ཨེ་པ་བསོད་ནམས་རིན་ཆེན།

དང་པོ། སྤྱི་དོན།

    ༄༅། །ན་མོ་ཤྲི་ཀཱ་ལ་ཙཀྲ་ཡ། དེ་ལ་འདིར་ཐོག་མར་ཡུལ་གངས་ཅན་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རྩིས་རིག་གི་ངོ་སྤྲོད་གསལ་བསྡུས་ཤིག་གླེང་བར་བྱ་བ་ལ།
    སྤྱིར་འཛམ་གླིང་ཆེན་པོའི་གནས་སུ་དར་བའི་རྩིས་རིག་པ་ཇི་སྙེད་ཅིག་ཡོད་པ་འདི་ཀུན་རང་རང་ས་སྟེང་དུ་འཚོ་བའི་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་འཁོར་ཡུག་དང་ལྷན་དུ་རྩོལ་སྒྲུབ་བྱས་པའི་བརྒྱུད་རིམ་ནང་མྱོང་བ་གསོག་འཇོག་གིས་དར་འཕེལ་རྒྱས་སྤྲོས་སུ་སོང་བ་ཞིག་ཡིན་མོད། བྱེ་བྲག་བོད་ཀྱི་རྩིས་རིག་པ་ནི་ཕྱི་སྣོད་འཇིག་རྟེན་གྱི་གོ་ལ་འདིའི་སྟེང་ལུས་རྟེན་འཚོ་བའི་སྔ་མོའི་བོད་མིའི་རིགས་ཀྱིས་གནམ་ས་གཉིས་པོའི་རྟེན་འབྲེལ་བརྟག་ཚུལ་རིག་པའི་མྱོང་བ་རྨང་གཞིར་བྱས་པའི་སྟེང༌། འཕགས་ཡུལ་དང་ཙི་ན་གཙོར་གྱུར་ཕྱི་ནང་རྒྱལ་ཁབ་ཁག་གི་རྩིས་རིག་པའི་ཉིང་བཅུད་གཅིག་ཏུ་བསྒྲིལ་བའི་ཐུན་མོང་མ་ཡིན་པའི་རྩིས་རིག་པ་ཁྱད་འཕགས་ཅན་ཞིག་ཡིན། བོད་ཀྱི་རྩིས་རིག་པའི་རྣམ་དབྱེ་དང་དེ་དག་སོ་སོའི་དོན་གནད་གསལ་རྟོགས་ཐུབ་པའི་ཐོག་རྩིས་རིག་པའི་འབྱུང་ཚུལ་རྒྱུད་རིམ་ཇི་ཡིན་མདོར་བསྡུས་མཁྱེན་ཐུབ་ན་གཞི་ནས་ཐུན་མོང་མ་ཡིན་པའི་བོད་རྩིས་རིག་པའི་སྐོར་ངོ་སྤྲོད་གསལ་ཙམ་ཐུབ་ངེས། དེ་ན་འདིར་རྣམ་དབྱེ་དང་འབྱུང་ཚུལ་གྱི་འཆད་དོན་གཉིས་གཞི་རྩར་བྱས་པའི་ཐོག་བོད་རྩིས་རིག་པའི་ངོ་སྤྲོད་གསལ་བསྡུས་ཤིག་བྱ་རྒྱུ་ཡིན།
    བོད་རྩིས་རིག་པའི་རྣམ་དབྱེ་ཞེས་པ་རྩིས་རིག་པའི་རྣམ་གྲངས་ཀྱི་དབྱེ་བ་ཙམ་ལ་གོ་ན་ཆོག་ཅིང༌། དེ་ཡང་གོང་དུ་བརྗོད་པ་ལྟར་བོད་ཀྱི་རྩིས་རིག་པ་འདི་ནི་རྩིས་རིག་པ་ཕལ་གྱི་བཅུད་བསྡུས་པའི་སྙིང་པོ་གཅིག་ཡིན་སྟབས་དེ་ནང་རྩིས་རིག་མི་འདྲ་བ་ཇི་སྙེད་ཅིག་བླངས་ཡོད་པ་སྨྲོས་ཅི་དགོས། རྒྱུན་དུ་ང་ཚོས་བོད་རྩིས་རིག་པའི་རྩ་བའི་དབྱེ་གཞི་འཆད་པའི་སྐབས་སྔ་མོའི་བོད་རྩིས་རིག་པ་དང༌། ནག་རྩིས་རིག་པ། དཀར་རྩིས་རིག་པ་ཞེས་པའི་དབྱེ་བ་གསུམ་དུ་ཕྱེ་བ་ཡིན། ད་ལྟའི་བོད་རྩིས་རིག་པ་ནི་རིག་པ་འདི་གསུམ་གཅིག་ཏུ་འདུས་པའི་རྩིས་རིག་པ་ཁྱད་པར་ཅན་ཞིག་ཡིན་སྟབས་རིག་པ་འདི་དག་སོ་སོའི་དབྱེ་བ་ལ་བོད་རྩིས་རིག་པའི་རྣམ་དབྱེ་ཞེས་གླེང་འོས།

༡་༢ སྔ་མོའི་བོད་རྩིས་རིག་པའི་རྣམ་དབྱེ།
(ས་བཅད་འདིའི་བསྟན་དོན་ནི་དུས་དེབ་སྔོན་མའི་ནང་བོད་རྩིས་རིག་པའི་ངོ་སྤྲོད་གསལ་བསྡུས་ཤིག་བཀོད་ཡོད་པ་དེ་དང་གཅིག་མཚུངས་ཡིན་སྟབས་འདིར་བཀོད་མེད།)

