཁན་ནི་ཤིན་ཏུ་ནས་དཀོན།
ཡེ་སྟོན་འཁྲུངས་ལོའི་ཐ་སྙད་ལ་དབྱིན་ལོ་ཕུད་སྤྱི་ལོ་དང་ཕྱི་ལོ་ཞེས་པའི་གྲགས་ཆེའི་ལོ་མིང་མི་འདྲ་བ་གཉིས་བྱུང་ཡོད་པ་དེ་གཉིས་ཐོག་མར་བེད་སྤྱོད་གཏོང་སྐབས། ཕྱི་ལོ་གོམས་འདྲིས་ཅན་ལ་སྤྱི་ལོ་མི་བདེ་བ་དང་(དཔེར་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཕལ་ཆེ་)སྤྱི་ལོ་གོམས་འདྲིས་ཅན་ལ་ཕྱི་ལོ་མི་བདེ་བ་(དཔེར་ན་བོད་གཞིས་སུ་འཚར་ལོངས་བྱུང་བ་རྣམས་)གཉིས་ཀ་གོ་ཐོས་ཅན་ལ་གཉིས་ཀ་མི་བདེ་(དཔེར་ན། ཕྱིས་བོད་ནས་རྒྱ་གར་དུ་འབྱོར་བ་ཕལ་དང༌། སྐབས་སུ་ཁོ་བོར་མཚོན་ན། སྔར་བོད་དུ་སྤྱི་ལོ་ཞེས་པའི་ཐ་སྙད་ལ་འདྲིས་ཆེས་པ་དང༌། ཕྱིས་རྒྱ་གར་དུ། ཕྱི་ལོ་སྤྱོད་པ་མང་བ་མཐོང་ཐོས་སུ་གྱུར་བས། སླར་ཐ་སྙད་དེའི་བྱུང་ཚུལ་དངོས་དང་དོན་ལ་དཔྱད་ཚེ་གཉིས་ཀ་མི་བདེ་བས། དེའི་ཕྱིར་སྐབས་སུ་གླེང་གཞིར་འགྱུར་པའི་ཐ་སྙད་ ཡེ་ལོ་ ཞེས་པ་སྤྱོད་བདེ་དྲི་མེད་རྩིས་རིག་པའི་ལོ་རྩིས་ཀྱི་ཁུངས་སྟོན་པའི་ཐ་སྙད་འཁྲུལ་བྲལ་ཞིག་ཏུ་ངོས་འཛིན་གྱིས་བེད་སྤྱོད་བཞིན་པ་ལྟ་བུའོ།།)བའི་བློ་དོགས་ཀྱི་དྲི་ངན་ཞིག་ཤུགས་ཀྱིས་འབྱུང་བཞིན་ཡོད་མོད། ཕལ་མོ་ཆེས་དེ་ཉིད་མང་མོས་བརྗོད་བདེ་མྱོང་གོམས་ཙམ་གྱི་རྗེས་སུ་འབྲངས་བཞིན་འདུག་པ་དེས་ན་མཁྱེན་དཔྱོད་ཅན་ལ་དཔྱད་གཞི་དང་ཕྱི་རབས་བློ་གསར་ཚོགས་ཀུན་གོ་སྤྱོད་འཇུག་བདེ་ཡོང་ཕྱིར་སྐབས་དོན་གླེང་གཞི་དངོས་ལ་འཇུག་ན།
དང་པོ། ཡེ་སྟོན་འཁྲུངས་ལོའི་བརྩི་སྲོལ་གྱི་ཐོག་མའི་བྱུང་རིམ་བཤད་པ། གཉིས་པ། བྱུང་ཚུལ་སྔ་ཕྱིའི་རིམ་པ་ལ་ལྟོས་པའི་ཐ་སྙད་སོ་སོའི་གོ་དོན་བྱུང་ཚུལ་ལ་དཔྱད་པ། གསུམ་པ། རྩིས་རིག་པའི་ཐ་སྙད་གདགས་ཚུལ་དང་སྔོན་བྱོན་མཁས་པའི་བཞེད་དགོངས་ལ་དཔྱད་དེ་ཡེ་ལོ་རྣམ་པར་གཞག་པ། བཞི་པ། དཔྱད་ཡིག་འདི་གཉིས་འབྲི་བའི་དམིགས་ཡུལ་རེ་འབོད་དང་བཅས་གླེང་བས་མཇུག་བསྡུ་བའོ།།
དང་པོ། ཡེ་སྟོན་འཁྲུངས་ལོའི་བརྩི་སྲོལ་གྱི་ཐོག་མའི་བྱུང་རིམ།
ཡེ་སྟོན་འཁྲུངས་ལོའི་བརྩི་ཚུལ་འདི་བཞིན་ཐོག་མར་ཨི་ཙི་རལ་གྱི་ཡུལ་ཡ་ཧུ་དའི་གྲོང་ཁྱེར་བོད་ལེ་ཧེམས་སུ་འཁྲུངས་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུ་མ་ཤི་ཀའི་རྗེས་འཇུག་པ་རྣམས་ཀྱིས་རང་གི་སྟོན་པའི་འཁྲུངས་སྐར་ལ་དྲན་གསོ་དང་དད་གུས་ཞུ་ཕྱིར་རྩིས་འགོ་བཟུང་བ་ཞིག་ཡིན་པས། རང་ལུགས་འབྱུང་རྩིས་རིག་པའི་རྩིས་འགོ་ལྟར་ན་འདི་ནི་བརྒྱད་ཅུ་སྐོར་བརྒྱད་པའི་ཕྲེང་གཉིས་པ་ཙམ་གྱི་ནང་དར་བ་ཞིག་ཡིན། དེ་ཡང༌། ཡེ་ཤུའི་སྟོན་པ་མ་ཤི་ཀ་འདི་ཉིད་རང་ཅག་དུས་འཁོར་ལུགས་ཀྱི་ལྕགས་སྤྲེལ་བོད་ཟླ་ ༡༡ པའི་ཚེས་ ༢༨ རེས་གཟའ་ཉི་མ་དེ་ནས་ཞག་བདུན་གཅིག་འདས་པའི་རེས་གཟའ་ཉི་མ་དེ་སྟེང་ནས་ཚེས་གཅིག་རྩིས་པའི་དུས་འཁོར་ལུགས་ཀྱི་ལྕགས་བྱ་ཡེ་ཟླ་ ༡ ཞག་དང་པོ་རེས་གཟའ་ཉི་མར་འཁྲུངས། དུས་མཚམས་འདི་ནི་ཡེ་ཤུའི་འཁྲུངས་སྐར་གྱི་ལོའི་རྩིས་འགོ་ཡིན་པའང༌། ཚེ་ཏན་ཞབས་དྲུང་གིས་མཛད་པའི་བསྟན་རྩིས་ཀུན་བཏུས་ལས། ལྕགས་བྱ་ལ་སྤྱི་ལོ་ ༡ གསར་དུ་ཚུགས། ཡེ་ཤུ་མ་ཤི་ཀ་སྐྱེས།༡ ཞེས་གསལ། དེ་ཡང་ཡེ་ཤུ་འཁྲུངས་རྗེས་ཀྱི་ལོ་ ༥༣༢ པའི་ཆུ་བྱིར་ཡེ་ཤུའི་རྗེས་འབྲངས་པ་རྣམས་ནས་དངོས་སུ་ལོ་རྩིས་འདི་ཉིད་བེད་སྤྱོད་བྱས་པ་ཡིན་པས། རྩིས་འགོ་ནི་གོང་དུ་བསྟན་པ་ལྟར། ཡེ་ཤུ་འཁྲུངས་པ་ནས་འཛིན་དགོས་པའི་སྐོར་དང༌། རྡོ་བྲག་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་ནང༌། ལོ་རྩིས་འདི་བཞིན་ཡེ་ཤུ་གྲོངས་པའི་ལོ་ནས་བརྩི་དགོས་པར་གསུངས་པ་ནོར་ཚུལ་ཡང་བསྟན།
གཉིས་པ། བྱུང་ཚུལ་སྔ་ཕྱིའི་རིམ་པས་ཐ་སྙད་སོ་སོའི་གོ་དོན་དང་བྱུང་རིམ་ལ་དཔྱད་པ།
ཚང་མས་ཤེས་གསལ་ལྟར་འཛམ་གླིང་འདིའི་ཐོག་ཆོས་ལུགས་མི་འདྲ་བ་ཇི་སྙེད་ཅིག་དར་ཡོད་པ་ལས། ཡེ་ཤུའི་གནམ་བདག་ཆོས་ལུགས་འདི་ནི་ལྷོ་གླིང། (ལྷོ་གླིང་དབུས་མས་གཙོས) མ་ཡིན་པའི་གླིང་གཞན་དུ་དར་ཁྱབ་ཆེ་ཤོས་ཀྱི་ཆོས་ལུགས་ཤིག་ཡིན། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚོས་རང་མེས་ཀྱི་ཆོས་བརྒྱུད་དེ་བཞིན་དབྱིན་ཡུལ་དང་ཨ་རི་སོགས་ནུབ་དང་བྱང་གླིང་རྒྱལ་ཁབ་ཁག་ཏུ་ཁྱབ་སྤེལ་བྱས་པ་དང་སྦྲགས་སྟོན་པའི་འཁྲུངས་སྐར་གྱི་ལོ་རྩིས་བརྩི་བའི་སྲོལ་འདི་ཡང་ལྷན་དུ་དར་སྤེལ་བཏང་ཡོད། ཡེ་ཤུུའི་འཁྲུངས་སྐར་གྱི་ལོ་རྩིས་འདི་བཞིན་ཐོག་མར་དེ་ལུགས་སྟོན་པ་མ་ཤི་ཀའི་འཁྲུངས་སྐར་ལ་དད་གུས་དྲན་གསོ་བྱ་ཕྱིར་རྩིས་འགོ་བཟུང་བ་ཞིག་ཡིན་ཀྱང༌། ཕྱིས་སུ་ཕྱི་ལུགས་སྐར་རྩིས་མཁན་ཐུན་མོང་གིས་བརྩི་བར་བྱ་བའི་འདས་ལོར་བཀོད་པར་འདོད། འོན་ཏེ་རང་ལུགས་བོད་རྩིས་རིག་པའི་རྩིས་འགོ་ལྟར་ན། ཡེ་སྟོན་འཁྲུངས་སྐར་གྱི་ལོ་རྩིས་འདི་བཞིན་ཕྱིའི་གཟའ་སྐར་གྱི་འཁོར་བགྲོད་དང༌། དུས་དང་དུས་བརྩི་བའི་བླང་དོར་སྟོན་ནུས་པའི་ལོ་རྩིས་རང་རྐྱ་འཕེར་བ་ཞིག་མ་ཡིན་ལ་སྐར་རྩིས་ལུགས་ཀྱི་རབ་ལོ་ལྟར་རྩིས་རིག་པའི་རྩིས་འགོ་ཁུངས་ཐུབ་ཅིག་དེ་བས་མ་ཡིན།
ཡེ་ཤུའི་གནམ་བདག་ཆོས་ལུགས་འདི་རྒྱ་དཀར་དང་རྒྱ་ནག བོད་བཅས་སུ་དར་སྔ་ཕྱིའི་རིམ་པས་ལོ་རྩིས་འདིའི་ཐ་སྙད་ལ་བོད་སྐད་དུ་དབྱིན་ལོ་དང༌། སྤྱི་ལོ། ཕྱི་ལོ་༢ཞེས་པའི་འབོད་སྲོལ་མི་འདྲ་བ་གསུམ་རིམ་པར་བྱུང་ཡོད་པས། ཐ་སྙད་དེ་གསུམ་གྱི་སྔ་ཕྱིའི་རིམ་པ་ལྟར་སོ་སོའི་དོན་དང་བྱུང་ཚུལ་ཐད་དཔྱད་གླེང་ཅུང་ཞིག་བྱ་བ་ལ།
༡། དབྱིན་ལོ་ཞེས་པའི་ལོ་མིང་གི་གོ་དོན་དང་བྱུང་ཚུལ།
སྤྱིར་བཏང་ཡེ་ཤུའི་ཆོས་ལུགས་ལྷོ་གླིང་(དུས་འཁོར་ལུགས་ཀྱི་གླིང་བཞི་ལྟར་ན། ལྷོ་གླིང་དང་ས་ཁམས་རིག་པ་ལྟར་ན་ཨེ་ཤ་ཡའི་གླིང་)དུ་དར་སྔ་ཤོས་ཀྱི་རྒྱལ་ཁབ་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཡིན། ཆོས་ལུགས་འདི་ཉིད་རྒྱ་ནག་ཏུ་དར་བ་དང་ལྷན་ཡེ་ཤུའི་འཁྲུངས་ལོའི་བརྩི་སྲོལ་འདི་ཉིད་དར་འཕེལ་བྱུང་ཡོད་པ་ལུགས་དེའི་ཡིག་ཚང་དུ་དུས་ཚོད་འདས་ལུས་ཀྱི་བརྩི་གཞིར་བེད་སྤྱོད་ཐོག་མ་བྱས་ཡོད་པའང་ལོ་རྩིས་འདིའི་ཐ་སྙད་ལ་དེ་ལུགས་སྐད་དུ་ཀུང་ཡོན་ཞེས་པའི་ཡིག་འབྲུ་གཉིས་གསལ་བ་དོན་འགྲེལ་དུ་སྟོན་པ་ཡེ་ཤུ་འཁྲུངས་པའི་ལོ་ཞེས་བཀོད་ཡོད། ལུགས་འདིའི་ཐ་སྙད་བོད་དུ་དར་བ་ནི་སྤྱི་ལོ་ཞེས་པ་དེ་ཡིན་པས་དེ་དོན་ཞིབ་པ་ཕྱི་མར་གླེང་རྒྱུ་ཡིན།
