དགེ་བཤེས་སྨོན་ལམ་མཐར་ཕྱིན།

བཀའ་འཁོར་རིམ་པ་གསུམ་དང་བཀའ་བསྡུའི་སྐོར།

    སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཟག་མེད་མཚན་དཔེའི་སྐུ་མཆོག་མངོན་པར་བཞད་པ་ནས་བཟུང་སྐུ་མི་རྟག་མྱ་ངན་ལས་མ་འདས་བར་དུ་གསུངས་པའི་བོན་སྒོ་གྲངས་མེད་པར་མཆིས་པ་རྣམས་ཀྱང་བསྡུས་ན་བཀའ་འཁོར་ཐོག་ཐ་བར་གསུམ་དུ་འདུས་པ་ཡིན་ཏེ། ཡེ་ཤེས་གསལ་སྒྲོན་ལས། བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ཡང༌། མདོ་རུ་བསྡུས་ན་བཀའ་འཁོར་ཐོག་ཐ་བར་གསུམ་དུ་འདུས་ཏེ། དེ་ཡང་བཀའ་དང་པོ་རྒྱུ་འབྲས་ཐེག་པ་རིམ་དགུ་རུ་གསུངས་པ་དང༌། བར་པ་བདེན་གཉིས་སྒོ་བཞི་མཛོད་དང་ལྔ་རུ་གསུངས་པ་དང༌། ཐ་མ་དོན་དམ་ཕྱི་ནང་གསང་གསུམ་དུ་གསུངས་པ་དང་གསུམ་མོ། །ཞེས་དང༌། བསྟན་པ་རྗེས་བཞག་གི་མདོ་ལས། བཀའ་ལ་ཐོག་ཐ་བར་དང་གསུམ། །དེ་ཡང་སོ་སོར་དབྱེ་བ་ན། །དང་པོ་ཀུན་རྫོབ་བདེན་པ་གསུངས། །བར་པ་བདེན་གཉིས་དོ་མཉམ་གསུངས། །ཐ་མ་དོན་དམ་བདེན་པ་གསུངས། །དེ་ཡང་མཛད་པ་བཅུ་གཉིས་ཀྱི། །བསྟན་སྤེལ་ཡན་ཆད་ཀུན་རྫོབ་ཚུལ། །རྗེས་བཞག་ཡན་ཆད་བདེན་གཉིས་ཚུལ། །མྱང་འདས་ཡན་ཆད་དོན་དམ་ཚུལ། །ཞེས་གསུངས། བཀའ་འཁོར་དང་པོ་ནི། རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པའི་ཁོངས་སུ་གསུངས་པའི་ཀུན་རྫོབ་དྲང་དོན་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན་ཞིང༌། དེ་ལ་དབྱེ་ན། རིག་པའི་གནས་ལྔས་བསྡུས་པའི་བཀའ་དང་པོ་དང༌། ཐེག་པ་རིམ་དགུས་བསྡུས་པའི་བཀའ་དང་པོ་གཉིས་ཡོད། དང་པོ་རྒྱལ་བུས་བཀའ་ཁྲིམས་སྩལ་བའི་མདོ་དང༌། བཟོ་རིག་དང་སྐད་བསྒྱུར་སོ་སོའི་མདོ། གཉིས་པ་ཐེག་དགུ་སོ་སོའི་མདོ་བཅས་ཡིན་ཏེ། མདོ་དེ་ཉིད་ལས། ཐོག་མར་བསྟན་སྤེལ་ཡན་ཆད་ལ། །རྣམ་པ་གཉིས་སུ་འཆད་པ་སྟེ། །རིག་པའི་གནས་དང་བསྟན་པའི་བོན། །དེ་ལྟར་གནས་ལྔ་ཐེག་པ་དགུ། །དང་པོར་གསུངས་པའི་བཀའ་ལུང་ངོ༌། །ཞེས་སོ། །
    བཀའ་འཁོར་བར་པ་ནི། རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་རྫོགས་ནས་བསྟན་པ་རྗེས་བཞག་གི་མཛད་པ་མ་གྲུབ་པའི་བར་གསུངས་པའི་བདེན་གཉིས་ཟུང་འབྲེལ་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན། དེ་ལ་དབྱེ་ན། དཔོན་གསས་མན་ངག་ལུང་གི་བོན་སྒོ་དང༌། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་སྒོར་གྱུར་པའི་བཀའ་བར་པ་དང་ལྔ་ཡོད། མཚན་གཞི་རིམ་བཞིན། ཁྲིད་རིམ་གསལ་སྒྲོན་དང༌། གཡུང་དྲུང་རྣམ་འཇོམས། གཏོ་རབས་ཤིང་ལོ་རྒྱས་པའི་རྒྱུད། ཤེས་རབ་ཕ་རོལ་ཏུ་ཕྱིན་པའི་མདོ། སྲིད་པའི་མཛོད་ཕུག་ལྟ་བུ་ཡིན་ཏེ། མདོ་ལས། བར་པ་བདེན་གཉིས་ཚུལ་གསུངས་པ། །སྒོ་བཞི་མཛོད་དང་ལྔ་རུ་དབྱེ། །ཞེས་སོ། །གསུམ་པ་བཀའ་འཁོར་ཐ་མ་ནི། སྟོན་པ་ཁྱིམ་སྤངས་རབ་ཏུ་བྱུང་ནས་སྐུ་མྱ་ངན་ལས་མ་འདས་བར་དུ་གསུངས་པའི་ངེས་པའི་གནད་དོན་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན།  དེ་ལ་དབྱེ་ན་སྤང་ལམ་གཙོ་བོར་སྟོན་པ་ཕྱི་རྒྱུད་འདུལ་ཁྲིམས་ཀྱི་བཀའ་དང༌། སྒྱུར་ལམ་གཙོ་བོར་སྟོན་པ་ནང་རྒྱུད་གསང་སྔགས་ཀྱི་བཀའ། གྲོལ་ལམ་གཙོ་བོར་སྟོན་པ་གསང་རྒྱུད་བླ་མེད་རྫོགས་པ་ཆེན་པོའི་བཀའ་བཅས་ཡོད། མཚན་གཞི་འདུལ་བ་རྒྱུད་དྲུག་དང༌། ཐབས་ཆེན་མཁའ་རྒྱུད། ལྟ་བ་སྤྱི་གཅོད་ལྟ་བུ་ཡིན་ཏེ། མདོ་ལས། ཐ་མ་ཕྱི་ནང་གསང་གསུམ་སྟེ། །ཕྱི་རྒྱུད་འདུལ་བ་ཁྲིམས་ཀྱི་བོན། །རྒྱུད་དྲུག་སྡེ་བཅུ་གཏན་ལ་ཕབ། །ནང་རྒྱུད་གསང་བ་སྔགས་ཀྱི་བོན། །གསས་མཁར་སྒོ་དགུ་གཏན་ལ་ཕབ། །གསང་རྒྱུད་བླ་མེད་ཐེག་པ་ཆེ། །ལྟ་སྒོམ་འབྲས་བུ་གཏན་ལ་ཕབ། །ཅེས་གསུངས་སོ། །བཀའ་ལ་ཐོག་ཐ་བར་གསུམ་དུ་དབྱེ་བའི་མདོར་དོན་ནི། སེམས་ཅན་འཁོར་དུ་མ་བསྡུས་པ་བསྡུས། བསྡུས་པ་སྨིན། སྨིན་པ་གྲོལ། གྲོལ་བ་མཐར་ཕྱིན་པའི་འབྲས་བུ་ལ་འགོད་པར་མཛད་པའི་ཆེད་དུའོ། །