གཉིས་པ། བོད་རྩིས་རིག་པའི་བྱུང་བ།

    བོད་རྩིས་རིག་པའི་བྱུང་བ་ཞེས་པ། དཀར་ནག་དབྱངས་གསུམ་གྱི་དགོངས་པ་གཅིག་ཏུ་བསྡུས་པའི་ཐུན་མོངས་མ་ཡིན་པའི་བོད་རྩིས་རིག་པ་འདི་བཞིན་བོད་མིའི་སྤྱི་ཚོགས་སུ་ཇི་ལྟར་དར་ཁྱབ་འཕེལ་རྒྱས་བྱུང་བའི་རྩིས་རིག་པའི་ལོ་རྒྱུས་ཀྱི་སྤྱི་དོན་ཞིག་ལ་བརྗོད་པ་ཡིན། གོང་དུ་བོད་རྩིས་རིག་པའི་རྣམ་དབྱེ་ཇི་ལྟར་ངོ་སྤྲོད་ཞུས་པ་ལྟར་རིག་པ་འདིའི་འབྱུང་ཚུལ་ལའང༌། སྔ་མོའི་བོད་རྩིས་རིག་པའི་བྱུང་བ་དང་ནག་རྩིས་རིག་པའི་བྱུང་བ། དཀར་རྩིས་རིག་པ་དང་དབྱངས་འཆར་རྩིས་རིག་གི་བྱུང་བ་བཅས་རིམ་པར་གླེང་བ་ལ།
    ༢་༡ སྔ་མོའི་བོད་རྩིས་རིག་པའི་བྱུང་བ།    དེ་ཡང་ད་ལྟའི་བོད་རྩིས་རིག་པའི་རྨང་གཞི་དང་ལོ་རྒྱུས་ཀྱི་འཕེལ་རིམ་ལ་རྟོག་ཞིབ་བྱས་པ་བརྒྱུད་སྔ་མོའི་བོད་རྩིས་རིག་པ་ནི་བོད་དུ་འགྲོ་བ་མིའི་སྤྱི་ཚོགས་ཐོག་མར་ཆགས་པ་ནས་བཟུང་དེ་དག་སོ་སོས་རང་རང་གི་འཚོ་ཐབས་ཆེད་ཕྱི་སྣོད་རང་བྱུང་གི་ཁོར་ཡུག་དང་མཉམ་གཤིབས་རྩོལ་སྒྲུབ་བྱས་པའི་རྟེན་དང་རྟེན་འབྱུང་གི་དུས་རིམ་ནང་དར་བ་ཞིག་ཡིན་པས། རིག་པ་འདི་ཉིད་ཐོག་མར་དར་བའི་དུས་འགོ་འང་བོད་དུ་མིའི་ཚོ་ཁག་ནམ་ཆགས་པ་དེ་ནས་འཛིན་ན་ཆོག །བོད་ཀྱི་སྲིད་པ་ཆགས་པའི་ལོ་རྒྱུས་ཀྱི་ཡིག་ཆ་ཕལ་མོ་ཆེའི་ནང་མི་ལོ་སྟོང་ཕྲག་གསུམ་བཞི་ལྷག་གི་སྔོན་ནས་འགྲོ་བ་མི་དང་མིའི་ཚོ་ཁག་ཆགས་ཡོད་པར་གསུངས་ལ། རང་ལུགས་ཕུག་པའི་བཞེད་པ་ལྟར་གྱི་བོད་ཀྱི་ཐོག་མའི་རྒྱལ་པོ་གཉའ་ཁྲི་བཙན་པོ་(ཡེ་སྔོན། ༡༢༧ ལ་འཁྲུངས།)བྱོན་དུས་ལ་དཔགས་ནའང་ཉུང་མཐར་མི་ལོ་སྟོང་ཕྲག་གསུམ་ལྷག་གི་ལོ་རྒྱུས་ལྡན་ཡོད་པ་རྟོགས་ཐུབ། སྨྲ་ཤེས་དོན་གོ་བའི་མིའི་ཚོ་ཁག་བྱུང་བ་དང་མི་རྣམས་ཀྱིས་རང་ཉིད་གཏན་སྡོད་བྱ་སའི་ས་དང་ས་འདིར་འཁོར་བའི་ནམ་མཁའི་གཟའ་སྐར་དུས་ཀྱི་འགྱུར་བ་གཉིས་རང་རང་གི་འཚོ་བ་དངོས་དང་འབྲེལ་བ་ཇི་ལྟར་ཡོད་པའི་ཤེས་རྟོགས་ཐོག་མར་བྱུང་བར་མ་ཟད། ཕན་ཚུན་རྟེན་ལྟོས་ཀྱི་འབྲེལ་བ་དེའི་ནང་རིམ་པས་སའི་དུས་ཀྱི་འཕོ་གྱུར་དང་མཁའི་གཟའ་སྐར་གྱི་འཁོར་བགྲོད་བར་འབྲེལ་བ་ངེས་གཏན་ཞིག་ཡོད་པའི་ངོས་འཛིན་ཐུབ། དེ་ཡང་ཉིན་རེའི་འཚོ་བ་དངོས་ཀྱི་མྱོང་བའི་ནང༌། སྣང་བ་དང་མུན་པ་སྟེ་ཉིན་དང་མཚན་མོའི་འཁོར་གྲངས་དང༌། དངོས་པོའི་ཁ་གྲངས། རང་གི་ལོ་གྲངས་རྩི་བ་སོགས་འཚོ་གནས་དང་ཐད་ཀར་འབྲེལ་བ་ཡོད་པའི་སྟབས་བདེའི་གྲངས་རྩིས་ཀྱི་རིག་པ་སྟེ་གྲངས་རྩིས་རིག་པ་ཞེས་པ་ཐོག་མར་དར་འཕེལ་བྱུང་བར་རྟོགས་ནུས། གནམ་སའི་འཕོ་འགྱུར་ནི་འབྱུང་བས་གྲུབ་པའི་ཕྱི་སྣོད་ཀྱི་ཉི་ཟླ་གཟའ་སྐར། རྩི་ཤིང་སྐྱེ་དངོས་སོགས་དང༌། བྱ་རིགས་གཅན་གཟན། རི་དྭགས་སོགས་ནང་བཅུད་ཀྱི་དངོས་པོའི་སྣང་ཚུལ་ཡོད་དོ་ཅོག་གི་འཕོ་འགྱུར་གྱི་ཆོས་ཉིད་ལ་བརྗོད་པ་ཡིན་པས། མིའི་རིགས་ཀྱིས་གནམ་སའི་བྱ་དངོས་དེ་རིགས་དང་རང་ཉིད་ཀྱི་འཚོ་བའི་བར་གྱི་རྟེན་འབྱུང་གྱི་འབྲེལ་བར་གོམས་འདྲིས་དང་ཤེས་རྟོགས་བྱུང་བའི་རྒྱུད་རིམ་ནང་ཐོག་མའི་བརྟག་ཐབས་རིག་པ་ཞེས་པ་དེ་ཉིད་དར་འཕེལ་བྱུང་ཡོད་པའང༌། སྟེང་ནམ་མཁའི་རྒྱུ་སྐར་ངོས་འཛིན་གྱིས་དེ་དང་དེའི་འཆར་ནུབ་ཀྱི་དུས་ལ་བརྟག་སྟེ་རི་དྭགས་རྔོན་པ་དང༌། ཉ་འཛིན་པ། འོག་ས་སྟེང་གི་བྱ་གཅན་རི་དྭགས་སོགས་ཀྱི་འཚོ་བའི་སྤྱོད་ཚུལ་ལ་བརྟག་སྟེ་ཕྱིའི་དུས་ཀྱི་འགྱུར་བ་ངོས་འཛིན་དང་དེ་ལྟའི་གནམ་སའི་ཁྱད་ཆོས་ལ་བརྟག་སྟེ་གངས་ཆར་རླུང་ཚུབ་དང༌། དྲོ་གྲང་སོགས་ས་འདིར་འཁོར་བའི་དུས་ཀྱི་ཁྱད་ཆོས་ལ་བརྟག་དཔྱད་བྱ་བའི་རིག་པ་ཐོག་མ་དེ་དར་ཡོད་པ་དེ་ཡང་རྟོགས་ནུས།
    དེ་ཡང༌། ཡེ་སྔོན། ༡༢༧ ལོར་ཡུལ་ཡར་ཀླུང་ཁུལ་དུ་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པ་དང༌། དེ་སྐབས་བོད་མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་དང་དགུང་མཁའི་ཉི་ཟླ་གཟའ་སྐར་ལ་བརྟག་དཔྱད་བྱེད་པའི་རིག་པ་སྔར་ལས་དར་རྒྱས་བྱུང་བ་མ་ཟད། གྲངས་རྩིས་རིག་པའི་རྨང་གཞིའི་ཐོག་དངོས་རིགས་བརྗེ་ལེན་ཉོ་ཚོང་བྱ་བའི་དཔལ་འབྱོར་རྩིས་རིག་ཀྱང་དར་འཕེལ་ཅི་ཆེ་བྱུང་ཡོད། ལྷག་པར་འདི་ནས་རྩིས་པའི་ཁྲི་རབས་བརྒྱད་པ་གྲི་གུམ་བཙན་པོའི་སྐབས་ཕྱིའི་གཟའ་སྐར་གྱི་འགྱུར་བར་ཆེད་གཉེར་བརྟག་དཔྱད་མཁན་གྱི་རིགས་གཅིག་སྐར་དཔྱད་མཁན་ཡང་ཡོད་པར་གྲགས། དུས་འདི་ཙམ་ན་རྒྱུ་སྐར་ཉི་ཤུ་རྩ་བདུན་ལས་གང་འཚམས་ཤིག་གི་སྐར་དབྱིབས་ངོས་འཛིན་རགས་རྩིས་ཤིག་བྱུང་ཟིན་པར་སྣང༌། ཡེ་སྔོན། ༡༩༠ ཙམ་ལ། བོད་རྗེ་པུ་དེ་གུང་རྒྱལ་བྱོན་པ་དང༌། ཁྲི་རབས་འདིའི་རིང་བློན་རུ་ལས་སྐྱེས་བྱ་བས་ཞིང་འབྲོག་ལས་རིགས་དང༌། བཟོ་རིགས་འཛུགས་སྐྲུན་གྱི་ལས་རྒྱ་སྤེལ་བས་དཔལ་འབྱོར་རྩིས་རིག་ཐད་ཡར་རྒྱས་བྱུང་བ་སྨྲོས་མེད་ཁར། དེ་ཚེ་ལྷོ་ཁ་ཡར་ཀླུང་ཁུལ་དུ་ངག་རྒྱུན་ལ་ཡོངས་སུ་གྲགས་པའི་རྩིས་མཁན་རྒན་མོ་བལ་མོ་ཞེས་པ་བྱུང་བར་གྲགས། རྩིས་མཁན་བལ་མོས་གསར་རྙེད་བྱུང་བའི་“ཟླ་རྩིས་”ཞེས་པའི་ནང་ཟླ་བའི་དཀར་ནག་གི་ཆ་ཤས་འཕེལ་གྲིབ་དང༌། ཉི་ཟླའི་ལྷོ་བྱང་གི་བགྲོད་པ་བརྩི་ཚུལ་གསལ་ཡོད་པར་མ་ཟད། དེ་ལ་ལྟོས་ཏེ་ས་ལ་དུས་ཀྱི་འཕོ་བ་དང་རང་བྱུང་ཁོར་ཡུག་གི་འགྱུར་བ་ཇི་ལྟར་འགྲོ་ཚུལ་གྱི་བརྟག་ཐབས་རིག་པའང་གསལ་ཡོད།