དེ་ལ་ཐོག་མར་དབྱིན་ལོ་ཞེས་པའི་ཐ་སྙད་ལ་བསམ་ན། འདི་ནི་དབྱིན་ཇིས་སྤྱོད་པའི་ལོ་རྩིས་ཤིག་ཡིན་པ་ང་ཚོས་གསལ་རྟོགས་ཐུབ་ངེས། དེ་ཡང་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་པའི་དུས་ཡུན་ནང་ཡེ་ཤུའི་གནམ་བདག་ཆོས་ལུགས་འདི་ཉིད་ཅུང་ཟད་ཡོད་པར་གྲགས་ཀྱང་ལོ་རྩིས་ཀྱི་སྲོལ་འདི་བཞིན་ཡོངས་གསལ་ཞིག་དར་མེད་ལ། དེ་ཉིད་བོད་བསྒྱུར་གྱི་ཐ་སྙད་སྤྱི་མཐུན་ཞིག་དེ་བས་མེད། དཔེར་ན། བོད་གཞུང་སྨན་རྩིས་ཁང་ནས་རབ་བྱུང། ༡༥ ལྕགས་བྱ་(ཡེ་སྟོན་འཁྲུངས་ལོ་༡༩༢༡)ལོར་འདོན་སྤེལ་གནང་བའི་གཞུང་ལེ་(བོད་གཞུང་གི་ལེ་ཐོའམ་ལོ་ཐོ་)རྙིང་པ་ཞིག་གི་ནང༌། རབ་ལོ་དང༌། བོད་ཟླ། བོད་ཚེས་རྐྱང་པ་ལས་སྤྱི་ལོ་དང་དབྱིན་ལོ་སོགས་ད་ལྟའི་ཐ་སྙད་འདི་རིགས་ཟུར་ཙམ་ཡང་གསལ་མེད་པས་ཤེས།(རྒྱུ་མཚན་འདིས། དེའི་ཚེ་དེའི་སྐབས་དུས་ཚོད་ཀྱི་འདས་ལུས་ཚང་མ་རང་ལུགས་རྩིས་རིག་ལས་བསྟན་པའི་དུས་རྩིས་ཀྱིས་གོ་ཆོད་འཕེར་བ་བསྟན་པ་ཡིན།) གོང་གསལ་ལོ་དུས་དང་དེ་འབྲེལ་ལོ་རྒྱུས་ཀྱི་འཕེལ་རིམ་ལ་དཔགས་ཏེ་བཤད་ན། དབྱིན་ལོ་ཞེས་པའི་ཐ་སྙད་འདི་ནི་ཐོག་མར་བོད་དུ་རྒྱ་གར་ནས་དར་བ་ཞིག་ཡིན་པ་རྟོགས་ནུས་པས། སྐབས་སུ་འདི་ཉིད་ཇི་ལྟར་དར་བའི་ཚུལ་མདོ་ཙམ་གླེང་ན། ཡེ་ཤུའི་འཁྲུངས་ལོ་ཆིག་སྟོང་བརྒྱད་བརྒྱ་ཙམ་གྱི་ནང་དབྱིན་ཇིས་རྒྱ་གར་ལ་བཙན་འཛུལ་བྱ་འགོ་ཚུགས་པ་དང༌། དབྱིན་ཇིས་རྒྱ་གར་ལ་བཙན་འཛུལ་བྱས་པའི་མི་ལོ་བརྒྱ་ཕྲག་གཉིས་ལྷག་གི་དུས་ཡུན་ནང༌། དེ་སྔ་དབྱིན་ཡུལ་དུ་དར་བའི་ཡེ་ཤུའི་གནམ་བདག་ཆོས་ལུགས་དང་ཁྱད་པར་ཡེ་ཤུའི་འཁྲུངས་ལོའི་བརྩི་སྲོལ་འདི་བཞིན་རྒྱ་གར་ཡུལ་དུ་དར་ཁྱབ་ཆེ་བར་བྱུང༌།
ཡེ་ཤུའི་འཁྲུངས་ལོ་ ༡༩༠༢ ནང་རྒྱ་གར་ཧི་མཱ་ལ་ཡའི་བྱང་རྒྱུད་དུ་གནས་པའི་ཁུ་ནུའི་ཡུལ་གྱི་རྩིས་མཁན་དེ་ཝ་རམ་མམ་བྱང་ཆུབ་རྒྱལ་མཚན་ཞེས་པས་རང་ལུགས་བོད་རྩིས་ལུགས་ཀྱི་ཁུ་ནུའི་ལེ་ཐོ་ཞེས་པ་ཐོག་མར་འདོན་སྤེལ་གནང༌། རབ་བྱུང་བཅོ་ལྔ་པའི་ནང་དེ་ལུགས་བོད་རྩིས་ལེ་ཐོའི་ནང་ཡེ་ཤུའི་འཁྲུངས་ལོ་བརྩི་བའི་ལོ་རྩིས་ཀྱི་སྲོལ་འདི་བཞིན་ཐོག་མར་བེད་སྤྱད་ཡོད་ཅིང༌། དེ་ཚེ་དབྱིན་ཇིས་བེད་སྤྱད་པར་གཙོ་དམིགས་ཀྱིས་ལོ་རྩིས་འདིའི་ཐ་སྙད་ལ་དབྱིན་ལོ་ཞེས་བསྒྱུར་གནང་ཡོད། དེ་ཡང་རབ་བྱུང་ ༡༦ ཆུ་རྟ་(ཡེ་ལོ་ ༡༩༤༢)ལོར་སྤེལ་བའི་ཁུ་ནུའི་ལེ་ཐོའི་ནང༌། དབྱིན་ཇིའི་ལོ་ ༡༩༤༢ ཞེས་གསལ་ལ། ལོ་དེའི་བོད་ཟླ་གསུམ་པའི་ཚེས་ ༡༦ ཉིན་གྱི་ཚེས་ཁོངས་སུ། དབྱིན་ཟླ་བཞི། མ་ཨེ། ཞེས་དང༌། བོད་ཟླ་བཞི་པའི་ཚེས་ ༡༧ ཉིན། ཨིན་ཟླ་ ༦ ཞུན་ཞེས་དང༌། ཆུ་འབྲུག་(ཡེ་ལོ་ ༡༩༥༢)ལོའི་ལེ་ཐོའི་ནང༌། དབྱིན་ལོ་ཞེས་སྒྲ་སོར་བཞག་བྱས་ཡོད་པར་མ་ཟད་ལུགས་འདིས་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུའི་བར་ཐ་སྙད་འདི་རང་བེད་སྤྱད་ཡོད།
གཞན་ཡང༌། རབ་བྱུང་དེའི་ཤིང་བྱ་(ཡེ་སྟོན་འཁྲུངས་ལོ། ༡༩༤༥)ལོར་ལྷ་ལྡན་སྨན་རྩིས་ཁང་ནས་འདོན་སྤེལ་གནང་བའི་ལེ་ཐོ་རིན་ཆེན་དབང་གི་རྒྱལ་པོ་ཞེས་པའི་ནང་ཚེས་ཁོངས་སུ། དབྱིན་ལོ་ ༡༩༤༥ ཞེས་དང༌། ཟླ་ཚེས་ཁོངས། དབྱིན་ཟླ་ ཚེས། ཞེས་གསལ།༣ གོང་གསལ་ཡུལ་དུས་མི་གཅིག་པ་གཉིས་ནས་འདོན་སྤེལ་བྱས་པའི་ལེ་ཐོའི་ནང༌། དབྱིན་ལོ་ཞེས་པའི་ཐ་སྙད་གཅིག་གྱུར་བེད་སྤྱོད་བྱས་ཚུལ་ལ་དཔྱད་ན། ཡེ་སྟོན་འཁྲུངས་ལོའི་ཐ་སྙད་བོད་སྒྱུར་ཐོག་མ་ནི། དབྱིན་ལོ་ཞེས་པ་འདི་ཡིན་པ་གསལ་བར་སྟོན་ཐུབ་ལ། དེ་ལྟའི་ཐ་སྙད་བཏགས་པའི་རྒྱུ་མཚན་ཡང་དེ་ཚེ་དབྱིན་ཇི་བ་ཚོས་བེད་སྤྱོད་པ་གཙོར་དགོངས་ནས་བཏགས་པར་མངོན་པས། དུས་སྔ་ཕྱིའི་རིམ་པ་ལ་དཔྱད་ཚེ་ལོ་རྩིས་འདི་ཉིད་ཐོག་མར་ཁུ་ནུའི་རྗེས་འཛིན་རྩིས་མཁན་ཚོས་བེད་སྤྱད་པ་བརྒྱུད་བོད་དུ་དར་བར་སྙམ།
༢། སྤྱི་ལོ་ཞེས་པའི་ཐ་སྙད་ཀྱི་དོན་དང་བྱུང་ཚུལ།
ཡེ་སྟོན་འཁྲུངས་ལོའི་ཐ་སྙད་སྤྱི་ལོ་ཞེས་པ་འདི་ནི་བྱུང་རིམ་ཨང་གཉིས་པ་ཡིན། ཡོངས་གྲགས་ལྟར་ན་ཐ་སྙད་འདི་ནི་རྒྱ་ནག་སྐད་དུ་བསྒྱུར་བའི་ལོ་མིང་ཀུང་ཡོན་ཞེས་པ་ལས་ཡང་བསྒྱུར་བྱས་པར་འདོད་ལ། སྒྲ་བཤད་ནི་འཛམ་གླིང་སྤྱིའམ་ཐུན་མོང་དུ་གྲགས་པའི་ལོའི་བརྩི་ཚུལ་ཞིག་ཡིན་པར་འགྲེལ། དེ་ཡང༌། ཡེ་སྟོན་འཁྲུངས་ལོ་ ༡༩༥༩ ལོར་རྒྱ་ནག་སྲིད་གཞུང་གིས་བོད་ལ་དབང་སྒྱུར་བྱས་རྗེས་བོད་ཀྱི་སྤྱི་ཚོགས་དེ་བཞིན་གཞིས་བྱེས་ཚོ་ཁ་གཉིས་སུ་གྱེས་ཤིང༌། དེ་བས་བོད་གཞིས་སུ་གནས་པའི་བོད་མིའི་སྤྱི་ཚོགས་ནང་རིམ་པར་རྒྱའི་སྲོལ་ལུགས་ཀྱི་རིག་གཞུང་དང་གོམས་སྲོལ་ཇི་སྙེད་ཅིག་དར་བ་ལས་དེ་སྔ་རྒྱ་ནག་ཏུ་བེད་སྤྱོད་དར་ཁྱབ་བྱུང་པའི་ཡེ་སྟོན་འཁྲུངས་ལོའི་རྩིས་གཞི་འདི་བཞིན་བོད་དུ་དར།
ཡེ་སྟོན་གྱི་རྩིས་ལོའི་ཐ་སྙད་སྤྱི་ལོ་ཞེས་པ་དེ། གཞིས་ལུས་བོད་པའི་སྤྱི་ཚོགས་སུ་དར་འགོ་ཚུགས་པ་ནས་བཟུང་དེ་ཉིད་ཡོངས་ཁྱབ་ཀྱི་ལོ་རྩིས་ཞིག་ཏུ་ངོས་འཛིན་གྱིས་ལེ་ཐོ་དང་བསྟན་རྩིས། ལོ་རྒྱུས་སོགས་སུ་བེད་སྤྱོད་བྱས་ཡོད་པར་མ་ཟད། ཚིག་མཛོད་ནང་དུའང་ལོ་མིང་དོན་འགྲེལ་དང་བཅས་པ་གཏན་འབེབས་བྱས་ཡོད༌། དེ་ཡང་རྒྱ་བོད་ཚིག་མཛོད་ཆེན་མོའི་ནང༌། སྤྱི་ལོ། གནམ་བདག་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུ་འཁྲུངས་ནས་རྩིས་པའི་ལོ། ཞེས་གསལ་བ་ལས་འཛམ་གླིང་སྤྱི་མཐུན་གྱིས་བེད་སྤྱོད་པ་སོགས་ཀྱི་གསལ་འགྲེལ་བཀོད་མེད། གཞན་ཡང༌། ཕྱི་ལོ་ཞེས་པའི་མིང་འགྲེལ་ལ་གཟིགས་དང༌། ཕྱི་ལོ་ནི་ལོ་ཕྱི་མའོ་ཞེས་བཀོད་པ་ལ་དཔགས་ན། དེའི་ཚེ་དེའི་དུས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་ཡོངས་གྲགས་སྤྱོད་བཞིན་པའི་ཕྱི་ལོ་ཞེས་པའི་ཡེ་སྟོན་འཁྲུངས་ལོའི་ཐ་སྙད་དེ་རྒྱང་རིང་དུ་དོར་བ་གསལ་པོར་མངོན།
༣། ཕྱི་ལོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་བྱུང་ཚུལ།
ཕྱི་ལོ་ཞེས་པའི་ཐ་སྙད་ནམ་བྱུང་གི་དུས་རིམ་ལ་དཔྱད་ཚེ། ཐ་སྙད་འདི་ནི་དེ་སྔོན་ནས་བྱུང་ཡོད་ཀྱང༌། ཡོངས་གྲགས་སུ་ལོ་རྗེས་མ་ཞེས་པའི་དོན་ལ་འཇུག་པ་ལས་ཡེ་ལོར་གོ་བ་མིན། འོན་ཀྱང་གཤམ་དུ་གསལ་བ་ལྟར་ཡེ་ལོའི་དོན་དུ་སྦྱར་བའང་མཆིས་མོད་དར་འཕེལ་ནི་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་བྱུང་བ་ཞིག་ཡིན། དེ་ཡང་ཡེ་ལོ་ ༡༩༦༡ ལོར་བོད་གཞུང་སྨན་རྩིས་ཁང་ནས་གཞུང་ལེ་ཐོག་མར་འདོན་སྤེལ་གནང༌། འདོན་ལོ་འདི་ནས་ཁྱོན་ལོ་བཞི་ལྷག་གི་རིང་ཡེ་སྟོན་འཁྲུངས་ལོའི་ཐ་སྙད་ལ་སྤྱི་ལོ་ཞེས་པ་བེད་སྤྱོད་གནང་ཡོད་ཅིང༌། འདི་ཚེ་ཁུ་ནུས་ཀྱང་རང་ལུགས་དབྱིན་ལོ་ཞེས་པ་དོར་ཏེ་སྤྱི་ལོ་ཞེས་པ་བེད་སྤྱད་ཡོད།