    བཀའ་འཁོར་དང་པོ་ཐེག་པ་རིམ་དགུ་བར་པ་སྒོ་བཞི་མཛོད་ལྔ་ལ་འདུས་ཚུལ་ནི། ཕྱྭ་སྣང་འཕྲུལ་སྲིད་བཞི་ཆབ་ནག་གི་བོན་སྒོར་འདུས། དགེ་དྲང་གཉིས་ནི་འཕན་ཡུལ་གྱི་བོན་སྒོར་འདུས། ཨ་དཀར་ནི་ཆབ་དཀར་གྱི་བོན་སྒོར་འདུས། ཡེ་གཤེན་ནི་དཔོན་གསས་ཀྱི་བོན་སྒོར་འདུས། བླ་མེད་ནི་མཐོ་ཐོག་མཛོད་ལ་འདུས་པའོ། །བར་པ་སྒོ་བཞི་མཛོད་ལྔ་ཐ་མ་ཕྱི་ནང་གསང་གསུམ་ལ་འདུས་ཚུལ་ནི། ཆབ་ནག་དང་འཕན་ཡུལ་བོན་སྒོར་གཏོགས་པ་རྣམས་ནི་ཕྱི་རྒྱུད་ཀྱི་བོན་དང༌། ཆབ་དཀར་ནི་ནང་རྒྱུད་དུ་གཏོགས་ལ། དཔོན་གསས་ནི་གསང་རྒྱུད་དུ་གཏོགས། མཛོད་ནི་སྤྱི་ལ་རྒྱུག་པའོ། །
    དེ་ལྟར་འཁོར་ལོ་གསུམ་གྱིས་བསྡུས་པའི་རྒྱལ་བའི་བཀའ་དྲི་མ་མེད་པ་དེ་རྣམས་བསྡུ་འཁོར་བཅུ་གསུམ་ལ་མདོ་འབུམ་རྒྱུད་མཛོད་བཞི་རུ་དབྱེ་ནས་བསྡུ་བར་མཛད་དགོས་པར་བསྟན་པ་ལྟར་སྟོན་པ་མཆོག་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་སོ་སོར་གཉེར་དུ་གཏད་པའི་བོན་སྡེ་རྣམས་རང་རང་གི་གནས་ནས་སྤྱན་དྲངས་ཏེ་འོལ་མོ་ལུང་རིང་གི་ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་དུ་བསྡུ་བར་མཛད་པ་ཡིན། ༡༽མདོ་ཡི་སྡེ་རྣམས་འ་ཞ་གསང་བས་བསྡུས། ༢༽འདུལ་བའི་བོན་སྒོ་ཡིད་ཀྱི་ཁྱེའུ་ཆུང་གིས་བསྡུས། ༣༽འབུམ་སྡེ་རྣམས་ནི་རྨ་ལོ་དཔྱང་བུས་བསྡུས། ༤༽གཟུངས་གྱི་བོན་སྡེ་གཡུ་ལོ་ཟུར་ཕུད་ཀྱིས་བསྡུས། ༥༽གཏོ་རྒྱུད་འབུམ་སྡེ་གཏོ་བུ་འབུམ་སངས་ཀྱིས་བསྡུས། ༦༽དཔྱད་རྒྱུད་ཉི་ཁྲི་དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས། ༧༽མངོན་པ་ཚད་མ་ལུང་འདྲེན་གསལ་བས་བསྡུས། ༨༽སྔགས་རྒྱུད་སྡེ་རྣམས་རྒྱུད་འདྲེན་སྒྲོན་མས་བསྡུས། ༩༽ལྷ་རྒྱུད་ཡེ་ཤེས་འོལ་དྲུག་ཐང་པོས་བསྡུས། ༡༠༽ཕར་ཕྱིན་མཆོད་སྦྱིན་ཚངས་པ་གཙུག་ཕུད་ཀྱིས་བསྡུས། ༡༡༽ཐེག་ཆེན་སྡེ་སྣོད་འབུམ་ལྔ་ཐང་མ་འོད་རྒྱལ་གྱིས་བསྡུས། ༡༢༽ཕྱི་རིག་དཀར་ནག་རྩིས་རྒྱུད་ཀོང་ཚ་འཕྲུལ་བུས་བསྡུས། ༡༣༽གཙུག་ལག་སྡེ་བཞི་ཆབ་ནག་རྒྱུད་ཀྱི་བོན་ཕལ་ཞིག་ཀོང་ཚ་གཡུང་དྲུང་དབང་ལྡན་གྱིས་བསྡུས་པར་མཛད་དེ་གླེགས་བམ་ཁྲི་དང་དྲུག་སྟོང་གི་གྲངས་སྦམས་ནས་ཤམ་པོ་ལྷ་རྩེ་དང་དཀར་ནག་བཀྲ་གསལ་སོགས་ཀྱི་གསས་ཁང་རྣམས་སུ་བཞུགས་གསོལ་མཆོད་འབུལ་མཛད།

ལྷོ་གཏེར་གྱི་བོན་ཐེག་པ་རིམ་དགུའི་སྐོར།

    གྲུབ་མཐའི་ལྟ་སྤྱོད་འདེགས་བྱེད་ཀྱི་བློ་སྟོབས་དེ་ཐེག་པའི་དོན་དང༌། ལྟ་སྤྱོད་ཡང་དག་འགའ་ཞིག་འདེགས་བྱེད་ཀྱི་བློ་སྟོབས་དེ་ནང་པ་གཤེན་རབ་པའི་ཐེག་པའི་དོན། ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་དེ་ཉིད་ཀྱིས་གདུལ་བྱའི་བློ་རིམ་པ་དགུ་ལ་ལྟོས་ཏེ་བོན་ཐེག་པ་རིམ་དགུར་གསུངས་པ་ཡིན། བོན་ཐེག་པ་རིམ་དགུ་ལ་དབྱེ་ཚུལ་མ་འདྲ་བ་གསུམ་དུ་ཡོད་པ་ལས། སྐབས་འདིར་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་དང་ལྷོ་གཏེར་ལས་གསུངས་པའི་ཐེག་པ་རིམ་དགུའམ། ཞང་ཞུང་གི་ཐེག་དགུ་ནི། ཕྱྭ་གཤེན་སྣང་གཤེན་འཕྲུལ་གཤེན་སྲིད་གཤེན་ཏེ་རྒྱུ་ཡི་ཐེག་པ་བཞི་དང༌། དགེ་བསྙེན་དྲང་སྲོང་ཨ་དཀར་ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི། ཁྱད་པར་བླ་ན་མེད་པའི་ཐེག་པ་དང་དགུའོ། །
    དང་པོ་ཕྱྭ་གཤེན་ཐེག་པ་ལས། ཕྱྭ་ནི་ཚེ་དང་དཔལ་གཡང་སོགས་ལ་གོ་ཞིང༌། གཤེན་ནི་ཉམས་སུ་ལེན་པའི་གང་ཟག ཐ།ེག་པ་ནི་གྲུབ་མཐའི་ལྟ་སྤྱོད་འདེགས་བྱེད་ཀྱི་བློ་སྟོབས་སོ། །འདོད་གཞུང་ནི། སྟོན་པ་ཉིད་གཤེན་ལོ་གཅིག་བཞེས་ཚེ་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ལ་གཉེར་དུ་གཏད་པའི་འཇུག་སྒོ་བཞི་ཡི་བདག་ཉིད་ཅན་རྣམས་ཡིན། འཇུག་སྒོ་བཞི་ནི། པྲ་ལྟས་མོ་དང༌། རྣོ་མཐོང་རྩིས། འཆི་བསླུ་གཏོ། ཕན་དཔྱད་སྨན་དང་བཞིའོ། །དང་པོ་ནད་གདུང་བཟང་ངན་བརྟག་ཅིང་འབྱུང་བཞི་འཁྲུག་པར་བྱེད་པའི་ཕྱི་ནང་གི་གདོན་རིགས་སོགས་ངོས་འཛིན་ཐབས་ཀྱི་པྲ་ལྟས་མོ་ལ། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང༌། ཡེ་མཁྱེན་སྒྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡི་པྲ་ལྟས་སོགས་མོ་པྲ་སུམ་བརྒྱ་དྲུག་ཅུ་དང༌། གཉིས་པ་མ་འོངས་ལེགས་ཉེས་ཀྱི་ལྐོག་གྱུར་མངོན་དུ་སྟོན་བྱེད་རྣོ་མཐོང་རྩིས་ལ། གབ་ཙེ་འཕྲུལ་གྱི་མེ་ལོང་དང༌། འབྱུང་བ་དུས་ཀྱི་འཁོར་ལོ། མན་ངག་ལས་ཀྱི་ཙཀྲ། ཅི་ཡག་རྟེན་འབྲེལ་ལས་རྩིས་སོགས་གབ་ཙེ་སུམ་བརྒྱ་དྲུག་ཅུ། གསུམ་པ་སྣང་ཡུལ་བདེ་སྡུག་གི་གནོད་བྱེད་གདོན་བགེགས་ཞི་ཞིང་དུས་མིན་འཆི་བ་བསླུ་བའི་གཏོ་ལ། འབྱུང་བ་འཁྲུག་པའི་ཡོ་གཏོ་དང༌། ཧོས་ཆ་རྟེན་འབྲེལ་བརྟག་གཏོ། གག་གཉན་བཟློག་པའི་བསྣུན་གཏོ། མཉམ་ཉིད་བསོར་བའི་བརྗེ་གཏོ་སོགས་གཏོ་ཐབས་སུམ་བརྒྱ་དྲུག་ཅུ། བཞི་པ་འདུ་བ་རྣམ་བཞིའི་ནད་རྣམས་གསོ་བར་བྱེད་པའི་དཔྱད་ལ། རྒྱུ་རྐྱེན་མཐོང་ལ་དཔྱད་པ། ངོས་འཛིན་རྩ་ལ་དཔྱད་པ། ཕན་གནོད་ཆུ་ལ་དཔྱད་པ། འཆི་སོས་ཁམས་ལ་དཔྱད་པ་སོགས་དཔྱད་ཐབས་ཉིས་ཁྲི་ཆིག་སྟོང་དུ་ཡོད་པ་རྣམས་སོ། །ལྟ་བ་ནི་སྣང་ཡུལ་ལྷ་འདྲེའི་བདེ་སྡུག་རྟོགས་ཤིང་ནད་ལ་སྦྱང་དུ་ཡོད་པ་དང་གདོན་ལ་བཟློག་ཏུ་ཡོད་པར་བལྟ་བའོ། །སྤྱོད་པ་ནི་གཞན་སེམས་ཅན་ལ་འཚེ་བ་སྤངས་ནས་ནད་གདོན་རྐྱེན་ངན་གྱི་ཚོགས་རྣམས་སེལ་ཐབས་ལ་འཇུག་ཅིང་དཀྱིལ་ཆེན་ཕུ་ཝེར་དཀར་པོ་སོགས་གཙང་རིགས་ཀྱི་ལྷ་རྣམས་མཆོད་པའོ།།
    གཉིས་པ། སྣང་གཤེན་ཐེག་པ་ལས། སྣང་ནི་སྣང་སྲིད་ཞི་བྱེད་དང༌། གཤེན་ནི་ཉམས་སུ་ལེན་པའི་གང་ཟག །འདོད་གཞུང་ནི། སྟོན་པ་མཆོག་གཤེན་ལོ་གཉིས་བཞེས་ཚེ་སྣང་གཤེན་གཙུག་ཕུད་ལ་གཉེར་དུ་གཏད་པའི་གྱེར་སྒོ་བཞི་དང་སྐད་གཅོང་དགུ་གཏང་རག་བཞི་བཅུའི་བདག་ཉིད་ཅན་ནོ། །གྱེར་སྒོ་བཞི་ནི། ཆབ་ནག་ཆུ་བོ་སེལ་གྱི་སྒོ། ཆབ་དཀར་འདྲེ་དང་སྲི་ཡི་སྒོ། འཕན་ཡུལ་མཉམ་རྗེས་གླུད་ཀྱི་སྒོ། དཔོན་གསས་ཕྱྭ་གཉན་གཏོ་ཡི་སྒོ་དང་བཞིའོ། །སེམས་ཅན་རྣམས་ལ་ནད་ཀྱིས་གདུང་བ་དང༌། བར་ཆོད་གེགས། ལས་རླུང་གུད་པ་རྣམས་སེལ་བྱེད་ཆབ་ནག་ཆུ་བོ་གཞུང་བཞི་ནི། སྲིད་པ་སྨྲང་ཆེན་སེལ་གྱི་གཞུང་དང༌། ཐུགས་དཀར་གཉེན་པོ་ལྷ་ཡི་གཞུང༌། དགྲ་བླ་ཝེར་མ་དཔའ་ཁྲོམ་གཞུང༌། སྲིད་པ་མིའུ་རྒྱུད་ཀྱི་གཞུང་བཅས་སོ། །ཐབས་དང་ཐུགས་རྗེས་གཞན་སེམས་ཅན་ལ་གནོད་པར་བྱེད་པའི་འདྲེ་སྲིའི་རིགས་འདུལ་ཞིང་མནན་པའི་ཆབ་དཀར་འདྲེ་དང་སྲི་ཡི་སྒོ་ལ་འདྲེ་དགུ་སྐྱས་འདེབས་སྨྲང་གཏོ་དང༌། སྲི་དགུ་གནོན་པའི་སྲི་གཏོ་རྣམས་སུ་ཡོད། ཕོ་གླུད་མོ་གླུད་སོགས་གླུད་ཡས་སྣ་ཚོགས་ཀྱི་སྒོ་ནས་བླ་འགུག་ཅིང༌། ཕྱྭ་གཡང་སྐྱོབ་པར་བྱེད་པའི་འཕན་ཡུལ་མཉམ་རྗེས་གླུད་ཀྱི་སྒོ་ལ་ཆེ་བ་སྣང་སྲིད་རྒྱན་མདོས་མན་ཆོད་ནས་ཆུང་བ་བྱེའུ་ཆུང་འཕུར་མདོས་ཡན་ཆོད་ཀྱི་མདོས་རིགས་སུམ་བརྒྱ་དྲུག་ཅུ་གྱེས་པའོ། །སྣང་སྲིད་ཞི་བར་བྱེད་པའི་ཕྱྭ་གཉན་གཏོ་ཡི་སྒོ་ལ་བཞི་སྟེ། དབྱིངས་ཀྱི་ལྷ་རྣམས་ཚོགས་ཀྱི་འཁོར་ལོས་མཆོད་པ་དང༌། མཁའ་ཡི་དབལ་མོ་བསྐང་བའི་མདོས་ཀྱིས་བསྐང༌། ཀློང་གི་དམ་ཅན་རྟེན་གྱི་རྫས་ལ་བརྟེན། ས་བདག་ཀླུ་གཉན་གཏོ་ཡིས་བཅོས་པའོ། །ལྟ་བ་ནི་ཡས་དང་གླུད་དུ་རྟོགས་ཤིང་ལྷ་ལ་ཡོན་ཕུལ་བས་དེས་སྐྱོབ་པ་དང༌། བགེགས་ལ་གླུད་བཏང་བས་བར་ཆོད་ཞི་ཞིང༌། ལུས་ལ་བདུད་མེད་པས་སེམས་ཀྱང་བདེ་བའི་རང་བཞིན་དུ་བལྟ་བའོ། །སྤྱོད་པ་ནི་ལུས་ཀྱིས་སོག་ཁྲིག་དང༌། ངག་གིས་གྱེར་དབྱངས།  ཡིད་ཀྱིས་གཏོ་ཐབས་སོགས་ལ་འཇུག་སྟེ་གར་གསས་བཙན་པོ་ལྷ་རུ་བརྟེན་པའོ། །
    གསུམ་པ། འཕྲུལ་གཤེན་ཐེག་པ་ལས། འཕྲུལ་ནི་རྫུ་འཕྲུལ་མཐུ་ནུས་ལ་བརྟེན་ནས་དགྲ་བགེགས་འགུགས་སྒྲོལ་བྱེད་པ་དང༌། གཤེན་ནི་ཉམས་སུ་ལེན་པའི་གང་ཟག །འདོད་གཞུང་ནི། སྟོན་པ་གཤེན་ལོ་གསུམ་བཞེས་ཚེ་འཕྲུལ་གཤེན་གཙུག་ཕུད་ལ་གཉེར་དུ་གཏད་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་བདག་ཉིད་ཅན་ཏེ། བསྙེན་པ་ནི། མཚན་ལྡན་བླ་མ་དམ་པའི་བྱིན་རླབས་མཐུ་དབང་ཞུས་ཏེ་གཞན་དོན་ཐུགས་རྗེའི་ཡོན་ཏན་དང་ལྡན་པར་བྱེད་པ་ཡིན། སྒྲུབ་པ་ནི། དཀྱིལ་འཁོར་གྱི་མཆོད་རྫས་རྣམས་ཚང་བར་བསགས་ནས་ཡི་དམ་ལྷ་ཚོགས་སྒྲུབ་པ་དང༌། བོན་སྐྱོང་སྲུང་མ་ལས་ལ་བསྐུལ་བའོ། །ལས་སྦྱོར་ནི། སངས་རྒྱས་བསྟན་པའི་སྤྱི་དགྲ་སེམས་ཅན་ཡོངས་ལ་གནོད་པའི་འདྲེ་བགེགས་གདོན་གསུམ་སོགས་འགུག་པ་དང༌། བསྒྲལ་བ། ཐ་མ་རྣམ་ཤེས་བདེ་བར་སྤར་བའོ།། ལྟ་བ་ནི་དགྲ་དང་གཉེན་པོར་རྟོགས་ཤིང་ལུས་དགྲ་བཏུལ་བས་སེམས་ཀྱང་དེ་བཞིན་བདེ་བར་བལྟ་བའོ། །སྤྱོད་པ་ནི་ལུས་ཀྱིས་གྱད་སྟབས་དང༌། ངག་གིས་སྔགས་བརྗོད། ཡིད་ཀྱིས་རྫུ་འཕྲུལ་བཅུ་གསུམ་གྱི་སྒོ་ནས་བསྒྲལ་བའི་ཞིང་བཅུར་གྱུར་པའི་བསྟན་དགྲ་རྣམས་ལ་སྲུང་ཟློག་བསད་པ་དང༌། མནན་སྲེག་འཕང་གསུམ་ཀྱི་ལས་བྱེད་ནས་ཡི་དམ་དབལ་གསས་རྔམ་པ་སོགས་མཆོད་ཅིང་བརྟེན་པའོ། །
