བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་སྐོར་གླེང་བ།
ཞི་བདེ་ཟླ་བ། གོལ་པལ་པུར་བོད་ཁྱིམ།
གླེང་སློང་བ།
དུས་ཀྱི་རྩིབས་སྟོང་འཁོར་ལོའི་གོམ་འགྲོས་བགྲང་བྱ་ཉེར་གཅིག་པའི་དཀྱོགས་མཚམས་སུ་སླེབས་པའི་སྐབས་འདིར། ངས་བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་སྐོར་ལ་ཕྱི་མིག་ཅིག་བལྟས་ཚེ། ཀུན་རྟོག་གི་ངོས་སུ་འཁོར་འོང་བ་ནི། སྲིད་འབྱོར་རིག་གསུམ་གྱི་འཕོ་འགྱུར་ཁོ་ནར་བསྡུས་ཆོག་པའི་བཙན་བྱོལ་སྤྱི་ཚོགས་ཡིན།
བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་དེ་ས་བཅད་གསུམ་དུ་དབྱེ་ནས་ཤེས་རིག་གི་འཕོ་འགྱུར། ཆབ་སྲིད་ཀྱི་འཕོ་འགྱུར། དཔལ་འབྱོར་གྱི་འཕོ་འགྱུར་ཏེ། ཕྱོགས་གསུམ་ནས་རྩོམ་འདོད་ཀྱི་འདུན་པ་དང་ལྷག་བསམ་རྒྱ་མཚོའི་རླབས་ལྟར་འཕྱུར་ཡོང། དེའི་རྒྱུ་མཚན་ནི་བཙན་བྱོལ་སྤྱི་ཚོགས་འདིའི་གྲུབ་ཆ་གཙོ་བོ་ཡང་ཤེས་རིག་དང་དཔལ་འབྱོར། ཆབ་སྲིད་གསུམ་གྱིས་གྲུབ་ཡོད་སྟབས། མེ་ཏོག་ཆུང་རུང་ལྷ་རྫས་ཞེས་པའི་དཔེ་ལྟར་དུ་ངའི་སྙིང་ཁོང་ནས་བརྡོལ་འོང་བའི་བསམ་བློ་དང་ལྟ་བ། ལག་ལེན་གྱི་སྣང་ཚུལ་འདི་བོད་མིའི་སྤྱི་འབངས་རེ་རེར་བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་ངོས་ཟིན་ཐོབ་པའི་ཆེད་དུ་རྩོམ་ན་སྨན་པར་འདོད་དོ། །
དང་པོ། ཆབ་སྲིད་ཀྱི་འཕོ་འགྱུར་སྐོར་གླེང་བ།
ད་ལོ་ཉིས་སྟོང་བཅུ་གཅིག་འདི་ནི་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་དེ། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་གཞན་ཕན་ཁོ་ནར་དགོངས་ཏེ། ཁོང་གི་སྲིད་དབང་གསེར་གྱི་འཁོར་ལོ་རིན་པོ་ཆེ་དེ་བཀའ་ཁྲི་གསར་པ་དང་མི་མང་ལ་གནང་ཞིང། དེ་བས། སྐྱ་ཟད་སྔོ་སྡུག་གིས་འཚོ་བའི་བོད་མི་སྐྱབས་མེད་མགོན་མེད་ལྟ་བུའི་ཆབ་སྲིད་ཀྱི་གནས་སྟངས་དང་གནས་བབ་འོག་ཏུ་ཡོད། འོན་ཀྱང། བོད་ཀྱི་ལུགས་གཉིས་གསེར་གྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལྟ་བུའི་༸གོང་ས་མཆོག་འཛམ་གླིང་ཡུལ་གྲུ་གང་དུ་ཕེབས་ནའང་དེའི་མི་སེར་དང་། མཐོ་རིམ་དཔོན་པོ་ཚོར་ཁོང་གིས་བོད་ཀྱི་སྲིད་དབང་བསྐྱངས་ནས་སེམས་ཤུགས་ཆག་པ་མ་ཡིན་པར། བོད་མི་ཡོངས་རང་མགོ་རང་ཐོན་མགྱོགས་པོར་ཡོང་བའི་ཆེད་དུ་སྲིད་དབང་མི་མང་ལ་ཕུལ་བ་ཡིན། ཞེས་ལམ་སྟོན་གྱི་བསླབ་བྱའི་བདུད་རྩི་ཁོ་ཚོའི་སྤྱི་བོའི་གཙུག་ཏོར་དུ་སྩོལ་བཞིན་མཆིས་པས། ང་རང་སློབ་མ་ཞིག་དང་བོད་མིའི་སྤྱི་འབངས་ཤིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གི་འཕྲལ་ཕུགས་གཉིས་ལ་ཀུན་ཏུ་སྨན་པའི་དཀྱེལ་ཡངས་ཀྱི་དགོངས་གཞི་དེ་ལ་ཡིད་སྨོན་འཆོར་བ་ཞིག་རེད། སྐད་ཆ་དྲང་མོར་བཤད་ན། ༸གོང་ས་མཆོག་གིས་སྲིད་དབང་འགོ་ཁྲིད་གསར་པ་ཚོར་གནང་བ་འདི། བཙན་བྱོལ་སྒྲིག་འཛུགས་དེ་རྟ་ཕོ་ཤེད་མེད་ཅིག་ཡིན་ན་གསེར་སྒ་ཆེན་པོ་ཞིག་བསྟད་པ་དང་འདྲ་ནའང། ཕུགས་རྒྱང་རིང་བོར་བསམ་བློ་བཏང་ན་བོད་མི་བཙན་བྱོལ་བའི་མདུན་ལམ་དང། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཞར་ཡང་ཕན་པའི་ནད་བརྒྱ་མ་ལུས་འཇོམས་པའི་སྨན་མཆོག་ཅིག་ཡིན་ན་ང་ཚོས་དེ་ལ་དགའ་བ་བརྒྱ་ཕྲག་གི་མཆོད་སྤྲིན་ཕུལ་ན་ཅིས་མི་འོས། དེ་ལྟ་མོད་ཀྱི་བཙན་བྱོལ་བའི་སྤྱི་འབངས་རེ་རེ་རྨོངས་གཉིད་ལས་སད་དེ། ༸གོང་ས་མཆོག་གི་སྲིད་དབང་རྒྱུན་འཛིན་བྱེད་རྒྱུ་ཅི་འདྲའི་གལ་ཆེ་ཨང།
གཉིས་པ། ཤེས་རིག་གི་འཕོ་འགྱུར་སྐོར་གླེང་བ།
འཛམ་གླིང་གི་ཤེས་རིག་གནས་བབ་ཀྱི་སྟེང་ནས་ལྟོས་བཅས་ཀྱིས་བཤད་ན། འཛམ་གླིང་གི་ཤེས་རིག་དར་སྔ་ཤོས་དེ་རྒྱ་གར་དང་རྒྱ་ནག་གཉིས་ཆགས་ཡོད་པས། ང་ཚོ་བོད་པས་ཀྱང་བཙན་པོའི་དུས་ནས་བཟུང། རྒྱ་གར་དང་རྒྱ་ནག་ནས་ཤེས་རིག་ནང་འདྲེན་བྱས་པ་ཡིན། ལྷག་པར་དུ་རྒྱ་གར་ནས་བོད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་ཚོས་དཀའ་བ་ཁྲག་ཁྲིག་ཁྱད་དུ་བསད་དེ་འདམ་ཐང་གངས་རི་བརྒྱུད་དེ་ནང་ཆོས་ཀྱི་གསུང་རབ་གླང་ཆེན་མཆེ་བ་དྲུག་ལྡན་སྟོང་ལ་བཀལ་ནའང་མི་ཐེག་ཅིང་། ཚེ་འདི་ཕྱི་ལ་ཕན་པའི་ཕུན་ཚོགས་སྡེ་བཞིའི་བརྗོད་དོན་གྱིས་ཡོངས་སུ་གཏམས་པའི་ཁྱད་ནོར་དེ་བོད་གངས་ཅན་ལྗོངས་ལ་ནང་འདྲེན་ཞུ་ཐུབ་པའི་སྐལ་བ་ཐོབ་ནས། བགྲང་བྱ་ལྔ་བཅུའི་ཡར་སྔོན་ལ་༸གོང་ས་མཆོག་དང་ཁོང་གི་རྗེས་འཇུག་མི་སེར་འབུམ་ཕྲག་གཅིག་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་དུས་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་ལ་གདེང་འཇོག་ཚད་མཐོན་པོ་གནང་སྟེ། དགོན་པ་དང་སློབ་གྲྭ་ནམ་མཁའི་སྐར་ཚོགས་ལྟར་བགྲང་ལས་འདས་པ་ཞིག་བརྒྱབ་ཡོད། ངོ་མ་བཤད་ན་བཙན་བྱོལ་ནང་ནས་ཤེས་རིག་གི་གྲུབ་འབྲས་དེ་རྒྱལ་ཁབ་གཞན་པའི་སྐྱབས་བཅོལ་བའི་གནས་བབ་དང་བསྡུར་ན་ངོ་མ་ལེགས་པོ་ཡོད་པ་འདི་ཡང། ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་གཤིས། ང་ཚོས་དྲིན་ཅན་ལ་དྲིན་ལོག་དང་གཡང་ལུག་ལ་རྡོ་ཁ་མི་བྱེད་པར་ཁོང་གི་ཐུགས་རྗེ་བཀའ་དྲིན་དེ་ཚོར་དགོས་པ་གལ་མི་ཆེའམ།
གཞི་རིམ་སློབ་གསོའི་གནས་བབ་སྟེང་ནས་བཤད་ན། གཅིག་ནས་ང་ཚོ་གཞན་དབང་སྟབས་བསྟུན་གྱིས་གནས་དགོས་པ་ཡིན་སྟབས། སློབ་གྲྭ་ཁག་ནས་རྩིས་དངོས་རྫས་གསུམ་སོགས་ཨིན་ཇུའི་སྐད་ཡིག་སྟེང་ནས་བསླབ་དགོས་གཤིས། རང་གི་སྐད་ཡིག་དེ་ཕལ་བ་ཆགས་པའི་གནས་སྟངས་འདི་ཡིད་རེ་སྐྱོ། །
གསུམ་པ། དཔལ་འབྱོར་གྱི་འཕོ་འགྱུར་སྐོར་གླེང་བ།
སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་འདི་གྲ་འགྲིག་པོ་དང་། ཆ་ཚང་བའི་སྤྱི་ཚོགས་ཤིག་ཆགས་དགོས་ན་དཔལ་འབྱོར་འདི་ང་ཚོའི་འདས་མ་ད་གསུམ་གྱི་སྲོག་རྩ་ལྟ་བུར་ཆགས་ཡོད་དེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་འབྱེད་མཁན་མར་ཁེ་སིས། ཆབ་སྲིད་དང་སྤྱི་ཚོགས། ལོ་རྒྱུས་སོགས་ཁ་ལོ་བསྒྱུར་དགོས་ན་དཔལ་འབྱོར་ལ་ཐུག་ཡོད་ཅེས་བཤད་པ་བཞིན། ང་ཚོའི་མཐོ་རིམ་དཔོན་པོ་ཚོས་ལྷག་བསམ་རྣམ་དག་དང་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་༸གོང་ས་མཆོག་གི་ཐུགས་རེ་འོག་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་བཞིན་ཡོད་ནའང། བཙན་བྱོལ་སྤྱི་ཚོགས་ཀྱི་གྲལ་མཐའ་རུ་མི་གཏོགས་པའི་ལས་མེད་འཇོན་མེད་ཀྱི་འཁྱམ་ཉུལ་པ་ཚོས། དེང་རབས་མང་གཙོ་ལ་ཁ་གཡར་ཏེ་བཙན་བྱོལ་བོད་གཞུང་དང། ༸གོང་ས་མཆོག་ལ་མཚན་སྨད་བྱེད་པ་འདི་ནི་ཅི་འདྲའི་ཡིད་སྐྱོ་བའི་གནས་ཤིག་རེད་ཨང།
དེ་མིན་བཙན་བྱོལ་སྤྱི་ཚོགས་འདིའི་དཔལ་འབྱོར་གྱ་ནོམ་པ་ཞིག་ཆགས་དགོས་ན་ཚོང་རའི་དཔལ་འབྱོར་ཅན་དང། གཅིག་གྱུར་རམ་རྒྱལ་སྤྱིའི་ཁྲོམ་རའི་དཔལ་འབྱོར་ལ་ཁ་ཕྱོགས་རྒྱུ་ཧ་ཅང་གལ་ཆེ་བར་མཐོང། བོད་མིའི་འཐབ་རྩོད་སྲ་བརྟན་ཡོང་མི་ཡོང་ཡང་༸གོང་ས་མཆོག་གིས་སྣེ་ཁྲིད་པའི་བཙན་བྱོལ་གཞུང་ལ་ཐུག་ཡོད་སྟབས། བཙན་བྱོལ་གཞུང་གཏན་འཇགས་ཡོང་བ་ལ་དཔལ་འབྱོར་གྱི་སྒྲོམ་གཞི་འདི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད་ཨང། འོན་ཀྱང། བོད་མིའི་སྤྱི་འབངས་ཚོས་རྒྱས་སྤྲོས་དང་ཁྲ་ཁྲ་ཟིང་ཟིང་ལ་ཡིད་མྱོས་ཏེ། བག་མེད་ལོངས་སྤྱོད་བྱེད་པ་ཇི་འདྲའི་བློ་ཕམ་དགོས་པ་ཞིག་ཡིན་ཏེ། མར་ཁེ་སིས་མ་རྩ་ནི་རྔུལ་ཆུའི་ཐིགས་པ་རེ་རེ་དང་ཁྲག་དང་རྣག་ལས་གྲུབ་ཅེས་པའི་གདམས་ངག་འདི་བརྗེད་སོང་ངམ།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་གླེང་སློང་བའི་གཏམ་ནས་ས་བཅད་བགོ་སྟངས། བརྗོད་བྱ་མཚོན་སྟངས་སོགས་སྒྲིག་གཞི་བཀོད་སྒྲིག་བྱས་པ་ཅུང་ལེགས་འགྲུབ་བྱུང་འདུག་པས། ཕྱོགས་ཡོངས་ནས་གཅིག་སྡུད་དང་གོ་རིམ་ལྡན་པ། ལྷག་པར་ཏུ་སྦྱོར་བྱེད་ཀྱི་ཚིག་ལ་གཞན་དང་མི་མཚུངས་པའི་བབ་ཆགས་ཤིང་མཚོན་སྟོབས་ཀྱིས་ཕྱུག་པའི་ཁྱད་ཆོས་མི་དམན་པ་ཡོད།
གལ་སྲིད་རྩོམ་ཡིག་འདིའི་ཞན་ཆའི་ཕྱོགས་ནས་གླེང་དགོས་ན། གཅིག་ནི་དངོས་གཙོའི་ལྟ་བས་ཤན་སྟོབས་ཆེ་དྲགས་པ་འདྲ། དེའི་རྐྱེན་གྱིས་དཔྱད་བརྗོད་འདི་སྐྱོན་བྲལ་འཐུས་ཚང་གི་ཕྱོགས་སུ་ཅུང་ཟད་རྒྱང་བཀྱེད་པའི་ཚོར་བ་སྟེར། གཉིས་ནས་དཔྱད་རྩོམ་གྱི་རིགས་ཡིན་ན། རང་གི་དུངས་སེམས་དེ་ཕྱོགས་གང་དུ་གནས་པ་གསལ་སྟོན་བྱ་རྒྱུ་གཙོ་བོ་ཡིན་མིན་དགོས། དུངས་སེམས་ཀྱི་དབང་དུ་སོང་ན་དཔྱད་གླེང་གཟུ་བོར་ཡོང་བའི་གེགས་སུ་ཆེ་བས། རྩོམ་ཡིག་འདིར་དུངས་སེམས་བརྗོད་པའི་ཆ་དེ་དག་ཞན་ཆའི་ཕྱོགས་སུ་འདེད་དགོས་པར་གྱུར།
བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་སྐོར་གླེང་བ།
ཡུམ་སྐྱབས། གོ་པལ་པུར་བོད་ཁྱིམ་སློབ་གྲྭ
མདོ་སྨད་ཙོང་ཁའི་ལྟག་མཚེར་གྲོང་ཚོ་གང་སྐུ་མེ་ཏོག་བཞད་པའི་ཚལ། །དབུས་ཀྱི་ལྷ་སའི་ཕོ་བྲང་དམར་པོ་ཁྱེད་ཀྱིས་འགྲོ་དོན་བསྐྱངས་པའི་གནས། །
རྡ་སའི་གྲོང་ནི་དགྲ་ཡི་ཕྱོགས་ལ་བྱམས་པའི་སྤྱན་གྱིས་གཟིགས་ཡུལ་ཏེ། ། ང་ཡི་འདྲེན་པ་༸གོང་ས་སྐྱབས་མགོན་མི་འབྲལ་སྤྱི་བོའི་རྒྱན་དུ་མཆོད། །
༡། བཙན་བྱོལ་དུ་གྱར་བ་ནས་མང་གཙོ་དབུ་བརྙེས་པའི་བར།
དེ་ཡང་བོད་རྒྱལ་ཁབ་འདི་རྒྱལ་ཁབ་ཅིག་ལ་ཡོད་དགོས་པ་དང་འཛོམས་དགོས་པའི་ཆ་རྐྱེན་སོགས་ཨ་འགྲིག་ཆ་འགྲིག་ཡིན་པ་དེ། ང་ཚོས་ལོ་རྒྱུས་ལ་ཞིབ་མོར་བལྟས་ན་ངེས་ཤེས་རྙེད་པ་དང། དེ་མཚུངས་བོད་པ་ཚང་རྒྱ་ནག་གིས་དབང་བསྒྱུར་མ་བྱས་སྔོན་དུ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་བསྙོན་མེད་རེད། འདི་ནི་ལོ་རྒྱུས་ཀྱི་ཕྱོགས་གཅིག་རེད། ཕྱོགས་གཅིག་ནི། ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་ཅེས་པའི་དཔེ་ལྟར། བཞི་བཅུ་ཞེ་གྲངས་ནས་རྒྱ་ནག་གིས་ཞི་དྲག་གཉིས་ཐད་ནས་འཆར་གཞི་ཡོད་པའི་སྒོ་ནས་རྒྱ་དམག་བོད་ནང་དུ་འཛུལ་གང་ཐུབ་བྱས་པ་དང། མངོན་ལྐོག་གང་རུང་ནས་བོད་མི་ཁག་ཅིག་ལ་རྒྱུ་དངོས་ཀྱིས་བསླུ་བྲིད་བཏང་སྟེ། ནང་ཁུལ་དུ་དཀྲུག་ཤིང་རྒྱག་པ། གསང་བ་ཕྱིར་སྒྲོག་བྱས་པ་སོགས་རྒྱུ་རྐྱེན་དུ་མ་ཞིག་ལ་བརྟེན། ༡༩༩༥ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་གིས་དབང་འོག་ཏུ་བསྡུས་པ་རེད།
དེ་ནས་བཟུང་སྟེ། ང་ཚོའི་ལོ་རྒྱུས་ཀྱི་དཀར་ཆག་ངོས་སུ་བཙན་བྱོལ་བའམ་སྐྱབས་བཅོལ་བ་ཟེར་བའི་མིང་ལྷག་མ་ཞིག་བྱུང་བ་རེད་ལ། སྐབས་དེ་ནས་བཟུང། བོད་མི་ཚོས་ཕྱིའི་འཇིག་རྟེན་ལ་རྒྱུས་ལོན་དང་ཤེས་རྟོགས་ཐུབ་པའི་གོ་སྐབས་ཤིག་ཀྱང་རྙེད་པ་ང་ཚོས་བརྗོད་དགོས་པ་ཞིག་རེད་སྙམ། དེའི་སྐབས་ཀྱི་བཙན་བྱོལ་བོད་གཞུང་ནི་ཡིག་རྨོངས་སེལ་ཡོད་པ་ཙམ་གྱི་མི་གྲངས་ཁ་ཤས་ཤིག་གིས་དབུ་ཁྲིད་གནང་བའི་ཐོག་ནས་འགོ་བཙུགས་པ་ཞིག་ཡིན་པ་དང། བོད་མི་རིགས་ཀྱི་ཆེད་དུ་ཅི་ཞིག་བྱེད་དགོས་བྱུང་ན་དཔའ་ཁས་ལེན་གྱི་བུ་རྒོད་ཏག་ཏག་ཡིན་ཟེར་ན་རྫུན་དུ་མི་འགྲོ་བ་ཡིན། དྲུག་ཅུ་ཐམ་པ་ལོར། མ་སུ་རིར་གཞི་བཙུགས་ཏེ་བཙན་བྱོལ་སྤྱི་ཚོགས་ཤིག་གི་སྒྲིག་གཞི་དང་དམིགས་ཡུལ། ལས་ཀ་སོགས་གཞི་ནས་བཀོད་སྒྲིག་བྱས་པ་རེད།
༡༩༦༡ ལོའི་གསུམ་བཅུའི་དུས་དྲན་སྐབས། ༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་རིགས་ཀྱི་སྲིད་སྐྱོང་ལམ་ལུགས་འདི། དེང་དུས་དང་མཐུན་པའི་སྲོལ་བཟང་མང་གཙོའི་ལམ་དུ་འགྲོ་ཐུབ་པ་ཡིན་ན། འཕྲལ་ཕུགས་གཉིས་ལ་དགོས་པ་རླབས་ཆེན་ཡོད་པའི་བཀའ་སློབ་རིན་པོ་ཆེ་གནང་བ་དང། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐུས་མི་མི་མང་གིས་དགའ་མོས་བྱེད་ས་དང། རེ་བ་ཆེ་ས་མི་ཁ་ཤས་ཤིག་བདམས་པའི་ཉིན་མོ་འདི། བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ནང་དུ། དེ་སྔ་བྱུང་མྱོང་མེད་པའི་མང་གཙོ་ཞེས་པའི་རླབས་ཆེན་གྱི་སྲིད་ལུགས་ཤིག་དབུ་བརྙེས་པ་རེད། མདོར་བསྡུས་ནས་བཤད་ན། དུས་ཚོད་འདིའི་སྐབས་ཀྱི་བཙན་བྱོལ་སྤྱི་ཚོགས་འདི། སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་ཧ་ཅང་ཉམས་དམའ་བའི་དུས་ཚོད་ཅིག་ཡིན་པ་རེད། གང་ལྟར། བརྒྱུད་རིམ་འདི་དག་གི་ཁྲོད་ནས་ང་ཚོས་ཤེས་རྟོགས་ཐུབ་པ་ནི། འུ་ཚོའི་མི་རབས་རྒན་པ་ཚོས་འགྱེལ་ས་ནས་ཡར་ལངས་པའི་ཚོད་ལྟ་རབས་དང་རིམ་པ་བྱས་ཡོད་པ་དེ་རེད།
༢། རང་སྲིད་རང་སྐྱོང་དང་བོད་དུ་སྐུ་ཚབ་ལྟ་སྐོར་བཏང་བའི་འཕོ་འགྱུར་སྐོར་གླེང་བ།
སྤྱི་ལོ་ ༡༩༧༩ ལོ་བར་དུ་༸གོང་ས་མཆོག་གཙོ་བྱས་བཙན་བྱོལ་བོད་གཞུང་གི་ངོས་ནས། རྒྱ་ནག་གཞུང་ལ་བསྟུན་གང་ཐུབ་དང་མཐུན་ཅི་ཐུབ་ཀྱི་ཡ་རབས་ལུགས་མཐུན་གྱི་བྱེད་སྒོ་གང་མང་སྤེལ་ཡོད་པ་དང་། ཆབས་ཅིག་ལོ་དེ་ནས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་དང་མཉམ་དུ་རང་བཙན་གཙང་མའི་བདག་དབང་རྩོད་རྒྱུ་མིན་པའི་ཁས་ལེན་བྱས་པ་དང། བོད་མི་རིགས་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཞིག་སྤྲོད་རྒྱུ་བྱུང་ན་འགྲིག་པའི་དགོས་འདུན་བཏོན་པ་རེད།
ང་ཚོས་ཤེས་དགོས་པ་ཞིག་ལ། བཙན་བྱོལ་བོད་གཞུང་གིས་བཏོན་པའི་རང་སྲིད་རང་སྐྱོང་ཞེས་པ་དེ། ས་མཚམས་སྲུང་སྐྱོབ་དང་དམག་དོན་གྱི་དབང་ཆ་ཁག་ཅིག་མ་གཏོགས། བདག་དབང་ཆ་ཚང་བོད་པ་རང་ལ་ཡོད་དགོས་པ་དང། རང་སྲིད་རང་སྐྱོང་ཞེས་པ་ནི། བོད་རིགས་ཆོལ་གསུམ་མི་མང་འདུས་སྡོད་བྱེད་སའི་ས་གནས་ཡོངས་རྫོགས་ལ་གོ་དགོས་པ་མ་གཏོགས། ད་ལྟ་རྒྱ་ནག་གིས་བཤད་བཞིན་པའི་བོད་རང་སྐྱོང་ལྗོངས་ས་གནས་ཁོད་དོག་པོ་དང། མིང་དོན་མི་མཚུངས་པའི་རྩ་ཁྲིམས་ལག་བསྟར་བྱེད་པ་ལ་མི་ཟེར།
དེ་ཡང་༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་ཐོག གཉིས་ཕན་དབུ་མའི་ལམ་ནས་རྒྱ་ནག་ལའང་བསམ་བློ་གཏོང་སའི་གཞི་ཞིག་བཞག་པ་དང་མཉམ་དུ་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་ཅུང་འགྱུར་བ་ཕྱིན་ཏེ། བོད་ཕྱི་ནང་གཉིས་ཀྱི་མི་མང་བར་ལ་ཐུག་འཕྲད་བྱེད་ཐུབ་པའི་སྒོ་མོ་ཕྱེས་པ་དང་། རི་བོའི་ཕར་ཚུར་གྱི་གནས་སྟངས་རྒྱུས་ལོན་བྱེད་པར་གནས་སྟངས་ཅུང་ཡག་ཏུ་ཕྱིན་སོང། དེ་མཚུངས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་དང་གྲོས་མཐུན་བྱུང་བའི་ཐོག་ནས་འདི་ཕྱོགས་ཀྱི་བོད་ནང་དུ་ལྟ་སྐོར་ཚོགས་པ་ཞིག་བཏང་སྟེ་བོད་ནང་གི་བོད་མིའི་གནས་སྟངས་ལ་རྒྱུས་ལོན་བྱས།