དེ་ལ་དྷ་ས་བོད་གཞུང་སྨན་རྩིས་ཁང་ནས་ཆུ་ཡོས་(ཡེ་ལོ། ༡༩༦༣)ལོར་འདོན་སྤེལ་གནང་བའི་ལེ་ཐོ་མཛེས་བྱེད་ཅེས་པ་འབྱུང་བ་བཞི་ལྡན་ཆུ་མོ་ཡོས་ཀྱི་རྀ་ཐུ་རྒྱལ་བ་དགྱེས་པའི་མཆོད་སྤྲིན། ཞེས་པའི་ཁ་བྱང་དུ་(དཔེ་གཟུགས།) སྤྱི་ལོ་ ༡༩༦༣/༤/༢༤ ཞེས་གསལ་ལ། ལྕགས་བྱི་ཡེ་ལོ། ༡༩༦༠ ལོ་དང་ཤིང་འབྲུག་ཡེ་ལོ། ༡༩༦༤ ལོར་འདོན་སྤེལ་བྱས་པའི་ཁུ་ནུའི་ལེ་ཐོའི་ནང་ཚེས་ཁོངས་སུ། སྤྱི་ལོ། སྤྱི་ཟླ་ཞེས་གསལ།
མཚམས་འདིར་“ཕྱི་ལོ་”ཞེས་པའི་ཐ་སྙད་འདི་ཐོག་མར་ཇི་ལྟར་གཏན་འབེབས་བེད་སྤྱོད་བྱས་སྐོར་གྱི་གནད་དོན་སྙིང་བསྡུས་གླེང་ན། ཐ་སྙད་འདི་ནི་ཡེ་ལོ་ ༡༩༦༣ ལོར་རང་གཞུང་བཀའ་ཤག་ནས་དབུ་འབྱེད་གསར་འཛུགས་བསྐྱངས་པའི་རྩོམ་བསྒྱུར་ལྷན་ཁང་ནས་གཏན་འབེབས་གནང་བ་ཞིག་རེད་འདུག དེ་དོན་ཞིབ་པ་སྐབས་དེའི་རྩོམ་སྒྱུར་ལས་རོགས་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ནས་གསུངས་པའི་སྙིང་དོན་དུ། “༡༩༦༣ ལོར་རང་གཞུང་བཀའ་ཤག་ནས་དབུ་འབྱེད་ཀྱིས་རྩོམ་སྒྱུར་ལྷན་ཁང་ཞེས་པའི་ལྷན་ཁང་ཞིག་གསར་འཛུགས་གནང་བ་དེ་སྐབས་བྲག་གཡབ་རིན་པོ་ཆེར་དབུ་འཛིན་དང༌། ཁེ་སྨད་ཛ་སག་བསོད་ནམས་དབང་འདུས། ངོས་(སྐུ་ངོ་ངག་དབང་དོན་གྲུབ་)གཉིས་ཕྱག་རོགས་སུ་བསྐོ་གཞག་གནང༌། སྐབས་དེའི་ང་ཚོའི་ལས་འགན་གཙོ་བོ་ཞིག་ནི། སྐད་ཡིག་ཕབ་སྒྱུར་གྱི་ལས་དོན་ཡིན། ཡེ་ཤུའི་ལོར་“ཕྱི་ལོ་”དང༌། འཇར་པན་ལ་“ཉི་ཧོང་”ཞེས་སོགས་ཀྱི་ཐ་སྙད་རྣམས་ཀྱང་དེ་སྐབས་ལྷན་ཁང་ནས་གསར་བསྒྱུར་སྒྲིག་བཅོས་བྱས་པ་ཞིག་རེད། ཡེ་ཤུའི་འཁྲུངས་ལོའི་ཐ་སྙད་ལ་དེ་སྔ་“སྤྱི་ལོ་”ཞེས་བེད་སྤྱོད་བཞིན་པའང་དེ་ཚེ་སྐུ་ངོ་ཛ་སག་བསོད་ནམས་དབང་འདུས་ལགས་ནས་“སྤྱི་ལོ་”ཞེས་པའི་ཐ་སྙད་འདི་བཞིན་རྒྱའི་སྐད་ནས་ཡང་སྒྱུར་བྱས་པ་ཞིག་ཡིན་པས། དེ་ལས་“ཕྱི་ལོ་”ཞེས་པ་དེ་སྔ་བེད་སྤྱད་མྱོང་ཡོད་པ་ཙམ་མ་ཟད། ྋརྒྱལ་བ་སྐུ་གོང་མའི་(སྐུ་ཕྲེང་བཅུ་གསུམ་པ་)སྐབས་ཀྱི་དབྱིན་བོད་ཆིངས་ཡིག་ཏུའང་ཡེ་ཤུའི་ལོར་“ཕྱི་ལོ་”ཞེས་གསལ་བས་ཐ་སྙད་འདི་རང་བེད་སྤྱད་ན་ལེགས་ཞེས་པའི་དགོངས་ཚུལ་གནང་བ་ལྟར། རྩོམ་སྒྱུར་ལྷན་ཁང་ནས་ཀྱང་མོས་མཐུན་གཅིག་གྱུར་བྱུང་སྟེ་དེ་དོན་ཞིབ་པ་རང་གཞུང་བཀའ་ཤག་ལ་སྙན་གསོལ་ཞུས། ༡༩༦༤ ལོར་རང་གཞུང་བཀའ་ཤག་ནས་ཆོག་མཆན་ཐོབ་པ་བཞིན་དྲིལ་བསྒྲགས་ལྷན་ཁང་ནས་དེ་དོན་གཏན་འབེབས་བྱས་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་རེད་”༤ཅེས་གསུངས་པ་སྐབས་དེར་བཞག་པའི་སིམ་ལའི་ཆིངས་ཡིག་དངོས་སམ་འདྲ་བཤུས་རིགས་མ་མཐོང་ཡང༌། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས། གླེགས་བམ་གཉིས་པ། ཤོག་ངོས་ ༦༣༥ ནས་ ༦༤༠ བར་རྒྱ་བོད་དབྱིན་གསུམ་སིམ་ལར་བཞག་པའི་ཆིངས་ཡིག་བཀོད་འདུག་པའི་ནང་ཡེ་ཤུའི་ལོར་“ཕྱི་ལོ་”ཞེས་གསལ་བའང༌། ཆིངས་ཡིག་དོན་ཚན་བཅུ་གཅིག་པར། “ད་ལམ་ཆིངས་ཡིག་འདི་བཞིན་ལག་རྟགས་རྒྱབ་པ་ནས་བཟུང་བརྩི་འཇོག་བྱ་རྒྱུ། ཆིངས་ཡིག་འདི་བཞིན་དབྱིན་རྒྱ་བོད་བཅས་ཀྱི་ཡི་གེ་འདྲ་གསུམ་རེའི་ཐོག་སྐུ་ཚབ་སོ་སོའི་ཐམ་ག་དང༌། མིང་རྟགས་འཁོད་ཡོད། སིམ་ལར། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བཞི། ཟླ་བ་འཇུ་ལའི་ཏ་རིག་གསུམ། རྒྱ་ལུགས་མི་སེར་རྒྱལ་ཁབ་ཀྱི་ལོ་གསུམ་པའི་ཟླ་བ་བདུན་པའི་ཚེས་གསུམ། བོད་ལུགས་ཤིང་སྟག་ཟླ་ ༥ ཚེས་ ༡༠ ལ་”ཞེས་དང༌། དབྱིན་བོད་གཉིས་ནང་མཐུན་ཟུར་བཞག་པ་ཆིངས་ཡིག་ཅེས་པའི་མཇུག་ཏུ་“སིམ་ལར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བཞི་ཟླ་བ་འཇུ་ལའི་ཏ་རིག་གསུམ། བོད་ལུགས་ཤིང་སྟག་ཟླ་ ༥ ཚེས་ ༡༠ ལ་”ཞེས་གསལ་བ་ཆིངས་ཡིག་འདི་གཉིས་ཡིད་རྟོན་འཕེར་མིན་ཡང་ཞྭ་སྒབ་པ་མཆོག་གིས་གསལ་དཀྲོལ་གནང་དོན། “གོང་གསལ་ཆིངས་ཡིག་ངོ་མ་གཉིས་རྩེ་ཡིག་ཚང་དུ་ཡོད་པ་དང་ཞུས་དག་ངེས་འདྲོངས་སོང་ཞེས་པའི་ཆིངས་ཟིན་བཀའ་ཐམ་འབྱར་ནས་བཤུས་པ་ཡིན་”ཞེས་ཞལ་བཞེས་མཛད་འདུག་པས་རྟོགས་ནུས། དེ་ལས་རང་གཞུང་སྨན་རྩིས་ཁང་གི་ལོ་ཐོའི་ནང་འཁོད་པ་ནི། ཡེ་ལོ་ ༡༩༦༦ མེ་རྟ་ལོར་ཡིན། དེ་ཡང་མེ་རྟ་༼ཡེ་ལོ། ༡༩༦༦༽ལོར་ལེ་ཐོ་དཔེ་གཟུགས་ནས་དེབ་གཟུགས་ལ་བསྒྱུར་བར་མ་ཟད། ཡེ་ལོའི་ཐ་སྙད་དུ་ཕྱི་ལོ་ཞེས་པའི་མིང་ཚིག་གསར་པ་ཞིག་ལེ་ཐོའི་ཁ་བྱང་དུ་ཐོན་ཡོད་པ་དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས
་ནང་ཐ་སྙད་འདི་ཐོག་མར་དར་ཁྱབ་འབྱུང་བའི་དུས་འགོ་ཡིན་པར་ངོས་འཛིན་གནང་ན་ཆོག དེ་ཡང་མེ་རྟ་ལོར་འདོན་སྤེལ་གནང་བའི་ལེ་ཐོའི་ཁ་བྱང་ཐོག་ཕྱི་ལོ་ ༡༩༦༦ ཞེས་གསལ་ལ། འདི་ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོངས་ཁྱབ་འདོན་སྤེལ་གནང་དང་གནང་བཞིན་པའི་གསར་ཤོག་དང༌། ལོ་རྒྱུས་ཡིག་ཆ། གཞན་ཡང་གཞུང་འབྲེལ་ཡིག་ཆ་ཕལ་མོ་ཆེའི་ནང་ཡེ་སྟོན་འཁྲུངས་ལོའི་ཐ་སྙད་ལ། ཕྱི་ལོ་ཞེས་པ་བེད་སྤྱད་ཡོད་ལ་ཁུ་ནུའི་ལེ་ཐོས་ཀྱང་དེའི་རྗེས་སུ་ཞུགས་ཏེ་ཐ་སྙད་གསུམ་པ་ཕྱི་ལོ་ཞེས་པ་བེད་སྤྱད་ཡོད།
ཕྱི་ལོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་ནི་ཕྱིའི་རྒྱལ་ཁབ་ནས་དར་བ་དང༌། ཕྱི་རྒྱལ་བ་ཚོས་བེད་སྤྱོད་པའི་ལོ་ཡིན་པའི་རྒྱུ་མཚན་གཙོར་དགོངས་ཏེ་བཏགས་པ་ཞིག་ཡིན་པར་འདོད། ཐ་སྙད་འདིས་ཕྱི་རྒྱལ་གྱི་ལོ་ཡིན་པའི་དོན་ཙམ་ལས་ལོ་རྩིས་འདིའི་ཁུངས་དངོས་མི་གསལ་སྟབས། ཕྱིས་སུ་བོད་རྒྱལ་ལོར། ནང་ལོ་ཞེས་པའི་ཐ་སྙད་ཅིག་ཁ་ཅིག་གིས་བེད་སྤྱད་ཡོད།
གསུམ་པ། རྩིས་རིག་པའི་ཐ་སྙད་གདགས་ཚུལ་དང་སྔར་བྱོན་མཁས་པའི་བཞེད་དགོངས་ལ་དཔྱད་དེ་ཡེ་ལོ་རྣམ་པར་གཞག་པ།
གོང་གསལ་ཐ་སྙད་མི་འདྲ་བ་གསུམ་པོའི་བྱུང་ཚུལ་བརྒྱུད་རིམ་ལས། ཡེ་ལོ་ཞེས་པའི་ཐ་སྙད་འདིའི་གོ་དོན་དང་འདི་ལྟ་བུའི་ཐ་སྙད་ཅིག་བེད་སྤྱད་པའི་རྒྱུ་མཚན་ཤུགས་ལས་རྟོགས་ཐུབ། ཐ་སྙད་འདི་ནི་རྩིས་རིག་པའི་ལོ་རྩིས་དང་མཐུན་པར་རྗེས་སྒྲུབ་ཀྱི་མིང་འདོགས་ཚུལ་ཚད་ལྡན་ཞིག་ལས། རྩིས་རིག་པའི་ཐ་སྙད་གདགས་ཚུལ་དང་མི་མཐུན་པའི་ཐ་སྙད་ཅིག་མ་ཡིན།
དེ་ཡང༌། རྒྱུན་གཏན་གཞུང་ལེའི་ནང་བཞེད་སྲོལ་ལུགས་ཐ་དད་པའི་ལོ་རྩིས་བརྒྱད་ཙམ་འགོད་སྲོལ་ཡོད་པ་དེ་དག་སོ་སོའི་ཐ་སྙད་ལ་དཔྱད་ཚེ། ཡེ་ཤུའི་འཁྲུངས་ལོའི་ཐ་སྙད་ལ་ཡེ་ལོ་ཞེས་ཚིག་བསྡུས་ཏེ་བཀོད་པ་ལས། རྙོགས་བཟོ་དང་མཁས་མདོག་འདོད་ཞེན་གྱིས་བཏགས་པའི་ཐ་སྙད་གསར་པ་ཞིག་དེ་བས་མིན། དཔེར་ན། བོད་རྒྱལ་ལོར། བོད་ལོ་ཞེས་པ་དང། ཤཱཀྱའི་འདས་ལོར། ཤཱཀྱའི་ལོ། མེ་ཡོས་འདས་ལོའམ་རབ་བྱུང་གི་ལོར། རབ་ལོ་ཞེས་བཀོད་པ་ལྟར། ཡེ་ཤུའི་འཁྲུངས་འདས་ལོར་ཡང་ཡེ་ལོ་ཞེས་བཀོད་ཚེ་ཡང་དག་ཐ་སྙད་ཀྱི་ལམ་དང་མཐུན་པ་ཞིག་ཡིན།