    བཞི་པ། སྲིད་གཤེན་ཐེག་པ་ལས། སྲིད་ནི་འདུར་ཐབས་སུམ་བརྒྱ་དྲུག་ཅུའི་སྒོ་ནས་སྲིད་པའི་སྡུག་བསྔལ་ཞི་བར་བྱེད་ཅིང༌། གཤེན་ནི་ཉམས་སུ་ལེན་པའི་གང་ཟག །འདོད་གཞུང་ནི། སྟོན་པ་གཤེན་ལོ་བཞི་བཞེས་ཚེ་སྲིད་གཤེན་གཙུག་ཕུད་ལ་གཉེར་དུ་གཏད་པའི་འདུར་ཐབས་སུམ་བརྒྱ་དྲུག་ཅུའི་བདག་ཉིད་ཅན་ཏེ། ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་ཐུགས་རྗེས་བཟུང་ཞིང་གཤེད་དང་འཕྲལ་ཏེ་བར་ས་བདེ་ལ་ཡངས་པའི་གནས་སུ་འདྲེན་པའོ། །བླ་ནི་ཀུན་གཞིར་བག་ཆགས་བསགས་པའི་སེམས་ཀྱི་ཆོ་འཕྲུལ་ཞིག་དང༌། ཡིད་ནི་བདེ་སྡུག་སྣ་ཚོགས་རྒྱུ་བའི་སེམས་ཀྱི་འཕྲོ་འདུ། སེམས་ནི་བག་ཆགས་དེ་ཡི་རྗེས་སུ་འབྲེལ་བའི་ཀུན་གཞིར་ཁྱབ་བདལ་དུ་གནས་པའོ། །ལྟ་བ་ནི་རྨི་ལམ་དང་དཔེ་མཚུངས་པར་འདོད་དེ། གཉིད་ལོག་པའི་དུས་ན་ལུས་མལ་ནས་མ་འགུལ་ཡང་ཡིད་སེམས་ཡུལ་ལ་འཕྲོ་བ་བཞིན་དུ་ཚེ་འདས་ཀྱི་ལུས་སེམས་བྲལ་ནས་བླ་ཡིད་སེམས་གསུམ་འཁོར་བར་འཁྱམས་ཞིང་སྡུག་བསྔལ་ཉམས་སུ་མྱོང་བར་བལྟ་བའོ། །སྤྱོད་པ་ནི་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་འདྲེན་པའི་ཐབས་ལ་སྤྱོད་པར་བྱེད་དོ། །ལྷ་ནི་འདུར་གསས་རྨ་བོ་མཆོད་པར་བྱེད་པའོ།། མདོར་ན་རྒྱུ་ཡི་ཐེག་པ་དེ་དག་གིས་ཐོག་མའི་འཇུག་སྒོ་ཡང་ཡུལ་མཆོག་གནས་བཞིར་སྐྱབས་སུ་འགྲོ་བ་དང༌། གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། བསླབ་བྱར་མཁས་ཤིང་དད་པ་དང་ཀུན་ཕན་བསམ་པ་བཟང་པོའི་སྙིང་རྗེ་སོགས་ཚད་མེད་རྣམ་བཞིའི་སྒོ་ནས་འཇུག་པར་བྱེད་ཅིང༌། མཐར་དོན་ཁམས་གསུམ་ས་དགུ་ལས་བརྒལ་ནས་གཡུང་དྲུང་ཐེག་པའི་ས་ལམ་བགྲོད་པར་བྱ་བའོ། །ཐེག་པ་དེ་དག་ནི་གཙོ་བོར་འཇིག་རྟེན་གྱི་ཕན་བདེ་སྒྲུབ་བྱེད་དམ་ཐར་པ་བྱང་ཆུབ་བསྒྲུབ་པའི་རྒྱུ་ཡི་ཆར་གཏོགས་པས་རྒྱུ་ཡི་ཐེག་པ་ཞེས་བརྗོད་པ་ཡིན།
    ལྔ་པ། དགེ་བསྙེན་གྱི་ཐེག་པ་ལས། དགེ་བསྙེན་ནི་གཙོ་བོ་རྒྱུ་འབྲས་ལ་བློ་སྦྱོང་ཞིང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྲུང་ཁྲིམས་ཀྱི་དགེ་བར་སྤྱོད་ཅིང་ཡང་དག་པའི་དོན་ཉམས་སུ་ལེན་པའམ་བསྙེན་པའི་ཐེག་པའོ།། འདོད་གཞུང་ནི། སྟོན་པ་གཤེན་ལོ་ལྔ་བཞེས་ཚེ་ཚངས་པ་གཙུག་ཕུད་ལ་གཉེར་དུ་གཏད་པའི་མདོ་སྡེ་ལྔ་སོགས་ཡིན། མདོ་སྡེ་ལྔ་ནི། སྣོད་བཅུད་འབྱུང་ལྡོག་གི་མདོ། དྲག་རྩུབ་ཞི་བྱེད་ཀྱི་མདོ། སྲུང་ཁྲིམས་ངེས་སྟོན་གྱི་མདོ། སེམས་སྒྲུབ་སེལ་བུའི་མདོ། བསྐལ་སྲིད་བྲོས་དད་ཀྱི་མདོ་བཅས་ཡིན། ལྟ་བ་ནི་ཀུན་རྫོབ་སྒྱུ་མ་ལྟར་དང་དོན་དམ་དམིགས་མེད་དུ་བསྒོམ་པའོ། །སྤྱོད་པ་ནི་སྟོད་གོས། སྨད་ཤམ། ཆག་ནོན། རྨད་འོག །རྨད་གོས་དང་ལྔ་ལུས་ལ་བགོ་ཞིང༌། དག་གཙང་གི་ཁྲུས་དང༌། ཕྱག་སྐོར་མོས་འདུན། སྐུ་གདུང་བཞེངས་ཤིང་ཚྭ་ཚྭ་གདབ་པ། རྣམ་པར་དག་པའི་མཆོད་གཏོར་བཏང་ཏེ་སྲུང་ཁྲིམས་སྣ་ལྔ་སོགས་བསྲུང་བའོ། །སྲུང་ཁྲིམས་ལྔ་ནི། སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པ་ལོག་པར་གཡེམ་པ། རྫུན་དུ་སྨྲ་བ་སྤངས་པ་བཅས་རྩ་བ་བཞི་དང༌། དེའི་སྟེང་ཁ་ཟས་ཀྱི་སྡེ་བཞི་གང་རུང་ཞིག་བསྲུང་བའོ། །ཁ་ཟས་བཞི་ནི། མང་ཐུན་ཤ། ཡུ་ཏིའི་ཆང༌། ཨག་ཙོང་སྒོག་པ། དུས་མིན་ཁ་ཟས་དང་བཞིའོ། ། 
    དྲུག་པ། དྲང་སྲོང་གི་ཐེག་པ་ལས། དྲང་སྲོང་ཞེས་པ་དགེ་སྡིག་སྤང་བླང་གི་ལས་སྤྱོད་ཡ་ཡོ་མེད་པར་རང་རྒྱུད་དྲང་པོར་སྲོང་ཞིང༌། གཞན་རྒྱུད་མ་དག་པའི་སེམས་འཁྱོག་པོ་སྲོང་བའི་ཐེག་པ་ལ་ཟེར། འདོད་གཞུང་ནི། སྟོན་པ་གཤེན་ལོ་དྲུག་བཞེས་ཚེ་རྣམ་དག་གཙུག་ཕུད་ལ་གཉེར་དུ་གཏད་པའི་འདུལ་ཁྲིམས་ཀྱི་བོན་རྣམས་ཡིན། ལྟ་བ་ནི་བོན་ཐམས་ཅད་བདེན་མེད་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་ལས་མ་གཡོས་པར་བལྟ་ཞིང༌། སྤྱོད་པ་ནི་ལུང་སྡེ་སྣོད་གསུམ་གྱི་བོན་ལ་འཆད་ཉན་དང༌། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ཉམས་སུ་ལེན་པའི་སྒོ་ནས་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་བསྲུང་ཞིང་ཐེག་པ་ཆེན་པོ་ལམ་ལྔ་ས་བཅུའི་ཡོན་ཏན་མཐར་ཕྱིན་ཏེ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མངོན་དུ་བརྙེས་པར་བྱ་བའོ། །