    གྲངས་རྩིས་དང་བརྟག་ཐབས་རིག་པས་རྨང་གཞི་བྱས་པའི་བོད་ཀྱི་རྩིས་རིག་གི་འཕེལ་རིམ་འདི་བཞིན་མིའི་རིགས་ཀྱིས་རང་བྱུང་ཁོར་ཡུག་དང་བྱ་དངོས་ལ་རྟོག་ཞིབ་ཤེས་རྟོགས་བྱ་རྒྱུའི་རྣམ་རིག་དང་འབྲེལ་བ་གཏིང་ཟབ་ཡོད་སྟབས། ཇི་ལྟར་ཕྱི་རོལ་ཡུལ་གྱི་སྣང་བ་སྣང་ཚུལ་ལ་རྒྱུས་མངའ་དང་དཔྱད་པ་བྱ་བའི་མིའི་རིགས་ཀྱི་རྣམ་དཔྱོད་ཇེ་ཆེར་སོང་བ་དེ་ཙམ་གྱིས་རྩིས་རིག་པའི་དཔྱད་པ་གཏིང་ཇེ་ཟབ་ཏུ་འགྱུར་བཞིན་ཡོད། དེ་ཡང་ཐོག་མར་ཉིན་གྲངས་དང༌། དངོས་པོ་སོ་སོའི་ཁ་གྲངས་བརྩི་བ་ནས་བཟུང་རིམ་པར་ཟླ་བ་དང་ལོ་དུས་བརྩི་བའི་རིག་པ་བར་འཕེལ་རྒྱས་ཤེས་རྟོགས་བྱུང་ལ། ཟླ་བའི་དཀར་ནག་གི་འཕེལ་གྲིབ་དང༌། ཉི་མའི་ལྷོ་བྱང་གི་བགྲོད་པ། ནམ་མཁའི་རྒྱུ་སྐར་གྱི་འཆར་ནུབ་བརྩི་བ་ནས་རིམ་པར་དེ་འབྲེལ་དུས་ཀྱི་འཕོ་བ་བརྩི་བའི་བར་དར་རྒྱས་བྱུང་ཞིང༌། གོང་གསལ་རྩིས་རིག་གི་རྨང་གཞི་འདི་ཀུན་བོད་དུ་ཡིག་རིགས་མ་བྱུང་བར་ཕ་ཚ་བུ་བརྒྱུད་དུ་སྙན་ནས་སྙན་དུ་བརྒྱུད་བཞིན། རྒྱས་སྤྲོས་སུ་སོང་བ་ཞིག་ཡིན་པས་དུས་རིམ་འདི་ཉིད་ལ་སྔ་མོའི་བོད་རྩིས་རིག་པ་བྱུང་བའི་དུས་རིམ་ཞིག་ལ་ངོས་འཛིན་དགོས་པའང་བོད་རྩིས་རིག་པའི་ལོ་རྒྱུས་འཕེལ་རིམ་གྱི་དུས་མཚམས་ཤིག་ཡིན།
    ༢་༢ ནག་རྩིས་རིག་པའི་བྱུང་བ་ནི། དེ་ཡང་སྔར་རྩིས་རིག་པའི་རྣམ་དབྱེའི་སྐབས་བརྗོད་ཟིན་པ་ལྟར་ནག་རྩིས་རིག་པ་ནི་རྒྱ་ནག་ཡུལ་དུ་དར་བའི་འབྱུང་ལྔའི་རྩིས་རིག་གི་སྙིང་པོ་བོད་དུ་བསྒྱུར་བའི་བོད་རྩིས་རིག་པའི་ཡན་ལག་ཅིག་ཡིན་པས། སྐབས་སུ་རྩིས་རིག་འདི་ཉིད་ཐོག་མར་རྒྱ་ནག་ཡུལ་དུ་ཇི་ལྟར་བྱུང་བའི་རིམ་པ་མདོར་བསྡུས་གླེང་ན། ནག་རྩིས་རིག་པ་དེར་སྔ་མོའི་རྒྱ་ནག་ནས་དར་བའི་འབྱུང་ལྔའི་རྩིས་རིག་དང་ཕྱིས་བོད་དར་རྒྱ་རྩིས་གཉིས་ཡོད་པ་ལས། འདིར་ཡོངས་ཁྱབ་འབྱུང་ལྔའི་རྩིས་རིག་འཇིག་རྟེན་དུ་ཇི་ལྟར་འབྱུང་ཚུལ་ལ་འཆད་ཚུལ་མི་འདྲ་བ་གཉིས་ཡོད་དེ་ཐུན་མོང་ལུགས་དང་ཐུན་མོང་མ་ཡིན་པའི་ལུགས་གཉིས་སོ། །
    དེ་ལ་དང་པོ་ཐུན་མོངས་ལུགས་ལྟར་ན། སྲོལ་གཏོད། དར་རྒྱས། ཤིན་ཏུ་དར་རྒྱས་བཅས་བོད་འདིར་ཡོངས་སུ་གྲགས་པའི་རྒྱ་ནག་གི་ཐོག་མའི་རྒྱལ་རབས་རྣམས་ལས། ཧྥུང་གསུམ། དྷི་ལྔ༌། ཝང་གསུམ་ཞེས་བཤད་པའི་ནང་ཚན་ཧྥུང་གསུམ་གྱི་ཐོག་མ་ཧྥུང་དང་པོ་ཐ་ཕཱ་ཥི་རླུང་ངམ་ཤིང་གི་ཡོན་ཏན་ཅན་ཞེས་པས་ཐོག་མར་འཁོར་རིག་པ་ཅན་གྱི་མདུན་ན་འདོན་རྣམས་ལ་ཞི་ཨང་དུ་འབྱུང་ལྔའི་རྩིས་རིག་པའི་གཞི་མ་སྤར་ཁ་བརྒྱད་ཀྱི་རྣམ་གཞག་གསུངས་པར་འདོད་པ་འདིའི་དུས་ནི་ཡེ་སྔོན། ༣༤༧༧ རང་ཉིད་ཁྲི་ལོ་ཞེ་དགུ་པའི་ཤིང་བྱི་ལོར་ཡིན། དེ་ཡང་འབངས་དབེ་ཞང་ཞི་ཞེས་པ་ཞིག་གིས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ནས་གསེར་མདངས་ཅན་གྱི་རུས་སྦལ་སྤར་བརྒྱད་སོགས་འབྱུང་བ་རྩིས་ཀྱི་སྐོར་འགོའི་མཚན་ཉིད། བརྡ་མཚོན་རི་མོ་ཡོངས་སུ་ཚང་བ་ཞིག་རྙེད་པ་རྒྱལ་པོ་ཐཱ་ཕྷ་ཥི་ལ་ཕུལ་བས་དེས་དེའི་ནང་ཚན་སྤར་ཁ་བརྒྱད་ཀྱི་བརྡ་མཚོན་གྱི་མཚན་ཉིད་རྩ་གནད་རྣམས་དཀྲོལ་ཏེ་བཤད་པ་དང༌། དེ་རྗེས་ཡེ་སྔོན། ༢༨༡༧ ལོར་ཕུང་གསུམ་པ་ཝང་དྷི་ཡིའུ་ཁྱུང་ཞི་ས་ཡི་ཡོན་ཏན་གྱིས་རང་ལོ་བདུན་བཅུ་ཁྲི་ལོ་ང་དགུ་པར་སྔར་ཧྥུང་དང་པོས་འབྱུང་བའི་སྲོལ་བཏོད་པ་དེ་དར་རྒྱས་སུ་བཏང་སྟེ་སྤར་བརྒྱད་བརྡ་དཀྲོལ་སྟེ་སྨེ་དགུ་ལོ་འགྲོས་བཅུ་གཉིས་དང༌། འབྱུང་བ་ཕོ་མོ་དབྱེ་བའི་ལོ་ཟླ་ཞག་དུས་སོགས་ཀྱི་བརྡ་མཚོན་མཚན་ཉིད་ཀྱི་གནད་དཀྲོལ་མཛད། དེ་རྗེས་ཡེ་སྔོན། ༢༡༧༧ ལོར་དྷི་བཞི་པ་དྷི་ཡོའུ་ཐོའུ་ཐང་ཞི་ཡིས་རང་ལོ་སོ་ལྔ་ཁྲི་ལོ་དང་པོའི་ཤིང་འབྲུག་ལོར་ཧྥུང་དང་པོས་སྲོལ་བཏོད་ཅིང་དེ་རྗེས་ཧྥུང་གསུམ་པས་དར་རྒྱས་མཛད་པ་དེ་རྩིས་འགོ་ཤིང་བྱི་ནས་འཛིན་པའི་སྲོལ་དེ་ཤིང་འབྲུག་ནས་འཛིན་པའི་སྲོལ་བཙུགས་ཤིང་ཤིན་ཏུ་དར་རྒྱས་གཏོང་བར་མཛད་པར་གྲགས་པ་འདི་ནས་རིམ་གྱིས་བརྒྱུད་པར་བཞེད།
    ཐུན་མིན་ལུགས་ལྟར་ན། ཤེས་རབ་ཀྱི་ལྷ་མཆོག་འཇམ་དཔལ་གཞོན་ནུར་འགྱུར་པས་ཡེ་སྔོན། ༨༣༧ ལོའི་ཤིང་བྱི་སྨེ་ཕྲེང་དང་པོ་མགོ་ཟླའི་ཉ་ལ་རྒྱ་ནག་རི་བོ་རྩེ་ལྔར་ལྷ་ཚངས་པ་དང༌། ཀླུ་རྒྱལ་འཇོག་པོ། ལྷ་མོ་རྣམ་རྒྱལ་མ། བྲམ་ཟེ་སེར་སྐྱ་སོགས་ལྷ་མི་ཀླུ་ཡི་འཁོར་རྣམས་ལ་འབྱུང་བའི་རྩིས་ཀྱི་སྐོར་འགོ་བརྒྱད་ཁྲི་བཞི་སྟོངས་གསུངས་པར་གྲགས་པ་དེ་ལས་རིམ་གྱིས་བརྒྱུད་པར་འདོད་པ་ཡིན་ཏེ་དེ་ཡང་དུས་རྩིས་ངོ་མཚར་ཉི་མ་ལས། ལྷ་རྒྱལ་ཚངས་པ་གདོང་བཞི་པ། །ཀླུ་རྒྱལ་དགའ་བོ་འཇོག་པོ་དང༌། །ལྷ་མོ་རྣམ་རྒྱལ་བྲམ་ཟེའི་རིགས། །སེར་སྐྱ་ཞུ་བ་བཞི། །་ཞེས་དང༌། །ཕྱག་ན་ཡེ་ཤེས་མདའ་བོ་ཆེ། །བསྣམ་པའི་ཀོང་ཙེ་འཕྲུལ་རྒྱལ་དང༌། །ཇི་ཀོང་ཇི་ནོང་ཝང་ཐེ་སོགས། །ཞེས་གསུངས་པ་ལྟར་ཐོག་མར་འཁོར་གྱི་གཙོ་བོ་ཚངས་པ་གདོང་བཞི་པར་རྒྱུད་ལུང་འགྲེལ་པ་མན་ངག་དང༌། ཊི་ཀ་སྣང་གསལ་མ་བུ་ལྔ༌། །དམག་དང་རུ་མཚོན་འདབ་པ། །ཉི་ཟླ་གཟའ་སྐར་ཇི་ལྟར་བརྩི་བའི་ཚུལ་བཅས་གསུངས་པ་དང༌། ལྷ་མོ་རྣམ་རྒྱལ་མར་རུས་སྦལ་རང་འདྲའི་རྒྱུད་དང་གི་གོང་བག་མའི་རྩིས་གསུངས། ཀླུ་རྒྱལ་འཇོག་པོ་ལ་རུས་སྦལ་གྱི་གཏན་ཚིགས་རང་དྲན་སྐྱེས་གནས་ཀྱི་རྒྱུད་དང༌། རྟེན་ཅིང་འབྲེལ་བའི་རྒྱུད་དང་དེའི་ཕྱི་མ་ལྗོན་ཤིང་ལོ་ཏོག་འཚོལ་དང༌། ཁྲུས་བྱང་གི་རྒྱུད། བྱིས་པ་བཙས་ཀླུངས་ལ་སོགས་པ་གསུངས། བྲམ་ཟེ་སེར་སྐྱར་འབྱུང་བ་མཚན་དོན་བསྟན་པའི་མདོ་དང་ཕྱི་མ་ཡི་གེའི་མདོ་འགྲེལ་པ། དེའི་ཕྱི་མ་མཚན་གྱི་དོན་བསྟན་པའི་མདོ། ཁ་བསྐང་བྱེ་བྲག་འབྱེད་པའི་རྒྱུད་སོགས་གཙུག་ལག་རྩིས་ཀྱི་བསྐོར་འགོ་མཐའ་ཡས་པ་ཞུ་བ་པོ་སོ་སོར་ལེགས་པར་བསྟན་ལ། དེ་ལས་མིའི་འཁོར་གྱི་ཐོག་མ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ནི་ལྕགས་ཁྱི་ཡེ་སྔོན། ༥༥༡ ལོར་འཁྲུངས། འདིས་རྩིས་ཀྱི་སྟོན་པ་འཇམ་དཔལ་གཞོན་ནུར་འགྱུར་པ་མཇལ་བ་ཙམ་གྱི་དཔྱད་བརྒྱད་ཁྲི་བཞི་སྟོང་སུམ་བརྒྱ་དྲུག་ཅུ་རང་བཞིན་བབས་ཀྱི་ཐུགས་སུ་ཆུད་པར་གྲགས་ལ། འཇམ་དཔལ་ཐུགས་ཀྱི་རྒྱུད་སོགས་རྩ་བའི་རྒྱུད་ལྔའང་ཀོང་རྩེ་འཕྲུལ་རྒྱལ་ཉིད་ལ་བསྟན། དེ་རྗེས་རིམ་པར་ཇི་ཀོང་དང༌། ཇི་ནོང་ཝང་ཐེ་བཅས་འཕྲུལ་མི་གསུམ་དང་བདེ་བར་ལེན། ཉེ་བར་ལེན། ཀུན་ཏུ་ལེན། ཡང་དག་ལེན་ཏེ་ལེན་པ་པོ་བཞི། དེའི་རྗེས་དྲང་སྲོང་ཕུར་བུ་དང༌། དྲང་སྲོང་ལྕེ་མུར། དྲང་སྲོང་མུར་ཏི། དྲང་སྲོང་ཐོར་ཅོག་བཞི་སྟེ་འཆང་བ་པོ་བཞི་ལས་རིམ་པར་བརྒྱུད་དེ་ཕྱིས་སློབ་དཔོན་དུ་ཧ་ར་ནག་པོ་དང༌། པཎ་ཆེན་རཱ་ཧུ་དམར་པོ། ཟླ་བ་ནག་པོ་སོགས་ལས་རིམ་པར་བརྒྱུད། དེ་ཡང་གཙུག་ལག་འབྱུང་བའི་རྩིས་རྒྱུད་འདི་བཞིན་རང་ཅག་བོད་དུ་ཆོས་རྒྱལ་གནམ་རི་སྲོང་བཙན་དུས་སུ་ཕེབས་པར་གྲགས་ཀྱང༌། དེ་ཚེ་བོད་བྱིངས་ཀྱིས་བཀོལ་ཐུབ་པའི་ཡི་གེ་མེད་པས་བསྟན་བཅོས་འདི་ཞེས་གླེང་དུ་མེད། དེ་ན་ཆོས་རྒྱལ་སྲོང་བཙན་སྐབས་དངོས་སུ་དར་བ་ཡོངས་གྲགས་ལ་ཆོས་རྒྱལ་འདིའི་སྐུ་རིང་ལ་བོད་ཀྱི་ལོ་ཙཱ་བ་ཐོག་མ་ཐོན་མི་སཾ་བྷོ་ཊས་བོད་ཡིག་གསར་གཏོད་ཀྱིས་རྒྱ་དཀར་ཡུལ་ནས་ནང་ཆོས་ཐོག་མར་བོད་དུ་བསྒྱུར་བར་མ་ཟད་འདི་ཚེ་རྒྱ་ནག་ཡུལ་དུ་དར་བའི་དཀར་པོའི་ཆོས་དང་རྒྱལ་བའི་རྟེན་གཙོ་རྣམས་བོད་དུ་འདྲེན་པར་དམིགས་ཏེ་ཐང་རྒྱལ་པོའི་སྲས་མོ་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པ་དང་ལྷན་འབྱུང་བའི་རྩིས་རིག་ཇི་སྙེད་བོད་དུ་བསྒྱུར་བར་གྲགས་པ་འདི་ནི་རྩིས་རིག་པ་སྔ་འགྱུར་ཐོག་མར་འདོད།
    ཡེ་ལོ་བདུན་བརྒྱ་ཙམ་གྱི་ནང་བོད་རྒྱལ་ཁྲི་རབས་སོ་བདུན་པ་ཆོས་རྒྱལ་མེས་ཨག་ཚོམ་གྱི་བཙུན་མོ་ལ་རྒྱ་བཟའ་ཨང་ཆུང་བཞེས་པའི་དུས། འབྱུང་བ་ལྔ་འགྱུར་དང༌། སྤར་ཁའི་སེར་ཐོག སྨེ་བ་དམར་ནག་སོགས་རྒྱུད་བདུན་ལེ་ལག་བཅས་པ་བོད་དུ་བསྒྱུར། ཡེ་ལོ་ ༧༩༠ བརྒྱད་ཅུ་སྐོར་དགུ་པའི་ཕྲེང་གསུམ་པའི་ལྕགས་རྟ་ལོར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བྱོན། ཁྲི་རབས་འདིའི་སྐུ་རིང་ལ་གསང་ཐུབ་རས་སྐྱེས་གཙུག་ན་དང༌། ལི་ཁྲི་མགོན་སྐྱ་ཞེས་པའི་བོད་ཀྱི་ཕོ་ཉ་གཉིས་རྒྱ་ནག་ཏུ་མངགས་ཏེ་རྒྱའི་སློབ་དཔོན་མཁས་པ་སེམས་བརྩེ་གདན་དྲངས། སློབ་དཔོན་འདིས་བོད་ཀྱི་ས་བཀྲ་བརྟག་པའི་དོན་དུ་ས་དཔྱད་ཀྱི་རྩིས་ཇི་སྙེད་གསུངས། དེ་རྗེས་ལང་ཚོ་ལྡོང་ཡག་དང་གཡུ་སྒྲ་བཞེས་སོགས་བོད་ཀྱི་མཁས་པ་མི་བཞི་རྒྱ་ནག་ཏུ་རྒྱ་པཎ་དར་ཆེན་ཐིག་ལེ་འམ་ཏིང་ཚོ་གདན་དྲངས་ཕྱིས་མངགས། དེ་ཚེ་སློབ་དཔོན་དར་ཆེན་དང་པཎ་ཆེན་དུ་ཧར་ནག་པོས་གཙོས། མཧཱ་ཡཱ་ན་སུ་ཏྲ། མཧཱ་རཱ་ཛ་དེ་བ། ལོ་ཙ་ཨིནྡྷ་བྷ་བྷོ། བི་རྗེ་བཙན་པོ་ཤི་ལ་ཧ་རྣམས་དང༌། བོད་མཁས་ཁམས་ཁྲ་དང་པོ། ལང་ཚོ་ལྡོང་ཡག །གཡུ་སྒྲ་བཞེར། ཁུ་ཤོག་མཁན། རྒྱ་གཡུ་བཟའ་དང་བཅས་པ་བྱོན་ཏེ་འཇམ་དབྱངས་ཀྱི་གཙུག་ལག་ཕལ་མོ་ཆེ་བོད་དུ་བསྒྱུར།
    ཁྱད་པར་སློབ་དཔོན་དུ་ཧར་ནག་པོས་འཕགས་པ་འཇམ་དཔལ་ཞལ་མངོན་སུམ་དུ་གཟིགས་ལ་དྲང་སྲོང་གི་བཀའ་ལུང་ཟབ་མོ་མ་ལུས་ཐོབ། འདིས་རྩིས་གཞུང་ཐུན་མོང་བ་རྣམས་བསྒྱུར། བོད་ཀྱི་ཡུལ་གྱི་ས་བདག་གདུག་པ་ཅན་བཏུལ། “རིན་ཆེན་གསལ་བའི་སྒྲོན་མེ་”ཞེས་བྱ་བའི་རྩིས་གཞུང་ཆེན་མོ་མཛད་དེ་བྲམ་ཟེ་མ་མུ་ཏིག་ཟུར་ཕུད་ལྔ་མ་དང༌། གཡུ་ཤར། སྟག་ཚང་སོགས་མངོན་པར་ཤེས་པ་བཞི་ལ་གདམས་པ་དང་དེ་དག་གིས་རྒྱ་པཎ་རཱ་ཧུ་དམར་པོ་དང༌། པཎ་ཆེན་ཟླ་བ་ནག་པོ་གཉིས་ལ་གདམས། དེ་རྗེས་བོད་ཀྱི་ལོ་ཙཱ་བ་ཁམ་ཁྲ་གཉིས་པས་བོད་སྐད་དུ་བསྒྱུར། ཁམ་ཁྲ་འདིས་“ཡང་འགྱུར་གསལ་བའི་སྒྲོན་མེ་”ཞེས་པ་མཛད་ལ་དེ་ལས་སྤྲོས་པ་“གསལ་སྒྲོན་མན་ངག་བསྡུས་པ་”དང་“རྩ་བ་སྐབས་དོན་ལྔ་པ་གསལ་སྒྲོན་སྦས་བཅད་ལུགས་”སོགས་མཛད་དེ་འཕན་ཡུལ་རལ་བྷེ་ར་བཛྲ་དང༌། ཡ་ཙ་བ། ལྷོ་བྲག་པ་མར་པ་སྦྲུལ་མགོ། མལ་ཟེ་གླན་དང༌། སེ་སྟོན་ཁྲི་པ། སྨྱོས་སྟོན་རྒྱ་ཡོད། རྒྱ་སྟོན་ཆོས་ཀྱི་རིན་ཆེན། ཞང་བཅས་ལ་གདམས། “གསལ་སྒྲོན་མན་ངག་བསྡུས་པ་”ནི་འཕན་ཡུལ་རལ་བྷེ་ར་བཛྲས་རུ་མཚམས་ཤོངས་པ་སྨོན་ལམ་ལ་གནང་བ་ཀུན་ལ་ཁྱབ་པར་སྤེལ་བར་གྲགས་པ་དང༌། “གསལ་སྒྲོན་སྦས་བཅད་མེད་པའི་ཡང་དག་ལུགས་”ནི་ཞང་ནས་སློབ་མ་མཁས་པའི་ཁྱུ་མཆོག་ཁྱུང་ནག་ཤཀ་དར་ལ་གསུངས་པ་དང་དེ་ནས་རིམ་པར་མི་ཉག་རྒྱལ་མཚན་དཔལ་བཟང༌། སྔགས་པ་ལྷུན་གྲུབ་དཔའ་བོ་དང་དེ་ཡི་བླ་མ་མཁས་གྲུབ་པ། མཁས་མཆོག་ཨརྱ་དེ་ཝ། ཚུངས་མེད་བློ་གྲོས། ཕུག་པ་དཔལ་མགོན་འཕྲིན་ལས། བདེ་ལེགས་གར་དབང་ཕུན་ཚོགས། རིགས་འཛིན་གཞོན་ནུ་གདོང་དྲུག །ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོ་བཅས་དང༌། ཡང་དཔལ་མགོན་འཕྲིན་ལས་ནས། ཕུག་པ་དཔལ་གྱི་སེང་གེ་དང༌། གཡུ་ལོ། གཉགས་བན་ན་ར་བ། དེ་ནས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང༌། ཡང་ཨརྱ་དེ་ཝ་ནས་དུས་རམས་པ་དོན་གྲུབ་ཀུན་དགའ། དགེ་བསྙེན་བསོད་ནམས་ཚེ་འཛིན། སློབ་དཔོན་བསོད་ནམས་གྲགས་པ། ཆོས་རྗེ་ཕུན་ཚོགས་དགེ་དབང༌། མཁས་གྲུབ་དཔལ་གྱི་སེང་གེ། ལྡུམ་པོ་དོན་གྲུབ་དབང་རྒྱལ། འདར་ལོ་ངག་དབང་ཕུན་ཚོགས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་རྩིས་རིག་བསྟན་འཛིན་སྐྱེས་བུ་རྣམས་ལ་རིམ་པར་བརྒྱུད་པ་འདི་དག་ནི་ནག་རྩིས་རིག་པ་བོད་དུ་ཇི་ལྟར་བྱོན་པའི་འབྱུང་རིམས་གནད་བསྡུས་ཡིན།
    ནག་རྩིས་རིག་པ་བོད་དུ་དར་རྗེས་བོད་ཀྱི་སྔ་མོའི་རྩིས་རིག་དེ་བཞིན་འབྱུང་ལྔའི་རྩིས་རིག་གི་དཔྱད་པའི་ལམ་ནས་དུས་དང་འཇིག་རྟེན་རྩི་བའི་རིག་པ་བསྣོན་མ་ཞིག་ཐོབ། ཡེ་ལོ་༩༦༤ ལོར་སྔར་ཆོས་རྒྱལ་ཁྲི་སྲོང་སྐབས་རྒྱ་ནག་ཡུལ་དུ་སློབ་དཔོན་དར་ཆེན་ཐིག་ལེ་གདན་འདྲེན་དུ་བྱོན་པའི་ལང་ཚོ་ལྡོང་ཡག་ཅེས་པའི་བོད་ཀྱི་མཁས་པ་དེ་ཉིད་ཀྱི་རིགས་ཚོ་མདོ་ཁམས་སུ་ཆགས་པ་ལས་མི་བརྒྱུད་བཞི་པ་མི་ཉག་རྒྱལ་མཚན་དཔལ་ཞེས་པ་མདོ་ཁམས་ནས་དབུས་ཕྱོགས་སུ་བྱོན་པ་གཡོར་པོ་གྲ་ནང་གི་ཕུག་པ་ཨོ་དཀར་བྲག་ཕུག ཞིག་ལ་བརྟེན་ནས་བཞུགས་པས་ཕུག་པ་ཞེས་པའི་མིང་ཡང་དེར་བརྟེན་ནས་བྱུང་བས་དེ་ནི་རང་ལུགས་ཕུག་པའི་བརྒྱུད་པ་ཐོག་མ་ཡིན། མི་ཉག་རྒྱལ་མཚན་དཔལ་བཟང་གིས་ཁྱུང་ནག་ཤཀ་དར་ལས་གསལ་སྒྲོན་ལ་སོགས་འབྱུང་བའི་རྩིས་ཀྱི་བསྟན་བཅོས་ལ་མཁས་པར་བསླབས་པར་མ་ཟད། བོད་ཀྱི་རང་བྱུང་ཁོར་ཡུག་དང་འཚམས་པའི་དུས་ཀྱི་ཁྱད་ཆོས་གནམ་གཤིས་བཅས་ལ་བརྟག་དཔྱད་ཀྱིས་བོད་ཀྱི་སྔ་མོའི་རྩིས་རིག་འདི་བཞིན་འབྱུང་བའི་རྩིས་རིག་དང་ཟུང་སྦྱོར་གྱིས་བརྩི་ཐབས་དུས་གཟེར་མན་ངག་གིས་བརྒྱན་ཏེ་ཕྱི་བརྒྱུད་འཛིན་པ་སྔགས་པ་ལྷུན་གྲུབ་དཔའ་བོ་སོགས་ལ་གནང༌།