དེ་ཡང༌། ཤེར་གླིང་ཡོངས་དགེ་མི་འགྱུར་རིན་པོ་ཆེས་རྩོམ་སྒྲིག་མཛད་ཅིང་སློབ་དཔོན་ཨ་ཡུ་བི་ཛ་མཆོག་ནས་བཅོས་སྒྲིག་མཛད་པའི་དཔལ་སྤུངས་ལེ་ཐོའི་(ཡེ་ལོ་ ༢༠༠༡ ལོའི་ལེ་ཐོ)མཇུག་བྱང་དུ། ཡེ་ལོ་ཞེས་པ་ནི་ཡེ་ཤུའི་ལུགས་ཀྱི་ལོ་ཡིན་ཅིང༌། དེ་ལ་བོད་རྣམས་ཀྱིས་དབྱིན་ལོ་དང༌། ཕྱི་ལོ། སྤྱི་ལོ། ཞེས་འབོད་ཚུལ་མི་འདྲ་བ་གསུམ་དང༌། ཡེ་ལོ་ཞེས་འབོད་ཚེ་བཞིར་སྣང་ཡང༌། སྔ་མ་གསུམ་ལ་བོད་མཁས་པ་སྔ་མ་རྣམས་ཀྱིས་མིང་དོན་སྒྲུབ་པའི་རིགས་པས་བརྟགས་ཚེ། ཕྱོགས་རེ་བ་ལ་ལྟོས་པའི་སོ་སྐྱེ་བྱིས་པའི་རིག་པ་ཉི་ཚེ་བའི་སྒོ་ནས་མིང་བཏགས་པར་ཙམ་དུ་ཟད་དེ། རྒྱུ་མཚན་ནི། དབྱིན་ལོ་ཞེས་བཏགས་ཚེ་དབྱིན་ལེན་གྱིས་བཀོལ་སྤྱོད་ལོ་འདི་ཡི་སྟེང་ནས་བྱས་ཏེ་བོད་དུ་དར་བ་ཙམ་སྒྲུབ་ཐུབ་ཀྱི་ལོ་འདིའི་འབྱུང་ཁུངས་དངོས་སྟོན་མི་ཐུབ། སྤྱི་ལོ་ཞེས་འབོད་ཚེ་འཛམ་གླིང་ཧྲིལ་པོའི་ཁྱོན་གྱི་རྒྱལ་ཁབ་དང་ས་ཁུལ་ཚང་མས་སྤྱོད་པར་ཡིན་ན། ད་གཟོད་སྤྱི་ལོ་ཞེས་པའི་མིང་དོན་ཆ་ཚང་སྒྲུབ་ཐུབ་ཀྱང༌། དེ་ཡང་རྒྱལ་ཁབ་དང་ས་ཁུལ་འགའ་རུ་ཡེ་ལོ་འདི་མི་སྤྱོད་མཁན་ཡང་ཡོད་པར་བརྟེན་སྤྱི་ལོ་ཞེས་པའི་མིང་དོན་ཆ་ཚང་སྒྲུབ་མི་ཐུབ་པར་མ་ཟད། ད་རུང་གནད་དམ་པ་ནི། སྤྱི་ལོ་ཞེས་པའི་ལོ་འདིའི་འབྱུང་ཁུངས་དངོས་སྟོན་མི་ནུས་པ་དང༌། ཕྱི་ལོ་ཞེས་བཏགས་པ་འདི་ཡང་བོད་ལྟ་བུར་མཚོན་ན་བོད་མིན་པའི་ཕྱིའི་རྒྱལ་ཁབ་གང་རུང་ཞིག་ནས་ལོ་ཚིགས་བརྩི་སྲོལ་འདི་བྱུང་བར་མཚོན་ཐུབ་པ་ཙམ་ལས་བྱེ་བྲག་ལོ་འདི་བྱུང་བའི་ཁུངས་དངོས་སྟོན་མི་ནུས་པར་བརྟེན། རྗེས་སྒྲུབ་རིག་པས་མིང་འདོགས་པའི་གཏན་ཚིགས་རིག་པ་ཚད་ལྡན་དུ་མ་གྲུབ་པའི་ཕྱིར་མིང་ཚིག་དེ་གསུམ་པོ་ཁུངས་ཐུབ་ཚད་ལྡན་དུ་ཁས་ལེན་མི་རུང་ངོ། །འོ་ན་ཡེ་ལོ་ཞེས་འབོད་ཚེ་བོད་མཁས་སྔ་མས་བཞེད་པའི་གཏན་ཚིགས་རིག་པ་དང་ཇི་ལྟར་མཐུན་ཅེ་ན། ཡེ་ཤུ་མ་ཤི་ཀའི་རྗེས་འབྲངས་དག་གིས་ཡེ་ལོ་ ༥༣༢ པའི་ཆུ་བྱི་ལོར་སྔོན་ཡེ་ཤུ་འཁྲུངས་པའི་སྐབས། དུས་འཁོར་ལུགས་ཀྱི་ལྕགས་སྤྲེལ་ཟླ་བ་ ༡༡ པའི་ཚེས་ ༢༨ རེས་གཟའ་ཉི་མ་དེ་ནས་ཞག་བདུན་ཕྲག་གཅིག་འདས་པའི་རེས་གཟའ་ཉི་མའི་སྟེང་ནས་ཚེས་གཅིག་བརྩིས་པའི་དུས་འཁོར་ལུགས་ཀྱི་ལྕགས་སྤྲེལ་ལོའི་དགུན་ཐ་བོད་ཟླ་བཅུ་གཉིས་པའི་ཚེས་ ༥ སྔ་མ་རེས་གཟའ་ཉི་མ་དང༌། ཡེ་ལོ་རང་གི་དབང་དུ་བྱས་པའི་ལྕགས་བྱ་ཟླ་ ༡ པོའི་ཞག་ ༡ རེས་གཟའ་ཉི་མའི་སྟེང་དུ་བབས་པ་ཡིན་ལ། དེ་ནས་འགོ་བརྩམས་ཏེ་བརྩིས་ཤིང་སྟོན་པ་ཡེ་ཤུ་འཁྲུངས་ལོ་གཞིར་བྱས་ཏེ་ཡེ་ཤུའི་ལུགས་ཀྱི་རྩིས་སྲོལ་འདི་བཙུགས་པར་བརྟེན། ཡེ་ལོ་ཞེས་མིང་གི་བརྡ་སྦྱར་ཚེ་རྗེས་སྒྲུབ་རིག་པའི་གཏན་ཚིགས་དང་མི་འགལ་ཞིང༌། དེ་ལྟོས་ལོ་འདིའི་འབྱུང་ཁུངས་དངོས་སྟོན་ཐུབ་པའི་ཕྱིར། སྐབས་འདིར་ཡེ་ལོ་ཞེས་བཀོད་པའང་དེ་བཞིན་མཁྱེན་མངའ་ཡོངས་ཕྱིར་དང༌། བོད་མཁས་སྔ་མའི་མིང་འདོགས་སྲོལ་གྱི་གཏན་ཚིགས་རིག་པ་དང་འགལ་འཛོལ་མི་ཡོང་བའི་ཕྱིར་དུའོ། ། ཞེས་གསལ་བར་གསུངས་པ་འདིས་མཁྱེན་པར་མཛོད། ཚིག་ཟུར་གོ་བདེར་བཤད་ན། དབྱིན་སྐད་དུ། (Christian Era) ཞེས་པ་དེ་ཉིད་བོད་འགྱུར་དུ། ཡེ་ལོ་དང་གཅིག་པར་འགྱུར་གྱི་འདུག་ན། ཕྱི་མིས་ཀྱང་ཡེ་ལོ་རང་བེད་སྤྱོད་བྱེད་པ་མང༌།