ལོ་ངོ་འདི་དག་གི་ནང་བཙན་བྱོལ་བོད་གཞུང་གིས་རང་བཙན་གྱི་དགོས་འདུན་བསྐྱུར་བ་དང། གཉིས་ཕན་དབུ་མའི་ལམ་ནས་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་པ་འདི་ལོ་རྒྱུས་ཀྱི་ཆ་ནས་བཤད་ན། གནད་འགག་ཅན་གྱི་འཕོ་འགྱུར་ཞིག་ཡིན་པ་དང། དུས་དང་སྐབས་ལ་ལྟོས་ནས་བཤད་ན། ཐབས་ལམ་འདི་ལ་རྒྱ་ཕྱོགས་ནས་བསམ་བློ་གཏོང་དགོས་པའི་གནས་ཤིག་ཡིན།
༣། ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང་བཀའ་སྤྱིའི་འཕོ་འགྱུར་སྐོར་གླེང་བ།
བཙན་བྱོལ་བོད་གཞུང་གིས་ཀྱག་ཀྱོག་གི་བརྒྱུད་རིམ་གང་མང་ཞིག་བརྒྱུད་དེ། ཁ་སང་དང་དེ་རིང་སྐྱབས་བཅོལ་གཞུང་འདི་འདྲ་འདྲའི་ནང་ནས་མི་འདྲ་ས་ཞིག་ཆགས་ཡོད་པ་གཙོ་བོ་༸གོང་ས་མཆོག་དང་ལས་ཀྱི་སྣེ་མོ་བ། མི་མང་ཚང་མའི་ངོས་ནས་འགན་རང་འཁུར་དང་སྡོམ་པ་རང་སྲུང་བྱེད་པའི་དྲིན་ལས་བྱུང་བ་ཞིག་ཡིན་པ་བསྙོན་དུ་མེད། སྤྱི་ལོ་ ༢༠༠༡ ལོ་ནས་བཀའ་བློན་ཁྲི་པ་མི་མང་གིས་བདམས་པ་དང། ཆོལ་ཁ་སོ་སོའི་འཐུས་མི་མང་དུ་བཏང་བ་སོགས་ཀྱི་རིམ་པ་རེ་རེ་ནི་༸གོང་ས་མཆོག་གིས་ཐུགས་ཀྱི་དགོངས་པ་ཟབ་མོ་བཞེས་ཏེ། བོད་མི་ཚོ་ལ་༸གོང་ས་མཆོག་སྐུ་འཚོ་བཞུགས་ལ་མ་ལྟོས་པར་མི་རིགས་ཀྱི་འཐབ་རྩོད་རྒྱུན་བསྲིངས་དགོས་པའི་གོ་བརྡ་དང་སྦྱོང་བརྡར་སྤྲད་པ་ཞིག་རེད།
༢༠༠༡ ལོ་ནས་བཟུང་༸གོང་ས་མཆོག་གིས་ཁོང་ཉིད་ཕྱེད་བགྲེས་ཡོལ་དུ་ཕེབས་པ་ཡིན་ཞེས་ཡང་ཡང་གསུངས་པ་དང། ད་ལོ་སྟེ། ༢༠༡༡ ལོར་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང། སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་ཚོ་འོས་བསྡུའི་བརྒྱུད་རིམ་ལ་བལྟས་པ་ཡིན་ན། འུ་ཚོའི་མང་ཚོགས་ཀྱིས་ཐོབ་ཐང་བླངས་ཏེ་འགན་ཡང་འཁྱེར་གྱི་འདུག་བསམ་པའི་འདུ་ཤེས་ཐོག་༸གོང་ས་མཆོག་བགྲེས་ཡོལ་ཆ་ཚང་ལ་ཕེབས་པ་དང། ད་ནས་བཟུང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་བྱེད་ཕྱོགས་ཚང་མ་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོ་གཙོ་བྱས་ཏེ་མི་མང་རང་གིས་འཁྱེར་རྒྱུ་ཡིན་པ་དེ་རེད།
འཕོ་འགྱུར་འདི་ནི་འཕོ་འགྱུར་རང་ག་བ་ཞིག་མ་ཡིན་ཏེ་འཕོ་འགྱུར་འདི་ནི་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་དགའ་ལྡན་ཕོ་བྲང་མཇུག་བསྡུས་པ་དང་གཅིག། ད་ནས་བཟུང་སྟེ་༸གོང་ས་སྐུ་ཕྲེང་རིམ་བྱོན་གྱིས་བོད་པའི་སྲིད་ཕྱོགས་ཀྱི་ཐུགས་འགན་ཁྱོན་ནས་འཁུར་རྒྱུ་མིན་པ་དེ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་འདི་ནི་ཡང་དག་པའི་མང་གཙོའི་རྒྱལ་ཁབ་ཅིག་གི་ཁྱད་ཆོས་སུ་འཁུམས་སོ། །