གསུམ་པ། དཀར་རྩིས་རིག་པའི་བྱུང་བ།

     དཀར་རྩིས་རིག་པ་ཞེས་པ་རྒྱ་དཀར་ནས་དར་བའི་དཔལ་དུས་ཀྱི་འཁོར་ལོའི་རྩིས་རིག་དང་དབྱངས་འཆར་རྩིས་རིག་གཉིས་ཡིན་ཏེ། དེ་ལས་དང་པོ་དུས་འཁོར་རྩིས་རིག་ཇི་ལྟར་དར་བའི་བྱུང་རིམ་གནད་བསྡུས་གླེང་བ་ལ། དེ་ཡང་ས་པཎ་གྱིས་རིག་གནས་ཆེ་ཆུང་གི་རྣམ་གཞག་འཆད་པའི་སྐབས་ཕྱི་རོལ་རིག་བྱེད་ལུགས་ཀྱི་རིག་པའི་གནས་བཅོ་བརྒྱད་ལ་དཔེ་མཛད་དེ། སྐར་རྩིས་རིག་པ་འདི་བཞིན་རིག་གནས་ཆུང་བའི་ཁོངས་མཛད་པ་དེར་གཞི་བཅོལ་ནས་ཕྱི་རབས་པ་ཕལ་གྱིས་རྩིས་རིག་པ་འདི་ཉིད་རིག་པའི་གནས་ཆུང་བའི་རྣམ་གཞག་སྐར་རྩིས་ཁོངས་བགྲང་རྐྱང་མཛད་བཞིན་འདུག་པ་དེ་ལྟ་མ་ཡིན་ཏེ། ས་པཎ་གྱིས་མཛད་པ་ནི་ཕྱི་རོལ་པའི་སྐར་དཔྱད་བརྟག་པའི་རྩིས་དང་གྲངས་ཙམ་རྩི་བའི་རིག་པ་ཙམ་ལས། དཔལ་དུས་ཀྱི་འཁོར་ལོའི་གཞུང་ལས་གསུངས་པའི་རྩིས་རིག་དང་ལྷག་པར་ཐུན་མིན་བོད་ཀྱི་ཀུན་ཁྱབ་རྟེན་འབྱུང་རྩིས་རིག་ལ་དེ་བས་ཁྱབ་ཏུ་མེད། དཔལ་དུས་ཀྱི་འཁོར་ལོ་ནི་ནང་དོན་རིག་པ་གནད་ཆེ་ཞིག་སྟེ་སངས་རྒྱས་ཀྱི་གསུངས་པའི་ཆོས་རྣམས་མདོ་སྔགས་གཉིས་སུ་དབྱེ་བ་ལས་སྔགས་ལའང་རྒྱུད་སྡེ་བཞི་སྟེ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་རྒྱུད་ཅེས་ཡོངས་སུ་གྲགས་པ་ལས་བླ་མེད་རྒྱུད་དེར། ཐབས་ཀྱི་རྒྱུད་དང༌། ཤེས་རབ་རྒྱུད། གཉིས་སུ་མེད་པའི་རྒྱུད་གསུམ་ལས་གཉིས་སུ་མེད་པའི་རྒྱུད་ཉིད་ཡིན། རྒྱུད་འདི་ལས་ཕྱུངས་པའི་རྩིས་རིག་པ་ནི་རྒྱུད་ཀྱི་ལེའུ་ཀུན་དང་འབྲེལ་བས་ན། རྩིས་རིག་པ་འདི་བཞིན་ནང་དོན་རིག་པའི་ཁོངས་སུ་འདུ་བ་སྙོན་མེད་ཡིན། དེ་ལ་དུས་འཁོར་རྩིས་རིག་གི་གཞུང་དཔལ་དུས་ཀྱི་འཁོར་ལོ་ཇི་ལྟར་དར་དང་བརྒྱུད་པའི་རིམ་པ་ལས་དང་པོ་ཆོས་འདི་ཉིད་ཀྱི་སྟོན་པ་ནི་ཐུབ་པའི་དབང་པོ་ཤཱཀྱ་ཐུབ་པ་ཡིན་ཏེ། ལོ་རྒྱུས་ཡོངས་གྲགས་སུ་སྟོན་པ་མྱ་ངན་ལས་འདའ་ཁ་ཡེ་སྔོན། ༨༨༡ ལྕགས་འབྲུག་ནག་པའི་ཉར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་འཁོར་གྱི་གཙོ་བོ་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོས་གཙོས་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་གི་རྒྱལ་པོ་རྣམས་ཀྱིས་ཞུས་ཏེ་གསུངས། རྒྱུད་གསུངས་པའི་ཕྱི་ལོར་ཆོས་རྒྱལ་ཟླ་བ་བཟང་པོས་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་མཛད་དེ་ཤམ་བྷ་ལའི་རྒྱལ་བརྒྱུད་ཕྱི་མ་སྲས་ལྷ་དབང་ལ་གདམས་པ་དང་དེ་ནས་རིམ་པར་ཆོས་རྒྱལ་བདུན་དང་རིགས་ལྡན་ཐོག་མ་འཇམ་དཔལ་གྲགས་པ་བར་བརྒྱུད་ལ་རིགས་ལྡན་འདིས་རྩ་བའི་རྒྱུད་ལས་བསྡུས་པའི་རྒྱུད་སྟོང་ཕྲག་བཅུ་གཉིས་ད་ལྟ་ང་ཚོའི་མིག་ལམ་དུ་མཇལ་རྒྱུ་ཡོད་པའི་བསྟན་བསྒྱུར་པོད་ཐ་པར་བཞུགས་པ་འདི་མཛད་དེ་རིམ་པར་རིགས་ལྡན་ཉེར་གཅིག་པ་མ་འགག་པའི་བར་བརྒྱུད།
    དེ་ལྟའི་གསང་སྔགས་ཀྱི་རྒྱུད་འདི་ཉིད་ལྷོ་གླིང་འདིར་ཐོག་མར་ཇི་ལྟར་དར་ཞེ་ན། ཡོངས་སུ་གྲགས་པ་རབ་བྱུང་དང་པོའི་མེ་ཡོས་ཡེ་ལོ། ༡༠༢༧ ལོར་དུས་འཁོར་འཕགས་བོད་དུ་དུས་མཉམ་པར་དར་བའི་བཞེད་པ་ལྟར་ན། ཤམ་བྷ་ལའི་ཁྲི་རབས་འཛིན་པ་རིགས་ལྡན་རྒྱལ་དཀའི་ཁྲི་ལོ་རྫོགས་པ་རིགས་ལྡན་ཉི་མ་གསེར་ཁྲིར་མ་ཕེབས་པའི་དུས་ཙམ་ན། རྒྱ་གར་གྱི་པཎ་ཌི་ཏ་བྱང་སེམས་ཙི་ལུ་པ་དང་དུས་ཞབས་པ་སོགས་ཀྱིས་ཤམ་བྷ་ལའི་རིགས་ལྡན་ལས་གསན་པ་བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་དང༌། རྭ་ཆོས་རབ། ཁ་ཆེ་པཎ་ཆེན་ཟླ་སོགས་ཀྱིས་བསྒྱུར་ཏེ་འཆད་ཉན་སྒྲུབ་པའི་སྒོ་ནས་དུས་འཁོར་གྱི་བསྟན་པ་རིན་པོ་ཆེ་ངེད་ཅག་ཁ་བའི་ལྗོངས་སུ་སྤེལ་བ་ལས་རིམ་པར་དར། དཔལ་དུས་ཀྱི་འཁོར་ལོའི་འཆད་ཉན་གྱི་བསྟན་པ་བོད་དུ་དར་བ་ནས་བཟུང་དུས་ཀྱི་འཁོར་ལོའི་རྩིས་རིག་འདིས་སྔ་མོའི་བོད་རྩིས་རིག་པ་དང་ནག་རྩིས་རིག་པ་ཟུང་དུ་འཇུག་པའི་བོད་རྩིས་རིག་པ་ལ་བརྒྱབ་རྟེན་ལུང་རིག་ཚད་ཐུབ་ཞིག་གྲུབ་པར་བརྟེན། བོད་རྩིས་རིག་པ་འདི་བཞིན་ལག་ལེན་ཆ་ཚང་རང་རྐྱ་འཕེར་བ་ཞིག་ཏུ་གྱུར་ཡོད།