    བདུན་པ། ཨ་དཀར་གྱི་ཐེག་པ་ནི། གཙོ་བོ་སྣང་བ་ལྷ་དང་གཞལ་ཡས་སུ་བལྟས་ཏེ་བདག་དམ་ཚིག་སེམས་དཔའ་དང༌། ལྷ་ཡེ་ཤེས་སེམས་དཔའ། གཉིས་མེད་ལས་ཀྱི་སེམས་དཔའ་སྟེ་སེམས་དཔའ་སུམ་བརྩེགས་སུ་འདོད་པའི་ཐེག་པ་ལ་ཟེར། འདོད་གཞུང་ནི། སྟོན་པ་གཤེན་ལོ་བདུན་བཞེས་ཚེ་དབང་གཤེན་གཙུག་ཕུད་ལ་གཉེར་དུ་གཏད་པའི་བསྙེན་སྒྲུབ་ཀྱི་གཞུང་རྣམས་སོ། །ལྟ་བ་ནི་ཡེ་ཤེས་ཀྱི་སྣང་བ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་བསྒྱུར་བར་བྱེད་ཅིང༌། དེ་དག་སྣང་ལ་རང་བཞིན་མེད་པར་བལྟ་བའོ། །སྤྱོད་པ་ནི་བསྙེན་པའི་གཞི་མ་སྒོ་དགུ། སྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་ཀྱི་མཆོང་ཆེན་སྡེ་དགུའི་སྒོ་ནས་དབྱིངས་ཤེས་གཉིས་མེད་ཀྱི་བསྐྱེད་རྫོགས་ཉམས་སུ་ལེན་ཞིང༌། ལུས་ཀྱིས་ཕྱག་རྒྱ་བསྒྱུར་བ་དང༌། ངག་གིས་སྙིང་པོ་བརྗོད་པ། ཡིད་ཀྱིས་ཏིང་འཛིན་སྒོམ་པའོ། །མཐར་ཐུག་འབྲས་བུ་ནི། གསལ་སྟོང་གཉིས་མེད་ཀྱི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱེད་པའོ། །
    བརྒྱད་པ། ཡེ་གཤེན་གྱི་ཐེག་པ་ནི། གཙོ་བོ་ཏིང་འཛིན་ཟབ་མོ་ལ་མཉམ་པར་བཞག་ཅིང་མན་ངག་སེམས་སྡེ་ལ་འཇུག་པའི་ཐེག་པ་ཞིག་གོ །འདོད་གཞུང་ནི། སྟོན་པ་གཤེན་ལོ་བརྒྱད་བཞེས་ཚེ་ཡེ་གཤེན་གཙུག་ཕུད་ལ་གཉེར་དུ་གཏད་པའི་སེམས་སྡེ་བཞི་སོགས་ཡིན་ཞིང༌། སེམས་སྡེ་བཞི་ནི། ཕུང་པོ་རང་འབྱུང་རྩ་གནས་ལྦུ་གོར་གྱི་ལུང་དང༌། གསེར་ཐེག་ཆེ་ཆུང་ལུས་སེམས་མཉམ་བཞག་གི་ལུང༌། ཉི་ཟླ་རབ་གསལ་གདུང་ཐུགས་རྫོགས་པའི་ལུང༌། བསྐལ་པ་མུ་བཞི་སྤྱི་ལུང་དང་བཞིའོ། །ལྟ་བ་ནི་སྣང་སྟོང་གཉིས་མེད་ལྷག་པར་བྱང་ཆུབ་སེམས་ཀྱི་ཀློང་དུ་རྩོལ་མེད་ལྷུན་གྲུབ་ཀྱི་གསས་མཁར་ཡོངས་སུ་རྫོགས་པར་བལྟ་ཞིང༌། སྤྱོད་པ་ནི་ཐེག་པ་འདིས་གཙོ་བོ་རྩ་རླུང་ཐིག་ལེ་དགུ་རྒྱུད་སོགས་ལ་བརྟེན་ཏེ་དབྱིངས་ཤེས་གཉིས་སུ་མེད་པའི་བདེ་སྟོང་ཡེ་ཤེས་ཀྱི་རྫོགས་རིམ་གྱི་ཉམས་སུ་ལེན་ཞིང༌། སྐྱེ་བ་འདིའི་བར་དོའི་གནས་སྐབས་སུ་སངས་རྒྱས་པར་འདོད་པའོ། །
    དགུ་པ། བླ་མེད་ཀྱི་ཐེག་པ་ནི། ནང་པ་སངས་རྒྱས་པའི་ཐེག་པ་ཀུན་གྱི་མཆོག་ཏུ་གྱུར་བའམ་དེའི་ཡན་མེད་པའི་ཐེག་པ་ཡིན་པས་བླ་མེད་ཐེག་པ་ཞེས་བྱའོ། །འདོད་གཞུང་ནི། སྟོན་པ་གཤེན་ལོ་དགུ་བཞེས་ཚེ། ཚད་མེད་གཙུག་ཕུད་སོགས་ལ་གཉེར་དུ་གཏད་པའི་བླ་མེད་རྫོགས་ཆེན་གྱི་བོན་སྡེ་རྣམས་ཡིན། ལྟ་བ་ནི་བོན་ཐམས་ཅད་དབྱིངས་ཤར་དབྱིངས་གྲོལ་དུ་གནས་པའི་འབད་མེད་ལྷུན་གྱིས་གྲུབ་པའི་མ་བཅོས་གཤིས་ཀྱི་གནས་ལུགས་ཐིག་ལེ་ཉག་གཅིག་ཏུ་བལྟ་ཞིང༌། སྤྱོད་པ་ནི་འབད་རྩོལ་རྒྱུ་རྐྱེན་གྱི་ལས་སྤྱོད་སོགས་ལ་ལྟོས་མི་དགོས་པར་ཡེ་སྟོང་སྤྲོས་བྲལ་ཇི་བཞིན་ཉིད་ཀྱི་གནས་ལུགས་ཉམས་སུ་ལེན་ཞིང༌། འབྲས་བུ་ཚེ་གཅིག་ལུས་གཅིག་ལ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་བ་ཡིན་ནོ། །    

དབུས་གཏེར་གྱི་བོན་ཐེག་པ་རིམ་དགུའི་སྐོར།

    ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་འཕྲུལ་གྱི་མེ་ལོང་དགུ་སྐོར་དང་དབུས་གཏེར་ལས་བསྟན་པའི་བོན་ཐེག་པ་རིམ་དགུ་ནི། བསྡུས་ན་རྒྱུ་འབྲས་གཉིས་སུ་འདུས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་གསང་སྔགས་ཀྱི་ཐེག་པའོ། །རྒྱུ་ཡི་ཐེག་པ་ལ་བཞི་སྟེ། ལྷ་མི་གཞན་བརྟེན་གྱི་ཐེག་པ་དང༌། རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའ་སྤྲོས་མེད་ཀྱི་ཐེག་པའོ། །འབྲས་བུའི་ཐེག་པ་ལ་ལྔ་སྟེ། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ་དང༌། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་ན་མེད་པའི་ཐེག་པ་དང་དགུའོ། །
    ༡༽ ལྟ་སྤྱོད་ཡང་དག་ལ་འདེགས་བྱེད་ཀྱི་བློ་སྟོབས་དང་གཙོ་བོར་བྱང་ཆུབ་སྒྲུབ་བྱེད་ཀྱི་མཐུན་རྐྱེན་ལམ་དུ་བྱེད་པའི་གཞི་མཐུན་པ་དེ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་དོན།