བཞི་པ། དཔྱད་ཡིག་འདི་ཉིད་འབྲི་བའི་དམིགས་ཡུལ་དང་རེ་འབོད།
ཡེ་ཤུའི་འཁྲུངས་ལོའི་ལོ་རྩིས་འདི་བཞིན་རང་ཅག་བོད་ཡུལ་དུ་དར་ནས་བཟུང་ད་བར་མི་ལོ་དྲུག་ཅུ་སྐོར་གཅིག་ལྷག་ཙམ་སོང་ལ། འདས་པའི་དྲུག་ཅུ་སྐོར་དེའི་ནང་ཡེ་ཤུའི་འཁྲུངས་ལོའི་ཐ་སྙད་ལ་སྔར་གླེང་བ་ལྟར། བོད་བསྒྱུར་ཐ་སྙད་མི་འདྲ་བ་བཞི་ཙམ་བྱུང་ཡོད། སྤྱིར་ཡེ་ཤུའི་འཁྲུངས་ལོའི་ལོ་རྩིས་འདི་བཞིན་བོད་རྩིས་རིག་པ་དང་བསྟན་རྩིས་རིག་པ་སོགས་སྔར་རང་ཅག་བོད་ཀྱི་ལོ་རྩིས་བརྩི་བའི་བརྒྱུད་རིམ་ནང་བེད་སྤྱོད་དེ་ཙམ་མི་ཆེ་རུང༌། དེང་དུས་སྤྱིར་བཏང་དུས་ཚོད་ཀྱི་འདས་ལུས་བརྩི་བའི་གོམས་སྲོལ་ནང་ཁྱབ་བརྡལ་བེད་སྤྱོད་ཆེར་སོང་སྟབས། འདིར་ལོ་རྩིས་ཀྱི་འབྱུང་ཁུངས་དང་བེད་སྤྱོད། བོད་འགྱུར་ཐ་སྙད་མི་འདྲ་བ་སོ་སོའི་གོ་དོན་བཅས་གསལ་རྟོགས་ཐུབ་རྒྱུ་གལ་ཆེར་མཐོང་སྟེ་ཅུང་ཟད་དཔྱད་པའི་ཚུལ་དུ་གླེང་ཡོད་པའང༌། ཐ་སྙད་གཅིག་པུ་ཙམ་ལ་ཞེན་པ་རྣམས་ལ། འདི་ནི་གསར་བཟོ་དང་རང་འདོད་མིན་ལ། ལྷག་པར་ཐ་སྙད་གཞན་གསུམ་པོ་བཞག་ནས་འདི་བེད་སྤྱོད་དགོས་ཞེས་ཨུ་ཚུགས་བྱེད་པར་འདོད་པའང་མིན། ཡེ་ལོ་ཞེས་པའི་ཐ་སྙད་འདི་ནི་དབྱིན་ལོ་སོགས་ཐ་སྙད་གཞན་གསུམ་པོའི་འགྲེལ་བརྗོད་ཀྱི་རྒྱབ་རྟེན་ལས་ཤུགས་ཀྱིས་གསལ་ཁ་ཐོན་པའི་རྩིས་རིག་པའི་ཐ་སྙད་རྣམ་དག་ཅིག་ཡིན་པ་གསེས་དཀྲོལ་བྱས་པ་ཙམ་ཡིན་ལ། སླད་ནས་ལོ་རྩིས་འདི་ལ་གསར་དུ་འཇུག་པའི་བློ་གསར་པ་སུ་ཞིག་གི་བློ་ངོར་འགྲེལ་བརྗོད་བྱས་ཀྱང༌། ཐ་སྙད་འདི་བཞིན་གོ་སླ་ཤོས་དང༌། རྒྱུ་མཚན་འགྲེལ་བརྗོད་སླ་ཤོས་ཤིག་ཏུ་འགྱུར་ངེས་པས། ཐ་སྙད་འདི་ལ་གོམས་འདྲིས་མེད་པའི་རྒྱ་ཆེའི་མཁྱེན་ལྡན་རྣམས་ནས་འདི་ལྟ་བུའི་ཐ་སྙད་ཞིག་བེད་སྤྱོད་བཞིན་པའི་རྒྱུ་མཚན་མཁྱེན་མངའ་ཙམ་འོང་ཕྱིར་བཀོད་པས། དེ་དག་དོན་ལ་གནས་མིན་གཟུར་གནས་སྤྱན་ལྡན་ཚོགས་ནས་ཀྱང་ལེགས་པར་དཔྱད་པར་མཛོད་ཅིག ཅེས་པའང་སྨན་རྩིས་སྨྲ་བའི་གྲལ་འཛིན་ཨེ་པ་བསོད་ནམས་རིན་ཆེན་ནས་རབ་གནས་ཆུ་རྟ་(ཡེ་ལོ་ ༢༠༠༢)ལོའི་ས་ཟླའི་དཀར་ཕྱོགས་སུ་བྲིས་པའོ།། །།
ཟུར་བཀོད་ཨང་འགྲེལ།
- ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས་ ༧༨ རེའུ་མིག་ ༥༥ ནང་གསལ་ལ། གཤམ་འཁོད་ཡི་གེར། རྡོར་བྲག་གིས་སྤྱི་ལོ་མགོ་ཚུགས་པའི་ལོ་ནི་ཡེ་ཤུ་གྲོངས་པའི་ལོར་བཤད་པ་ནི་འཁྲུལ་བའོ། །ཞེས་གསལ།
- ཐ་སྙད་དར་སྔ་ཕྱིའི་གོ་རིམ་འདི་བཞིན་གཞུང་འབྲེལ་ལེ་ཐོར་ཡོངས་ཁྱབ་བེད་སྤྱོད་སྔ་རྟིང་གི་གོ་རིམ་ཇི་བཞིན་གཙོར་བཟུང་གིས་བཀོད་པའོ། །
- རྩོམ་ཡིག་འདིའི་ནང་ལུང་དྲངས་པའི་ལོ་ཐོའི་མ་དཔེ་རྣམས་ད་ཆ་བོད་གཞུང་སྨན་རྩིས་ཁང་སྐར་དཔྱད་རྩིས་རིག་སྡེ་ཚན་དུ་ཡོད།
- གསུང་རྒྱུན་འདི་ཉིད་ལྟར་ན། སྔར་“ཕྱི་ལོ་”ཞེས་པ་བེད་སྤྱད་ཡོད་ནའང༌། དེ་ནི་མང་ཚོགས་ནང་རྒྱ་ཁྱབ་མ་ཡིན་པའི་ཆིངས་ཡིག་རེ་ཟུང་གི་ནང་ལས། གཞུང་འབྲེལ་ལོ་ཐོའི་ནང་བེད་སྤྱོད་བྱས་མེད་སྟབས་དེ་དུས་ཡོངས་ཁྱབ་ཅིག་མིན་པའི་ངོས་འཛིན་ཞུ་བཞིན་ཡོད།
སྨན་རྩིས་དཀའ་བཅུ་བ་ཨེ་པ་བསོད་ནམས་རིན་ཆེན་ནི། ད་ལྟ་བོད་གཞུང་སྨན་རྩིས་མཐོ་སློབ་ཀྱི་སློབ་དཔོན་རེད།