ས་བཅད་གཉིས་པ། ལེའུ་ཐོའི་མཚན་ཉིད་དང༌། རྣམ་དབྱེ་བཤད་པ།
དང་པོ། ལེའུ་ཐོའི་མཚན་ཉིད།

    ལེའུ་ཐོ་ཞེས་པ་རྩིས་རིག་པའི་གཞུང་ལུགས་ནང་ཡོངས་ཁྱབ་ཏུ་འགྱུར་བའི་ཐ་སྙད་ཅིག་ཡིན། དེ་ཉིད་སཾསྐྲྀ་ཏའི་སྐད་དུ་རཱྀ་ཐུ་དང་ལྀ་ཐུ་ཞེས་འབོད་པ་ལས་ཕྱི་མ་ལྀ་ཐུ་ཟུར་ཆག་པ་བོད་སྐད་དུ་བསྒྱུར་ན་དུས་ཚིགས་ཞེས་གོ་བ་ཡིན་ལ་དེང་ཡོངས་གྲགས་ལོ་ཐོ་ཞེས་བརྗོད་པའང་ལེའུ་ཐོ་ཞེས་པའི་སྒྲ་ཟུར་ཆག་པ་ལས་བྱུང༌། ཡང་དོན་འགྲེལ་དུ། དུས་ཚིགས་ཞེས་པ་ལོ་ཟླའི་འཁོར་ལོ་ཞེས་པར་གོ་བས། ལེའུ་ཐོའམ་ལོ་ཐོ་ཞེས་པའང་ལོ་ཟླའི་འཁོར་ལོར་གོ་ན་ཆོག །སྤྱིར་རྟེན་འབྲེལ་རྩིས་རིག་པའི་ལམ་ལས་བསྟན་པའི་ལོ་རེའི་བཟང་ངན་བླང་དོར་གང་ཡང་ཟིན་ཐོར་བཀོད་པ་ལེའུ་ཐོ་འམ་ལོ་ཐོའི་མཚན་ཉིད་ལྟ་བུར་ངོས་འཛིན་ན་ཆོག་ཅིང༌། བྱེ་བྲག་ལེའུ་ཐོ་རྒྱས་པའི་མཚན་ཉིད་ནི། མཁའི་ཉི་ཟླ་གཟའ་སྐར་གྱི་འཁོར་བགྲོད་བརྩི་བ་གཙོར་བསྟན་ནས། རང་བྱུང་ཁམས་ཀྱི་ཕྱི་ཡུལ་གནམ་གཤིས་ཚ་གྲང་གི་ཁྱད་ཆོས་དང༌། རྩི་ཤིང་སྐྱེ་དངོས་སོགས་ཀྱི་སྐྱེ་འཕེལ། བྱ་དང་རི་དྭགས་སོགས་སྲོག་ཆགས་རིགས་ཀྱི་འཚར་ལོངས་དང་ཚུལ་སྤྱོད། གང་ཟག་གི་ཕུང་པོའི་བདེ་སྡུག་སོགས་དུས་ཀྱི་འཕོ་འགྱུར། མ་འོངས་འབྲས་བུའི་རྟེན་འབྲེལ་འཆར་ཚུལ་གྱི་དོན་གནད་བླང་དོར་འབྱེད་པའི་རིམ་པ་ཕྱག་ཐོར་ཟིན་ཐོར་བཀོད་པ་ཞིག་ཡིན། འདིའི་ནང་ལོ་རེའི་གནམ་གཤིས་དང་ས་བཅུད་ཀྱི་འགྱུར་བ་དང༌། དུས་བཞིའི་འཕོ་འགྱུར། ས་ཞིང་འདེབས་ལས། གཞན་ཡང་གང་ཟག་གི་བར་ཆད་སོགས་འཇིག་རྟེན་པའི་འཚོ་བ་སྐྱེལ་བའི་དུས་རིམ་ནང་མེད་དུ་མི་རུང་བའི་བླང་དོར་བསྟན་ཡོད།

གཉིས་པ། ལེའུ་ཐོའི་རྣམ་དབྱེ།

    རྩིས་རིག་པའི་རྣམ་དབྱེ་ལ་ལྟོས་ཏེ། དཀར་རྩིས་དང༌། ནག་རྩིས། དཀར་ནག་དབྱངས་གསུམ་ཟུང་དུ་འཇུག་པའི་ལེའུ་ཐོ་ཞེས་རིགས་མི་འདྲ་བ་གསུམ་འདོན་སྲོལ་ཡོད་ལ། འབྱུང་རྩིས་རིག་པའི་ལེའུ་ཐོར་ཡོངས་གྲགས་གཏན་ལེ་དང་སྐར་ལེ་ཞེས་འབོད་སྲོལ་ཡོད་པའང་ཟླ་རེའི་ཚེས་ཁོངས་ཀྱི་གཟའ་སྐར་སྤར་སྨེ་སོགས་འགྱུར་མེད་གཏན་འཁོར་ཡིན་པའི་དོན་གྱིས་ཡིན། ད་ལྟ་ང་ཚོའི་མིག་ལམ་དུ་མངོན་བཞིན་པའི་ལེའུ་ཐོ་རྒྱས་པ་འདི་བཞིན་བཻ་དཀར་གཞུང་དོན་ལས་གསུངས་པའི་རྒྱས་པའི་ལོ་ཐོ་ལས་བསྡུས་པ་དང༌། འབྲིང་བ་ལས་ཅུང་རྒྱས་པའི་ཚུལ་དཀར་ནག་དབྱངས་གསུམ་ཟུང་སྦྱོར་ཕུག་པའི་སྲོལ་ཡིན་ཅིང༌། སྔར་ཕུག་པའི་ལུགས་ཀྱི་ལོ་ཐོ་འདི་ལ་ནང་དོན་རྒྱས་བསྡུས་དང༌། ཡུལ་དུས་གང་ཟག་དབང་གིས་ཕྱི་ནང་ཐེམས་མི་འདའ་ཞེས། ཕྱི་ཡི་ལེའུ་ཐོ་དང༌། ནང་གི་ལེའུ་ཐོ། ཐེམས་མི་འདའ་བའི་ལེའུ་ཐོ་ཞེས་རྣམ་པ་གསུམ་ཡོད།
    ལེའུ་ཐོའི་རིགས་དང་རྣམ་དབྱེ་གཉིས་སུ་དབྱེ་བ་གང་ཡང་རྒྱས་འབྲིང་བསྡུས་གསུམ་གྱིས་གཏན་ལ་དབབ་པ་ནི་རྩིས་གཞུང་བཻེ་དཀར་གྱི་དགོངས་དོན་དང༌། དེ་ཡང་ལེའུ་ཐོ་གཟིགས་མཁན་གང་ཟག་གི་མཁྱེན་དཔྱོད་དང་འབྱོར་བའི་དབང་གིས་རྒྱས་འབྲིང་བསྡུས་གསུམ་གྱི་སྦྱོར་བ་བསྟན་ཡོད་པ་སྟེ།
    ལེའུ་ཐོ་རྒྱས་པ། ཚད་ལྡན་མཁས་པའི་ཕྱག་རྒྱུན་ནས་ལེགས་ཆ་རྣམས་གཅིག་ཏུ་བསྡུས་པ། མི་ཆེན་མཁྱེན་དཔྱོད་ཅན་རྣམས་ཀྱིས་བེད་སྤྱོད་པའི་ལོ་རེའི་བཟང་ངན་བླང་དོར་རྣམས་ཞིབ་པར་སྟོན་པ་ནི་རྒྱས་པའི་ལེའུ་ཐོ་ཡིན།
    ལེའུ་ཐོ་འབྲིང་པོ། ཕྱི་འབྱོར་པའི་དྲག་ཞན་དང་ནང་མཁྱེན་དཔྱོད་བར་མ་ཅན་གྱིས་འཛིན་པའི་ལེའུ་ཐོ་ནང་དོན་དང་བླང་དོར་འབྲིང་པོ་ཙམ་སྟོན་པ།
    བསྡུས་པའི་ལེའུ་ཐོ། ཕྱི་འབྱོར་པ་ཞན་པ་དང་ནང་ཤེས་རབ་ཆུང་བས་བེད་སྤྱོད་པའི་ལེའུ་ཐོ་སྟེ། ནང་དོན་ཡང་བསྡུས་པར་བསྟན་ཡོད་དོ། །དེང་ལག་ལེན་ཐོག་དངོས་སུ་སྤྱོད་བཞིན་པའི་ལོ་ཐོ་རྒྱས་བསྡུས་གཉིས་ནི། རྒྱས་པ་དཀར་ནག་དབྱངས་གསུམ་གྱི་དགོངས་འདུས་དཔེ་གཟུགས་ཅན་འདི་ལ་བརྗོད་ཅིང༌། བསྡུས་པར་གཉིས་ཡོད་པ་ལས་དེབ་གཟུགས་ཅན་ཉིན་རེའི་ཟིན་ཐོ་འགོད་རྒྱུ་ཡོད་པའི་ཟླ་ཚེས་གཟའ་སྐར་ཙམ་བཀོད་པ་དེ་དང༌། དེ་ལས་བསྡུས་པ་གྱང་སྡེབས་སུ་འགེལ་བྱའི་ཤོག་རྐྱང་མ་ཀ་ལན་ཌ་(Clender)ཞེས་པ་དེ་གཉིས་སོ། །

ས་བཅད་གསུམ་པ། ལེའུ་ཐོའི་ཁ་བྱང་གི་མཚོན་དོན་བཤད་པ།

    གཞུང་ལེའི་(བོད་གཞུང་སྨན་རྩིས་ཁང་གི་ལེའུ་ཐོ་)ཁ་བྱང་དུ། དབུས་སུ་སྨན་རྩིས་ཁང་གི་མཚོན་རྟགས་གཡས་གཡོན་སེང་གེས་བཏེགས་པའི་རྣམ་བཅུ་དབང་ལྡན་ལྟེ་བར་སྨན་མཆོག་ཨ་རུས་བྱུར་བུར་གཏམས་པའི་ལྷུང་བཟེད་ཅན་དང༌། ཡང་གཡས་གཡོན་དུ་ཀུན་གཞི་ནམ་མཁའ་སྔོན་པོའི་(ནག་པོའང་རུང་)སྟེང་རིག་གསར་གནམ་རིགས་ལུགས་ཀྱི་གོ་ལ་དང༌། རང་ལུགས་དུས་འཁོར་རྩིས་ལུགས་ཀྱི་གནམ་སའི་གོ་ལའི་དཔེ་རིས་བཅས་པ་འགྱུར་མེད་གཏན་འཁེལ་ཐོག
    མཐའ་འཁོར་མུ་མཁྱུད་ཀྱི་མཚོན་རིས་ལོ་རེར་བརྗེ་ལེན་གྱི་ཚུལ་དུ་འདོན་བཞིན་པ་ནི། ལེའུ་ཐོ་གཟིགས་མཁན་ཡོད་དོ་ཅོག་གི་མིག་ལམ་དུ་མངོན་བཞིན་པ་དེའོ།། རི་མོ་དང་ཁ་དོག་སྣ་མང་དེ་དག་བཀོད་པའི་མཚོན་དོན་གང་ཡིན་ཚང་མས་གསལ་རྟོགས་བྱ་རྒྱུ་གལ་ཆེ་ཡིན་སྟབས། འདིར་ལེའུ་ཐོ་ལྟ་སྟངས་ཀྱི་ཐོག་མར་ཁ་བྱང་གི་རི་མོའི་མཚོན་དོན་དག་ངོ་སྤྲོད་མདོར་བསྡུས་བྱ་རྒྱུ་ཡིན།