    དང་པོ། ལྷ་མི་གཞན་བརྟེན་གྱི་ཐེག་པ་ནི། བདག་མེད་མ་རྟོགས་ཀྱང་ལྷ་མིའི་སྟོན་པ་གཞན་ལ་བརྟེན་ནས་དཀོན་མཆོག་གསུམ་སྐྱབས་གནས་སུ་ངེས་པར་འཛིན་པའོ། །དེ་ལ་བོན་སྒོར་ཞུགས་ཀྱང་དམེ་སྡིག་ཙམ་ལས་བསྲུང་བར་མི་ནུས་པའི་འཁྲུལ་པ་ལ་ཕྱོགས་པ་དང༌། ལུས་ངག་ཡིད་གསུམ་གྱི་སྡིག་པ་ཅི་རིགས་ཙམ་སྤངས་པའི་ཡང་དག་ལ་ཕྱོགས་པ་གཉིས། དེ་གཉིས་ལྟ་བ་མཐུན་ཏེ། ཡུལ་ཤེས་སམ་བདེན་གཉིས་སུ་མ་ཕྱེ་བར་ཕྱི་ནང་འཇིག་རྟེན་བོན་བརྒྱད་ཀྱི་དངོས་པོ་ལ་བདེན་པར་ཞེན་ཞིང་བལྟ་བའོ། །འབྲས་བུ་ནི་རང་བས་མཐོ་བའི་བདེ་སྐྱིད་དང་ལྡན་པ་ལྟ་བུའམ་བོན་སྤྱོད་པའི་གཤེན་རབ་སོགས་ཐོབ་པར་འདོད་པའོ།། དེ་ནི་ཐེག་སྒོར་ཞུགས་ལ་ལམ་སྒོར་མ་ཞུགས་པ་ཡིན་ནོ། །
    གཉིས་པ། རང་རྟོགས་གཤེན་རབ་ཀྱི་ཐེག་པ་ལ་གཉིས་ཏེ། ཕྱི་རོལ་གྱི་དངོས་པོ་ཡང་དག་ཏུ་འདོད་པའི་གཤེན་རབ་རྣམ་རྩོད་པ་དང༌། ཕྱི་རོལ་གྱི་དངོས་པོ་ཡང་དག་མ་ཡིན་པར་འདོད་པའི་རང་རྟོགས་གཤེན་རབ་པ་དངོས་གཉིས་སུ་ཡོད། ཕྱི་རོལ་གྱི་དངོས་པོ་ཡང་དག་ཏུ་འདོད་པ་ལ་གཉིས་ཏེ། རྣམ་མེད་རྫས་སུ་ཡོད་པར་འདོད་པ་དང༌། རྣམ་བཅས་རྫས་སུ་མེད་པར་འདོད་པ་གཉིས། དེ་གཉིས་ཀས་ཀུན་རྫོབ་དང་དོན་དམ་གྱི་ཆ་འདོད་ཅིང༌། གཙོ་བོར་གཟུང་འཛིན་གྱི་ཕྲ་བ་དོན་དམ་དུ་ཁས་ལེན་པ་དང༌། རྣམ་མེད་པས་ནི་དོན་ཤེས་འབྲེལ་མེད་དང་ཤེས་བྱ་གཞི་ལྔ་རྫས་སུ་གྲུབ་པར་འདོད་ལ། རྣམ་བཅས་པས་ནི་དེ་གཉིས་ལས་ལྡོག་པར་འདོད་པའམ་ཡང་ན་ཤེས་པ་ལ་ཡུལ་གྱི་རྣམ་པ་མ་ཤར་བ་དང་དེ་ཉིད་ཤར་བར་ཁས་ལེན་པའོ། །
    ཕྱི་རོལ་གྱི་དངོས་པོ་ཡང་དག་མ་ཡིན་པར་འདོད་པའི་རང་རྟོགས་དངོས་ལ་གཉིས་ཏེ། དབང་པོ་རྟུལ་ཞིང་ཡོན་ཏན་ཆུང་བའི་ནེ་ཙོ་ལྟ་བུ་ཚོགས་ན་སྤྱོད་པའི་རང་རྟོགས་པ་དང༌། དེ་ལས་ལྡོག་སྟེ་སྐྱོ་ཤས་ཆེ་བའི་བསེ་རུ་ལྟ་བུ་གཅིག་པུར་གནས་པའི་རང་རྟོགས་པ་གཉིས་སུ་ཡོད། དེ་གཉིས་ཀྱིས་གཟུང་བ་ཕྲ་རག་གི་དངོས་པོ་ཡང༌། ཡང་དག་ཏུ་ཁས་མི་ལེན་ཞིང་ཀུན་རྫོབ་ཙམ་དུ་སྣང་བ་མི་འགོག་ལ། ཤེས་པ་ཡང་དག་གཟུང་འཛིན་དང་དོན་དམ་དུ་བལྟ་ཞིང་ཁས་ལེན་པའོ། །འབྲས་བུ་ནི། ཉོན་མོངས་པའི་སྐྱེ་མཆེད་ཕྱིན་ཅི་ལོག་ཐམས་ཅད་ཀྱིས་མི་ཚུགས་པའི་ས་ཞེས་འཇིག་རྟེན་ལས་འདས་པའི་འབྲས་བུ་ཐོབ་པའོ། །
    གསུམ་པ། ཐུགས་རྗེ་སེམས་དཔའི་ཐེག་པ་ལ་ཤེས་པའི་སྐྱེ་མཆེད་ཡང་དག་ཏུ་འདོད་པ་དང་ཡང་དག་མ་ཡིན་པར་འདོད་པ་གཉིས། དང་པོར་སྐྱེ་མཆེད་སྣ་ཚོགས་གཅིག་ཏུ་བདེན་པ་རྒྱུ་འབྲས་དང་བཅས་པར་འདོད་པ་དང༌། རྒྱུ་འབྲས་མེད་པའི་སྐྱེ་མཆེད་ཡང་དག་ཏུ་འདོད་པ་གཉིས། གཉིས་པར་སྐྱེ་མཆེད་མཐའ་དག་འཁྲུལ་བར་འདོད་པ་དང༌། ཕྱོགས་གཅིག་འཁྲུལ་བར་འདོད་པ་གཉིས་ཏེ་ལྟ་བའི་ཕྱོགས་རེ་ཙམ་མི་མཐུན་པ་བཞི་ཡོད། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་འདོད་ཅིང་གཟུང་འཛིན་གང་ལ་བྲལ་གཞིའི་མཚན་ཉིད་གསུམ་དུ་བཞེད་པས་རང་འཛིན་རྟོག་པས་སྒྲོ་བཏགས་པ་ཙམ་དེ་ཀུན་བཏགས་ཀྱི་དོན་དང༌། རྒྱུ་རྐྱེན་གཞན་གྱི་དབང་གིས་རྫས་སུ་གྲུབ་པ་དེ་གཞན་དབང་གི་དོན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་མཐར་ཐུག་དེ་ཡོངས་གྲུབ་ཀྱི་དོན་དུ་གསུངས། གང་ཕྱིར་བྲལ་བའི་གཏན་ཚིགས་ཆེན་པོ་སྦྱོར་བ་རྣམ་པ་བཞི་རུ་འདོད་པ་དང༌།  དེ་ལྟར་བྲལ་བའི་གཉིས་མེད་ཀྱི་ཤེས་པའི་གནས་ལུགས་ལ་ཉམས་སུ་ལེན་ཞིང་ལམ་ལྔ་ལ་ཐུགས་རྗེ་ཕྱོགས་ཀྱི་བོན་སུམ་ཅུ་རྩ་བདུན་རྫོགས་ནས་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་ཐོབ་པར་བྱ་བའོ། །
    བཞི་པ། བོན་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་འདོད་པའི་གཡུང་དྲུང་སེམས་དཔའ་སྤྲོས་མེད་ཀྱི་ཐེག་པ་ལ། གཅིག་དང་དུ་བྲལ་ལ་སོགས་ཀྱི་རྟགས་ཀྱིས་སྣང་བ་ལ་ཡང་དག་པའི་སྤྲོས་པ་གཅོད་པའི་ཚེ་ཤུགས་ལས་སྐྱེ་མཆེད་སྒྱུ་མ་རྫུན་དུ་བསྒྲུབ་པའི་རང་རྒྱུད་ཀྱི་དམ་བཅའ་བཀོད་པའི་རོལ་པ་སྐྱེ་མཆེད་ལྟར་སྣང་གི་དབུ་མ་བ་དང༌། དེ་ཚེ་རྣམ་པ་བཅད་ཙམ་གྱི་ཐལ་འགྱུར་ལས་དམ་བཅའ་མི་བརྗོད་པའི་མཚན་མ་ཀུན་བྲལ་ཅིར་མི་སྣང་བའི་དབུ་མ་བ་གཉིས། ཕྱི་མ་དེར་མཚན་མ་འགེགས་པ་དང༌། མཚན་མ་ཤུགས་སྣང་གཉིས་སུའང་ཡོད། འདིས་ནི་དོན་ལྔ་རྣམ་པར་བཞག་པའི་ཚད་མས་མཚན་མའི་སྤྲོས་པ་ཐམས་ཅད་ཡོངས་སུ་བཅད་ནས་དོན་དམ་བདེན་པ་གཏན་ལ་འབེབ་ཅིང༌། ཐབས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་ཀྱི་སྒོ་ནས་གཡུང་དྲུང་ཐེག་པའི་ས་བཅུ་རིམ་གྱིས་བགྲོད་པར་བྱ་བའོ། །