དང་པོ། དབུས་ཀྱི་རི་མོའི་ངོ་སྤྲོད།

    ཁ་བྱང་དབུས་ཀྱི་རི་མོ་ནི་བོད་གཞུང་སྨན་རྩིས་ཁང་གི་ཕྱི་ནང་མིང་དོན་མཚོན་པའི་མཚོན་རྟགས་ཤིག་ཡིན་ལ། འདི་ཉིད་ལེའུ་ཐོའི་ཁ་བྱང་སྟེང་དུ་བཀོད་དོན་ཡང་ལེའུ་ཐོ་འདི་ཉིད་བོད་གཞུང་འཛིན་གྱི་ལེའུ་ཐོ་ཡིན་པ་མཚོན། དེ་ཡང་དུས་འཁོར་ལུགས་ཀྱི་རྣམ་བཅུ་དབང་ལྡན་ལན་ཙའི་ཡི་གེ་དབུ་ཞབས་གཅིག་ཏུ་བྱས་པ་འདིས་བོད་རྩིས་རིག་པ་མཚོན་པ་དང༌། དེའི་དབུས་ཨ་རུ་རས་གཏམས་པའི་ལྷུང་བཟེད་ཀྱི་རི་མོ་བཀོད་པ་དེས་བོད་ཀྱི་གསོ་བ་རིག་པ་མཚོན་པས། གཡས་གཡོན་དུ་གཡུ་རལ་གྱིས་བརྗིད་པའི་སེངྒེ་ཟུང་གིས་འདེགས་བཞིན་པའང༌། བོད་རྒྱལ་ཁབ་ཆེན་པོའི་མཚོན་དོན་ཡིན་ཅིང༌། དེ་ཀུན་གཅིག་ཏུ་བསྡུས་པས་བོད་རྒྱལ་ཁབ་ཆེན་པོས་བདག་གཉེར་གཞུང་འཛིན་མཛད་བཞིན་པའི་བོད་ཀྱི་སྨན་རྩིས་རིག་པའི་བསྟི་གནས་མཚོན་པར་བྱས་ཡོད། (འདི་དག་གི་མཚོན་དོན་ཞིབ་པ། གཤམ་དུ་འགོད་རྒྱུ།)

གཉིས་པ། གོ་ལའི་དཔེ་རིས་སོ་སོའི་མཚོན་དོན།

    གཡས་གཡོན་དུ་ཁ་དོག་སྔོན་པོའི་སྟེང་ཕྱི་ལུགས་དང་རང་ལུགས་གཉིས་པོའི་གོ་ལའི་རི་མོ་སོ་སོར་བཀོད་པའི་མཚོན་དོན་ཡང༌། ཁ་དོག་སྔོན་པོ་ཕྱི་ནང་དངོས་ཀུན་འབྱུང་གཞི་དང་ཁྱད་པར་གཟའ་སྐར་རྒྱུ་བའི་ལམ་ནམ་མཁའ་སྟོང་པ་ཉིད་ཀྱི་མཚོན་དོན་ཡིན་ཞིང༌། དེའི་སྟེང་གཡས་སུ་རང་ལུགས་དུས་འཁོར་གྱི་གནམ་སའི་གོ་ལའི་བཀོད་པའང་ཆེ་ཆུང་དང་ཁ་དོག་མི་འདྲ་བའི་ཟླུམ་སྐོར་བཞི་པོ་ཕྱི་ནས་རིམ་བཞིན་བཀོད་པ་ནི་ནག་པོ་རླུང་དང༌། དམར་པོ་མེ། སྔོན་པོ་ཆུ། སེར་པོ་ས་བཞི་པོའི་དཀྱིལ་འཁོར་དང་སའི་དབུས་སུ་ལྗང་གུས་རིའི་རྒྱལ་པོ་རི་རབ་དང་དེའི་དབུས་དམར་སེར་སོགས་ཀྱི་ཁ་དོག་ཕྱོགས་བཞིར་བཀོད་པ་ནི་གླིང་དང་འབྱུང་བའི་ཁམས་མཚོན་པ་སྟེ། དམར་པོས་ལྷོ་གླིང༌། ནག་པོས་ཤར་གླིང༌། སེར་པོས་ནུབ་གླིང༌། དཀར་པོས་བྱང་གླིང་བཅས་མཚོན། དེ་ནི་བོད་རྩིས་རིག་པའི་ནང་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་བཤད་པའི་སྐབས་ཐོག་མར་ནམ་མཁའ་སྟོང་པའི་དབུས་སུ་རླུང་གི་རྡུལ་ཕྲ་རབ་རྣམས་བསྡུས་ཏེ་འདབ་འབྱར་དུ་གྱུར་པས་ཡང་ཞིང་གཡོ་བའི་རླུང་གི་དཀྱིལ་འཁོར་དབྱིབས་ཟླུམ་པོ་ཐད་ཀར་དཔག་ཚད་འབུམ་བཞི་དང་འཁོར་ཡུག་དཔག་ཚད་འབུམ་བཅུ་གཉིས། མཐུག་རྔམས་སུ་སྟོང་ཕྲག་ལྔ་བཅུར་བཤད་པའི་རླུང་དཀྱིལ་གྲུབ་པར་བཤད་པ་དེའི་མཚོན་བྱེད་མཐའ་འཁོར་ཁ་དོག་ནག་པོའི་ཟླུམ་གཟུགས་རླུང་རིས་ཅན་བཀོད་པ་དང༌། དེས་སྐྱོར་བའི་ནང་དུ་མེའི་རྡུལ་ཕྲ་རབ་རྣམས་འབྱར་བ་ལས་རླུང་དང་ལྡན་པའི་གློག་འཁྲིགས་པ་ལྟ་བུའི་མེའི་དཀྱིལ་འཁོར་ཁོར་ཡུག་ཏུ་དཔག་ཚད་འབུམ་ཕྲག་དགུ་དང་ཐད་ཀར་གསུམ་ཡོད་པ་གྲུབ་པ་དང༌། དེས་སྐྱོར་བའི་ནང་ཆུའི་རྡུལ་འབྱར་བའི་རླུང་མེ་ཆུ་དང་ལྡན་པའི་སྤྲིན་བྱུང་བ་ལས་ཆར་བབས་པའི་ཆུའི་དཀྱིལ་འཁོར་ཁོར་ཡུག་ཏུ་འབུམ་ཕྲག་དྲུག་དང་ཐད་དཀར་འབུམ་གཉིས་ལྡན་པའི་དཀྱིལ་འཁོར་གྲུབ་པར་བཞེད་པ་དེའི་མཚོན་བྱེད་དུ་ཁ་དོག་སྔོ་དཀར་ཟླུམ་པོ་ཆུ་རིས་ཅན་དང༌། ཆུ་དཀྱིལ་གྱིས་སྐྱོར་བའི་ནང་དུ་སའི་རྡུལ་འདབ་འབྱར་བའི་རླུང་མེ་ཆུ་དང་ལྡན་པའི་འཇའ་མཚོན་འཁྲིག་པ། མཐའ་ཡས་པའི་དཀྱིལ་འཁོར་ཁོར་ཡུག་འབུམ་ཕྲག་གསུམ་དང་ཐད་ཀར་འབུམ་ཕྲག་གཅིག་གྲུབ་པར་བཤད་པ་མཚོན་བྱེད་དུ་ཁ་དོག་སེར་པོའི་ཟླུམ་གཟུགས་དང༌། ས་དཀྱིལ་དབུས་སུ་རི་རབ་ཀྱི་མཚོན་བྱེད་ཁ་དོག་ལྗང་ཁུ་དུམ་བུ་ཆེ་ཆུང་ས་དཀྱིལ་ཕྱེད་དུ་འདོད་དོ། །གཞན་ཡང་ས་དཀྱིལ་དབུས་སུ་རགས་པ་གླིང་བཞི་མཚོན་བྱེད་དུ། ལྷོ་རུ་དམར་པོ་གྲུ་གསུམ་དང༌། ནུབ་ཏུ་སེར་པོ་གྲུ་བཞི། བྱང་དུ་དཀར་པོ་ཟླུམ་པོ་ཕྱེད་པ། ཤར་དུ་ནག་པོ་ཟླུམ་པོ་སོ་སོར་བཀོད་ཡོད།
    ཆུ་དང་མེའི་དཀྱིལ་འཁོར་གྱི་མཚམས་ནས་རི་རབ་ལ་ཐུག་གི་བར་དུ་ཚོན་རིས་མི་འདྲ་བའི་ཟླུམ་ཐིག་བཅུ་གཉིས་བྲིས་ཡོད་པ་ནི་གཟའི་རྒྱུ་ལམ་ཁྱིམ་བཅུ་གཉིས་མཚོན་པ་སྟེ། དེ་ལ་དཀར་པོ་གཉིས་ཀྱིས་ལུག་དང་བུ་མོའི་ཁྱིམ་མཚོན་པ་དང༌། དམར་པོ་གཉིས་ཀྱིས་ཉ་དང་སྲང་ཁྱིམ། ནག་པོ་གཉིས་ཀྱིས་སྡིག་པ་དང་བུམ་ཁྱིམ། སྔོན་པོ་གཉིས་པོས་ཀཊ་དང་འཁྲིག་ཁྱིམ། ལྗང་གུ་གཉིས་ཀྱིས་གཞུ་དང་ཆུ་སྲིན་གྱི་ཁྱིམ། སེར་པོ་གཉིས་ཀྱིས་གླང་དང་སེང་གེའི་ཁྱིམ་བཅས་མཚོན་པ་ཡིན།
    གཡོན་ཕྱོགས་སུ་ཉི་མའི་ཁྱིམ་རྒྱུད་མཚོན་པའི་ཕྱི་ལུགས་གོ་ལའི་གཟུགས་བཀོད་པའང༌། སྟེང་ཟུར་ནས་རིམ་པར། ཉི་མ་དང༌། (Sun) ལྷག་པ། (Mercury) པ་སངས། (Venus) སའི་གོ་ལ་དང་དེ་དང་ཉེ་བའི་མཐར་ཟླ་བ། མིག་དམར། (Mars) ཕུར་བུ། (Jupiter) སྤེན་པ། (Saturn) སྐར་མ་གནམ་རྒྱལ། (Uranus) སྐར་མ་མཚོ་རྒྱལ། (Neptune) སྐར་མ་གཤིན་རྒྱལ། (Pluto) མཚོན་ཅིང༌། ནག་ཐིག་ནི་རང་རང་སོ་སོས་ཉི་མར་སྐོར་བ་བྱ་སའི་བགྲོད་ལམ་ཡིན།
    གཞུང་ལེའི་མཐའི་མུ་ཁྱུད་དུ་ཁ་དོག་མི་འདྲ་བའི་འབྱུང་ཚོན་༼བྱུང་བའི་ཚོན་མདོག༽ལོ་རེར་བརྗེ་ལེན་གྱི་ཚུལ་དུ་བཀོད་བཞིན་པའང་གཞུང་ལེ་འདོན་ལོའི་དུས་ཀྱི་གནམ་ལོའི་དབང་ཐང་གི་མཚོན་དོན་ཡིན་ཅིང༌། དེ་ཉིད་དབང་ཐང་གི་ཁམས་མེ་ལ་དམར་པོ་དང༌། ས་ལ་སེར་པོ། ཆུ་ལ་སྔོན་པོ། ཤིང་ལ་ལྗང་ཁུ། ལྕགས་ལ་དཀར་པོས་མཚོན་པར་བྱས་པ། དཔེར་ན། ཆུ་ལུག་ལོའི་ལེའུ་ཐོའི་མུ་མཁྱུད་དུ་ཁ་དོག་སྔོན་པཽ་དང༌། ས་གླང་ལོ་སེར་པོ། ལྕགས་སྦྲུལ་ལོར་དཀར་པོ་བཀོད་པ་བཞིན་ནོ། །
 