    ༢༽ ལྟ་སྤྱོད་ཡང་དག་ལ་འདེགས་བྱེད་ཀྱི་བློ་སྟོབས་དང་གཙོ་བོར་ཐོབ་བྱའི་རྣམ་པ་ལམ་དུ་བྱེད་པ་ནི་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་དོན་དང༌། སྤྱིར་འབྲས་བུ་གསང་སྔགས་ཀྱི་ཐེག་པ་འདི་དག་ལ་འབྲས་བུ་འཇོག་པའི་རྒྱུ་མཚན་བཞི་ཡོད་དེ། འབྲས་བུ་མྱུར་དུ་ཐོབ་པར་བྱེད་པ་དང༌། འབྲས་བུའི་རྣམ་པ་གཡར་ནས་ལམ་དུ་བྱེད་པ། མ་ཡིན་པ་ལ་བརྟག་ནས་སྒོམ་པ། འབྲས་བུ་ཉིད་ལ་སྤྱོད་པ་བཅས་སོ། །
    ལྔ་པ། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ་ནི། ཕྱི་ཡི་ཡུལ་ནང་གི་རྣམ་པར་ཤེས་པ་དང་འཁོར་འདས་ཀྱི་བོན་རྒྱུ་འབྲས་དང་བཅས་པ་ལ་སོགས་པ་ཀུན་ལ་རིག་པས་རང་ས་ནས་བརྟགས་པས་དངོས་པོར་མ་གྲུབ་ཅིང་ངོ་བོ་སྟོང་པར་གནས་པའོ། །མ་རིག་པའི་སྐྱེ་མཆེད་ཀྱིས་སྟོང་པའི་བོན་ཉིད། ཡང་དག་པར་དྲི་མ་དང་བྲལ་བར་བལྟ་བའོ།  །དོན་དམ་པར་དེ་ལྟར་རྟོགས་ལ་ཀུན་རྫོབ་ལ་བརྟགས་པས་ལྷ་ཡི་གཟུགས་བརྙན་ཆེན་པོར་བསྒོམ་ཞིང༌། ལྷ་ཡེ་ཤེས་སེམས་དཔའ་རྗེ་བོའི་ཚུལ་དུ་བལྟ་བའོ། །གཟའ་དང་སྐར་མ་དུས་ཚོད་བཟང་པོ་ལ་ཁྲུས་དང་གཙང་སྦྲའི་སྒོ་ནས་རྫས་དང་ཡོ་བྱད་མ་ཉམས་པ་ལ་བརྟེན་ནས་སེམས་ཀྱིས་རྣམ་པར་མི་རྟོག་པར་ལྷ་ཡི་སྐུ་ལ་གནས་པ་དང༌། ངག་གིས་འཛབ་དང་བསྟོད་པ་ལ་འཇུག་པ། ལུས་ཀྱིས་མི་ཚངས་པ་སྤྱོད་པ་ལ་སོགས་སྲུང་ནས། སྟོབས་རྣམ་པ་གསུམ་གྱིས་རང་གཞན་གཉིས་ཀའི་དོན་སྤྱོད་ཅིང༌། འབྲས་བུ་བདེ་བར་གཤེགས་པའི་ས་བཅུ་གཉིས་ལས་གཡུང་དྲུང་འོད་ཀྱི་ས་ཞེས་ས་བཞི་པ་མན་ཆད་ཐོབ་པའོ། །
    དྲུག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ་ནི། སྣོད་བཅུད་སྣ་ཚོགས་སུ་སྣང་བའི་མཚན་མ་འདི་དག་ལ་སེམས་དང་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ཏེ་དགོངས་པས་གང་ལྟར་བརྟགས་པ་ལྟར་སྣང་བ་སྟེ། རང་རིག་པ་དང་རྣལ་འབྱོར་གྱི་ཚད་མས་བརྟགས་པས་ལོག་པའི་མ་རིག་པ་ཉོན་མོངས་པའི་རྟོག་པ་མཚན་མ་དང་བྲལ་བའི་བོན་ཉིད་དུ་རྟོགས་པའི་བྱིན་གྱིས་བརླབས་ལས་བྱུང་བའི་ལྷ་ཡི་དཀྱིལ་འཁོར་གཞའ་ཚོན་ལྟར་གནས་པ་གྲོགས་ཀྱི་ཚུལ་དུ་བལྟ་བའོ། །འཕྲིན་ལས་བཞི་ཡི་སྒོ་ནས་བདག་གཞན་གཉིས་ཀའི་དོན་མཐར་ཕྱིན་པར་སྤྱོད་ཅིང༌། ཐུགས་རྗེ་ཆེན་པོས་ཚེ་འདས་ཀྱི་སྡིག་སྒྲིབ་སྦྱང་ནས་གཡུང་དྲུང་བདེར་གཤེགས་ཀྱི་ས་བཅུ་གཉིས་པ་ཐོབ་པར་བྱ་བའོ། །དེ་གཉིས་ལ་གསང་སྔགས་ཕྱི་ཡི་ཐེག་པ་ཞེས་བརྗོད།
    བདུན་པ། དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་ནི། ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས། དོན་དམ་དང་ཀུན་རྫོབ། གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་བཅས་དཀོར་བདུན་ལྷུན་གྱིས་གྲུབ་པའི་གནས་ལུགས་ཀྱི་དོན་གཏན་ལ་དབབ་པས། དེ་ཡང་སེམས་ཉིད་དང་རང་རིག་ཡེ་ཤེས་དབྱེར་མེད་པའི་རྩལ་ལས་ལྷ་དང་གཞལ་ཡས་སོགས་སྣང་ཚུལ་མ་འགག་པར་ཤར་བ་ནི་ཐབས། དེ་ལྟར་རང་གི་ངོ་བོས་སྟོང་པའི་ཟུང་འཇུག་གི་གནས་ལུགས་དེ་ཤེས་རབ། སྣང་ཆ་ཐམས་ཅད་འཆར་བའི་གཞིར་གྱུར་པའི་དབྱིངས། གནས་ལུགས་ཟུང་འཇུག་དེ་རང་གིས་རང་རྟོགས་པའམ་རང་རྟོགས་བྱེད་ཀྱི་ཆ་ལ་ཡེ་ཤེས། དཀོར་བདུན་ལྷུན་གྱིས་གྲུབ་པས་དོན་དམ། རྣམ་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཤར་བའི་ཆ་ལ་ཀུན་རྫོབ། དེ་ལྟར་ཐ་སྙད་དུ་བཏགས་པ་ཐམས་ཅད་གསལ་སྟོང་ཟུང་འཇུག་གི་སེམས་ཉིད་དེ་ལས་གཞན་དུ་མ་གྲུབ་པས་ན་བདག་ཉིད་ཆེན་པོའོ། །ཐེག་པ་འདིས་ནི་གཙོ་བོར་བསྐྱེད་རིམ་གྱི་རྣམ་པ་ལམ་དུ་བྱེད་ཅིང་དམ་རྫས་ཁྱད་པར་ཅན་ལ་བརྟེན་ནས་ཞི་རྒྱས་དབང་དྲག་མངོན་སྤྱོད་དང་བཞིས་བདག་དང་གཞན་དོན་སྤྱོད་ཅིང་སྦྱོར་བ་དང་སྒྲོལ་བ་གཉིས་ཀྱིས་ཀྱང་གཉིས་དོན་རྫོགས་པར་མཛད་དེ་གསང་སྔགས་ཐེག་པ་ཆེན་པོའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་དབྱིངས་ཀྱི་ལྷ་ལྔའི་མཚན་ཡོངས་སུ་རྫོགས་པའི་ས་ཞེས་བྱ་བ་དེ་ནོན་པའོ། །
    བརྒྱད་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་ནི། སེམས་ཀྱི་བོན་ཉིད་ཡེ་ནས་སྒྲིབ་པ་མི་མངའ་བའི་ངང་ཅིར་ཡང་མ་གྲུབ་པ་ལས་ཅིར་ཡང་འབྱུང་བས་རྒྱུ་དག་པའི་དབྱིངས་དང༌། དེའི་ངང་ལས་ཡེ་ཤེས་རོལ་པའི་སྐྱེ་མཆེད་རང་སྣང་དུ་ཤར་བས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཡང་རྒྱུ་སེམས་ཉིད་ཀྱི་དབྱིངས་དེ་ཡེ་ནས་མ་སྐྱེས་པའི་རང་བཞིན་མི་དམིགས་པ་ལས་འབྲས་བུ་ཇི་ལྟར་ཡང་མ་འགག་པའི་རོལ་པ་རང་སྣང་སྟེ་དཀྱིལ་འཁོར་དང་ཡོན་ཏན་ཐམས་ཅད་རང་ལ་ཡེ་ནས་གནས་པ་ལ་མ་གཏོགས་པ་བསྐྱེད་ཅིང་བཙལ་མི་དགོས་སྟེ་ཡེ་ནས་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་གནས་པར་བལྟ་ཞིང༌། རྒྱུ་དག་པའི་དབྱིངས་ལ་དོན་དམ་དང༌། འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀུན་རྫོབ་དུ་འདོད་ལ། ལྷ་ཡི་དཀྱིལ་འཁོར་དང་ཕྱག་རྒྱ་ཆེན་པོ་གང་བསྒོམ་ཡང་རྒྱུ་དང་རྐྱེན་གྱིས་མི་བསྐྱེད་དེ་ནམ་མཁའ་དྭངས་པའི་དབྱིངས་ནས་ཉི་ཟླ་ཤར་བ་ལྟར་རྫོགས་ཚུལ་རང་འབྱུང་དུ་བསྒོམ་ཞིང༌། འབད་རྩོལ་དང་རྒྱུ་རྐྱེན་ཕུན་སུམ་ཚོགས་པས་འབྲས་བུ་ཐོབ་པ་ལྟར་བསྒྲུབ་མི་དགོས་ཏེ། ཡེ་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་པ་ཙམ་གྱིས་རྒྱ་མཚོ་ཆེན་པོ་ལ་གཟིངས་བསྐྱོད་པ་བཞིན་དུ་ཤུགས་ཀྱིས་འགྲོ་བ་དང༌། བླ་ན་མེད་པའི་ས་གསུམ་ལས་ཡེ་ཤེས་བླ་ན་མེད་པའི་ས་ཐོབ་པར་བྱ་བའོ། །
    དགུ་པ། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་ན་མེད་པའི་ཐེག་པ་ནི། འཁོར་འདས་ཤེས་བྱ་ཐམས་ཅད་ཡེ་ནས་བོན་སྐུར་རྫོགས་ཤིང་གནས་ལུགས་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཐིག་ལེ་ཉག་གཅིག་རང་རིག་སྟོང་པ་སྣང་གསལ་རྒྱ་གང་དུ་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང༌། སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིན་པོས་མ་བཅོས། འཁོར་འདས་གཉིས་ཀྱིས་མ་རེག རྒྱུ་དང་རྐྱེན་གྱིས་མ་བསྐྱེད། ཀུན་རིག་ཇི་བཞིན་གནས་པའི་བོན་ཉིད་མ་བཅོས་ཅི་བཞིན་པ་ལ། སེམས་ཉིད་མ་བཅོས་དེ་བཞིན་པ། གཞན་ནས་བཙལ་བ་མེད་པར་རང་བབས་སུ་བཞག་སྟེ། ཐུགས་རྗེ་ཆེན་པོ་ཕྱོགས་རིས་མེད་པར་བདལ་ཞིང་ཁྱབ་པས་གང་ཡང་བླང་དོར་མེད་པར་སྤྱོད་པ་དང༌། དབྱེར་མེད་གཡུང་དྲུང་ཐིག་ལེའི་ས་ཞེས་ས་ཐམས་ཅད་ཀྱི་ཡང་རྩེ་ནོན་པའོ། །

བྱང་གཏེར་གྱི་བོན་ཐེག་པ་རིམ་དགུ།

    དང་པོ་ཕྱི་ཡི་ཐེག་པ་སྣ༵ང་ལྡ༵ན་ར༵ང་ལྡ༵ན་གཉིས་ནི་རྒྱུ་ཡི་ཐེག་དམན་རྣམ་རྩོད་དང་རང་རྟོགས་དངོས་གཉིས་ལ་མཐུན། བཞེ༵ད་ལྡ༵ན་ནི་རྒྱུ་ཡི་ཐེག་ཆེན་སེམས་དཔའ་སྤྲོས་མེད་པ་དང་མཐུན། གཉིས་པ་ནང་གི་ཐེག་པ་ཐོ༵་ཐོ༵་དང་སྤྱི༵་ཐོ༵་ཡ༵་ཐོ༵་གསུམ་ནི་གསང་སྔགས་ཕྱི་པ་དང་རྒྱུ་ཐེག་གོང་མ་གཉིས་ཀའི་ཆ་དང་ལྡན་པ་ཡིན། གསུམ་པ་གསང་བའི་ཐེག་པ་ལྷ༵་རྩེ༵་དང་སྣ༵ང་རྩེ༵་གཉིས་གསང་སྔགས་ནང་པ་དང་མཐུན་ཞིང༌། ཡ༵ང་རྩེ༵་ནི་རྫོགས་ཆེན་བླ་མེད་ཀྱི་ཐེག་པ་དང་མཐུན་པའོ། །
ལྷོ༷་གཏེ༷ར་གྱི་ཐེག་དགུ་རྣམས་དབུས་གཏེར་དུ་འདུས་ལུགས་ནི། ཕྱྭ༷་སྣ༷ང་འ༷ཕྲུལ་སྲི༷ད་བཞི་ལྷ་མི་གཞན་བརྟེན་དུ་འདུས་ལ། ད༷གེ་དྲ༷ང་གཉིས་རྣམ་རང་སེམས་དཔའ་སྤྲོས་མེད་བཞི་ཅི་རིགས་སུ་འདུས་ཤིང༌། ད༷གེ་དྲ༷ང་གི་སྤྱོད་བྱའི་བོན་འགའ་ཞིག་བྱ་བ་གཙང་སྤྱོད་དུ་འདུས། ཨ༷་དཀ༷ར་ནི་ཀུན་ལྡན་དངོས་བསྐྱེད་དོན་ལྡན་གསུམ་ཅི་རིགས་སུ་འདུས། ཡེ༷་གཤེ༷ན་ནི་དོན་ལྡན་དུ་འདུས། ཁྱ༷ད་པ༷ར་ནི་རྫོགས་ཆེན་བླ་མེད་ཀྱི་ཐེག་པ་དང་དོན་གཅིག་གོ །

ཟུར་མཆན།
    ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དཔལ་ལྡན་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ཆོས་དགེའི་འོས་སྦྱོང་བ་རྣམས་ལ་ཕྱི་ལོ་ ༢༠༠༣ ཟླ་ ༩ པའི་ནང་གཡུང་དྲུང་བོན་གྱི་བསྟན་འབྱུང་དང་ལྟ་གྲུབ་ངོ་སྤྲོད་བགྱིད་སྐབས་ཀྱི་ཟིན་བྲིས་སུ་སྨན་རིའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བཏབ་པའོ། །

དགེ་བཤེས་སྨོན་ལམ་མཐར་ཕྱིན་ནི། ད་ལྟ་བོན་གཞིས་ཐོབ་རྒྱལ་གསར་པའི་སྨན་རི་དགོན་དུ་རིག་གནས་འཆད་ཁྲིད་གནང་བཞིན་ཡོད།

མདུན་ཤོག