ས་བཅད་བཞི་པ། ལེའུ་ཐོ་ལྟ་སྟངས་དངོས་བཤད་པ།
    དང་པོ། མཚན་དོན་དང་མཆོད་བརྗོད་དམ་བཅའ།

    བསྟན་བཅོས་གང་ཞིག་ཡིན་རུང་དེ་ཉིད་ཀྱི་བརྗོད་དོན་དང་བྱེད་ལས་མཚོན་པའི། མཚན་ཡོད་དགོས་པ་བཞིན་གཞུང་ལེའི་ཤོག་གྲངས་དང་པོའི་ཐོག་ལེའུ་ཐོའི་མཚན་གང་ཡིན་གསལ་བར་བཀོད་ཡོད། མཚན་བྱང་མཛེས་རྒྱན་དུ་བཀྲ་ཤིས་རྟགས་བརྒྱད་སོགས་རི་མོ་འདྲ་མིན་འབྲི་སྲོལ་ཡོད་པ་འགྲེལ་བརྗོད་མི་དགོས་པ་དང༌། སྐབས་བབས་མཚན་བྱང་གི་གཡས་ཕྱོགས་སུ་རབ་ལོ་དང་གཡོན་ཕྱོགས་སུ་ཕྱི་ལོ་ཞེས་བཀོད་པ་དེ་དག་སོ་སོའི་དོན་རགས་ཙམ་གླེང་ན། དང་པོ་མཚན་དོན་ལ་གསུམ། རབ་ལོ་དང་མཚན་དངོས། ཕྱི་ལོ་བཅས་གསུམ་མོ། །
    ༡༽ རབ་ལོ། རབ་ལོ་ཞེས་པ་རབ་བྱུང་དང་པོ་འགོ་ཚུགས་ནས་ལོ་ཐོ་སྤེལ་བའི་བར་གྱི་ལོ་གྲངས་ལ་བརྗོད་ཅིང༌། དེ་ནི་སྐར་དཔྱད་རྩིས་ལུགས་ཀྱི་ལོ་ཟླའི་འགོ་འཛིན་གྱི་དུས་ཏེ། ལོ་ནི་རབ་བྱུང་མེ་མོ་ཡོས་དང༌། ཟླ་བ་ནི་བོད་ཟླ་གསུམ་པ། ཚེས་ནི་ཡར་ངོའི་དགའ་བ་དང་པོ་ཚེས་གཅིག་ནམ་ལངས་སུ་འཛིན་པའི་དབང་གིས་ཟླ་གསུམ་པའི་ཚེས་གཅིག་བཀོད་པ་ཡིན། དེ་ཡང་རབ་བྱུང་དང་པོ། ཡེ་ལོ་ ༡༠༢༧ ལོ་ནས་འགོ་ཚུགས་པས། འདི་ནས་བཟུང་ལོ་དྲུག་ཅུ་རེར་རབ་བྱུང་རེ་རྩིས་པས་ད་ལྟ་ཆུ་ལུག་འདི་ནི་རབ་ལོ་ ༤༧༦ ཡིན་ནོ།།
    ༢༽  ཕྱི་ལོ། ཕྱི་ལོ་ཞེས་པའི་དོན་ཡེ་ལོ་སྟེ། ཡེ་ཤུའི་སྟོན་པ་མ་ཤི་ཀ་འཁྲུངས་ནས་ད་བར་ལོ་ཇི་ཙམ་འགྲོ་བཞིན་པའི་གྲངས་ཡིན་ཅིང༌། ཟླ་ཚེས་ནི། རབ་ལོའི་ཟླ་ཚེས་བསྟུན་པའི་གྲངས་སོ། ། (ཡེ་ཤུའི་འཁྲུངས་ལོའི་ཐ་སྙད་འདིར། སྤྱི་ལོ་དང༌། ཕྱི་ལོ། དབྱིན་ལོ། ཡེ་ལོ་བཅས་ཀྱི་འབོད་ཚུལ་མི་འདྲ་བ་འགའ་ཡོད་པ་དེ་དག་སོ་སོའི་བྱུང་རིམ་ཞིབ་པ། ཁོ་བོས་བྲིས་པའི་སྤྱི་ལོ་དང་ཕྱི་ལོའི་ཐ་སྙད་ལས་འཕྲོས་པའི་དཔྱད་ཡིག་ཡེ་ལོ་མངོན་པར་གསལ་བ་ཞེས་པར་གཟིགས་ལ། འདི་སྐབས་ཡེ་ལོ་ཞེས་བེད་སྤྱོད་བྱ་རྒྱུ་ཡིན་པས་དགོངས་མངའ་ཞུ།)
    ༣༽ མཚན་དངོས། དབུས་སུ་སུམ་བྷིད་ཅན་གྱི་མཚན་དོན། སྟེང་མ་ལེགས་སྦྱར་གྱི་སྐད་ལན་ཙ་དང༌། བར་པ་སྒྲ་གཡར། འོག་མ་བོད་ཡིག་གཟབ་ཤར་གྱི་གཟུགས་སུ་བཀོད་པའང༌། ཐོག་མར་སྟོད་འགྲེལ་ལུགས་ཀྱི་ལོ་འཁོར་དྲུག་ཅུའི་མཚན་དང༌། དེ་རྗེས་འབྱུང་བའི་རྩིས་ལུགས་ཀྱི་མཚན་བརྗོད་ཚུལ་ཏེ། སྲོག་ལུས་དབང་ཀླུང་སྨེ་བའི་འབྱུང་གྲངས་ཇི་ཙམ་ལྡན་པའི་ལོ་རྒན་དྲུག་ཅུའི་མིང་དང༌། ལེའུ་ཐོ་སྦྱོར་བ་པོའི་འདོད་ཚུལ་གྱིས་བཏགས་པའི་ལེའུ་ཐོའི་མཚན་བཅས་བསྟན་ཏོ། །དཔེར་ན།
    རབ་གནས་ཆུ་ལུག་ལོའི་ལེའུ་ཐོའི་མཚན་དོན་དུ། གཡས་ཕྱོགས་སུ། རབ་ལོ་ ༩༧༣༧   ཅེས་དང་དབུས་སུ་མཚན་དངོས།  ཉི་མ་ཞེས་པ་འབྱུང་བ་ལྔ་ལྡན་ཆུ་མོ་ལུག་ལོའི་ལོ་ཐོ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ། ཞེས་དང༌། གཡོན་དུ། ཕྱི་ལོ། 2003 5 2 ཞེས་འཁོད་པའི་དོན་ཡང༌། རབ་ལོ་ ༩༧༧ ནི་རབ་བྱུང་དང་པོ་འགོ་བཙུགས་ནས་ལེའུ་ཐོ་སྦྱོར་དུས་བར་ལོ་ ༩༧༧ འགྲོ་བཞིན་པའི་དོན་དང༌། བོད་ཟླ་གསུམ་པའི་ཚེས་གཅིག་ནི་སྐར་དཔྱད་རྩིས་ལུགས་ཀྱི་ཟླ་ཚེས་རྩིས་འགོ་ཡིན། དབུས་སུ་ཉི་མ་ཞེས་པ་སྟོད་འགྲེལ་ལུགས་ཀྱི་མཚན་དང༌། འབྱུང་བ་ལྔ་ལྡན་ཆུ་མོ་ལུག་ཅེས་པ་འབྱུང་རྩིས་ལུགས་ཀྱི་མཚན་དང༌། དགོས་འདོད་ཀུན་འབྱུང་ཞེས་པ། ལེའུ་ཐོ་སྦྱོར་པ་པོས་བཏགས་པའི་མཚན་དངོས་ཡིན། གཡས་སུ་ཕྱི་ལོ་ཞེས་འཁོད་པའང་རང་རྒྱལ་གྱིས་བེད་སྤྱོད་པའི་ལོ་མིན་པར་ཕྱི་རྒྱལ་ཚོས་བེད་སྤྱོད་པ་གཙོར་དགོངས་ཏེ་བཏགས་པའི་ཐ་སྙད་ཡིན་ཞིང༌། དེ་ཉིད་དོན་དུ་སྟོན་པ་ཡེ་ཤུ་འཁྲུངས་པའི་ལོ་ཡིན་པས་ཡེ་ལོ་ཞེས་འབོད་པ་འཐད་ལྡན་དུ་མངོན་ཡང་སྔོན་མ་རྣམས་ཀྱིས་དབྱིན་ལོ་དང༌། སྤྱི་ལོ། ཕྱི་ལོ་ཞེས་བཏགས་ཡོད་པ་ལས། ཡེ་ལོ་ ༡༩༦༦ ནས་བཟུང་རང་གཞུང་སྨན་རྩིས་ཁང་གི་ལེ་ཐོའི་སྟེང་“ཕྱི་ལོ་”ཞེས་པའི་ཐ་སྙད་བེད་སྤྱོད་གཏན་འབེབས་གནང་བ་སྐབས་འདིར་རང་སོར་བཞག
    2003 ནི་ཡེ་སྟོན་འཁྲུངས་ནས་ལོ་དེ་ཙམ་འགྲོ་བཞིན་པའི་དོན་ཡིན། 5 2 ནི་བོད་ཟླ། ༣ པའི་ཚེས། ༡ དང་བསྟུན་པའི་ཕྱི་ལུགས་ཟླ་ཞག་ཡིན་ཞིང༌། སྐབས་སུ་བོད་ཟླ་གསུམ་པའི་ཚེས་གཅིག་འདི་བཞིན་ཕྱི་ཟླ། 5 ཞག། 2 ལ་འཁྱུད་པའོ།། །།

ཨེ་པ་བསོད་ནམས་རིན་ཆེན་ལགས་ནི། ད་ལྟ་བོད་གཞུང་སྨན་རྩིས་མཐོ་སློབ་ཀྱི་སློབ་དཔོན་རེད།

མདུན་ཤོག