རྩོམ་ཡིག་དཔྱད་མཆན།
སྤྱི་ཚོགས་དཔྱད་བརྗོད་ཀྱི་རིགས་སུ་གཏོགས་པའི་པའི་རྩོམ་ཡིག་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ལོ་ཚིགས་གུང་བསྒྲིགས་ཀྱི་འབྲི་ཐབས་སྤྱད་པ་དེ་ཡིན། འབྲི་ཐབས་འདི་སྤྱད་པ་ལེགས་པས་སྒྲིག་གཞི་ལ་འཐུས་ཚང་གི་རྣམ་པ་ཅུང་ལྡན།
རྩོམ་ཡོངས་ཀྱི་རྗོད་བྱེད་ཚིག་ལ་གོ་སླ་ལ་ཀློག་བདེ་བའི་ཁྱད་ཆོས་ལྡན།
རྩོམ་ཡིག་གི་འགོར་ཚིགས་སུ་བཅད་པ་གཅིག་གིས་མཛེས་པར་བརྒྱན་པ་དེ་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་སྟངས་ལ་ལད་མོ་བྱས་པ་ཞིག་རེད་ལ། ནང་དོན་ཡང་ཧ་ཅང་བཟང།
རྩོམ་ཡིག་འདིའི་བརྗོད་དོན་ཆ་ནས་གཙོ་བོ་སྲིད་ཕྱོགས་ཁོ་ནའི་འགྱུར་བ་བརྗོད་པ་དེ་ཡིན། དེ་ཡང་ལོ་ཚིགས་ལྟར་བྲིས་པས། ལོ་རྒྱུས་ཀྱི་འགྱུར་མཚམས་སམ་སྤྱི་ཚོགས་ཀྱི་འཕེལ་འགྲོས་གཙོ་བོ་དམ་འཛིན་བྱ་ཐུབ་པ་ནི། ལོ་ཆུང་རྩོམ་པ་པོ་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་དང་ལྷག་པར་དུ་སྲིད་ཀྱི་ཕྱོགས་ལ་ཤེས་རྒྱ་མི་དམན་པ་ཡོད་པ་རྟོགས་ཐུབ།
བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་སྐོར་གླེང་བ།
ཡེ་ཤེས་ཟླ་བ། མ་སུ་རི་བོད་ཁྱིམ།
བྱེས་གྱར་མགོ་ནག་བོད་མིའི་འཚོ་བའི་ཁྲོད། །འདས་པའི་བཅུ་ཕྲག་ལྔ་ཡི་མགོན་སྐྱབས་ཁྱེད། །
སྲིད་ཕྱོགས་བགྲེས་ཡོལ་ཕེབས་པར་བློ་འཚབ་ཆེ། །སང་ཉིན་ཅི་འབྱུང་ང་ཡིས་ཅི་ལྟར་ཤེས། །
ཀྱེ། འདིར་འབྲི་བར་བྱ་བའི་ཚིག་གི་སྙིང་པོ་དམ་པ་ནི་རང་གིས་བརྗོད་མི་ཚར་བའི་བརྗོད་གཞི་བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་སྐོར་ལགས་ན། རང་ནུས་ཅི་ལྕོགས་ཀྱིས་གནས་ལུགས་ལྡན་པའི་ཚིག་འགའ་ཞིག་འབྲི་འདོད་ཀྱི་འདུན་པ་མེ་ལྟར་འབར་བས། ཁྱེད་ཅག་གི་སྙན་གྱི་དབང་པོ་གཞན་ལ་མ་གཡེང་བར་གསན་རྒྱུའི་རེ་བ་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་མཆིས།
༡། ཤེས་རྨོངས་པ་ཞིག་གི་དོགས་འཆར་ཐོར་བུ་ཞིག་གླེང་བ།
རྒྱབ་ལ་རི་བོ་བུབ་པར་མི་མངོན་པར། མདུན་གྱི་ཡུར་བའི་ཆུ་ལ་རགས་རྒྱག་མཁན་ཤེས་རྨོངས་པས་སྤྱན་རས་གཟིགས་ཀྱི་གདུལ་བྱར་གྱུར་པའི་མགོ་ནག་བོད་མི་ཚོའི་སྔོན་བསགས་ལས་ཀྱི་དབང་གིས་གཞིས་བྱེས་གཉིས་སུ་གྱེས་ཏེ་སྡོད་དགོས་བྱུང། འདས་པའི་ལོ་ངོ་ལྔ་བཅུ་ང་གཉིས་ནང་བོད་མི་ཚོའི་ཁོག་པའི་སྙིང་དང། དཔྲལ་བའི་མིག་ལྟ་བུ་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཕྱིའི་མི་དང་དཔུང་པ་འདྲ་མཉམ་གྱིས་འགྲོ་ཐུབ་པ་བྱུང་བར་སྨོས་མི་དགོས།
འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་དགུའི་ཉིན། ཐེངས་བཅུ་གཅིག་པའི་གྲོས་ཚོགས་ཐོག་བགྲེས་ཡོལ་གྱི་གསུང་འཕྲིན་ཕེབས་སྐབས། བོད་མི་ཚོར་བློ་ཡུལ་ལས་འདས་པའི་དངངས་འཚབ་ཤུགས་ཆེ་ཞིག་སྐྱེས་ཀྱང། ཅི་བྱ་གཏོལ་མེད་དུ་ལུས། དེ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་འཕོ་འགྱུར་ཆེ་ཤོས་ཤིག་ལགས་པར་གོར་མ་ཆག་གོ། །
ཁོང་གི་གཞི་རྩའི་ལྟ་གྲུབ་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས། ཞེས་པ་ལྟར་རྗེས་ཡོང་སྔོན་དྲན་གྱི་ཕུགས་བསམ་དེས་ཤེས་རྨོངས་པ་ང་ལྟ་བུ་ཞིག་ལའང་སེམས་འགུལ་ཧ་ཅང་ཤུགས་ཆེ་ཞིག་ཐེབས། གལ་ཏེ་ཁོང་གིས་བསྐྱར་དུ་སྔར་བཞིན་སྲིད་ཕྱོགས་ཀྱི་འགན་དབང་བཞེས་ན། དེ་ནི་བོད་མི་ཚོར་ངལ་གསོའི་དུས་ཤིག་མ་གཏོགས་སོ་སོར་བོད་ཀྱི་འགན་འཁྲི་ཡོད་པར་གང་ལ་མངོན་སྲིད། དེ་ཡང་ཁེ་ཆེན་འོག་ན་གྱོང་ཆེན་སྦས་ནས་ཡོད་ཟེར་བ་བཞིན། ཁོང་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚར་བའི་རྗེས་ཀྱི་བོད་མིའི་བཙན་བྱོལ་གྱི་སྤྱི་ཚོགས་གང་འདྲ་ཞིག་ཏུ་ཆགས་མིན་ལ་བསམ་གཞིགས་བྱེད་མཁན་ཧ་ཅང་ཉུང། གང་ལྟར་འགྱུར་བ་ནི་ཕྱིན་ཚར་བ་རེད།
༢། ༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་དེས་བོད་མི་ཚོར་སྐྱབས་དང་མགོན་མེད་པར་ཆགས།
རྒྱལ་སྤྱིའི་གླེང་སྟེགས་ཀྱི་ཁྲོད་ནས་བརྗོད་ན་བོད་ཀྱི་འཐབ་རྩོད་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་ཁག་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་སྒོ་ངའི་གདེང་ཚོད་མཛུབ་མོས་ཤེས་ཟེར་བ་དང་གཉིས་སུ་མ་མཆིས། ཅིའི་ཕྱིར་བརྗོད་ན། འདས་པའི་ལོ་མང་གི་རྒྱབ་སྐྱོར་དང་རོགས་རམ་དག་ནི་ཁོང་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང། བོད་དོན་བདེན་མཐའ་སེལ་ཐབས་ཀྱི་འབོད་སྒྲ་འཛམ་གླིང་ཕྱོགས་བཅུར་སྒྲོག་སྟེ། ཉིན་མཚན་དབྱེར་མེད་ཀྱི་སྙིང་རུས་ཁོ་ནར་རག་ལས་པ་སྨོས་མི་དགོས། གལ་ཏེ་ཁོང་གིས་སྲིད་ཕྱོགས་ནས་བགྲེས་ཡོལ་ལ་ཕེབས་མེད་ཚེ་ད་ལྟའི་བཙན་བྱོལ་བོད་མིའི་ཁྲོད་དུ་སྔར་མེད་ཀྱི་སྡུག་སྐད་ནི་ཇི་ལྟར་འབྱུང་ངམ།
༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བྱུང་བའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་རྒྱལ་བ་རིམ་བྱོན་གྱིས་མ་གནང་ཚེ། བོད་མི་ཚོ་སྐྱབས་དང་མགོན་མེད་པར་ཆགས་པ་མ་ཡིན་ནམ། འོན་ཀྱང་ད་ལྟའི་ཆར་སྲིད་ཕྱོགས་ནས་མ་གཏོགས་ཆོས་ཕྱོགས་ནས་མིན་པས། ནང་པ་སངས་རྒྱས་པའི་ཆོས་འདི་འཛམ་གླིང་ནང་ཤུགས་ཆེར་དར་ཡང། བོད་ཀྱི་བདེན་མཐའ་སེལ་རྒྱུའི་རེ་བ་ཇེ་སྲབ་ཇེ་སྲབ་ཏུ་འགྲོ་བ་མ་ཟད། སེང་རས་ཤིག་གིས་སྒྲིབ་ཀྱིན་པའི་སེམས་འཚབ་ཧ་ཅང་ཆེ།
༣། གསར་དུ་བདམས་པའི་བཀའ་ཁྲི་དང་མང་གཙོའི་རྣམ་པའི་སྐོར།
གསར་དུ་བདམས་ཐོན་བྱུང་བའི་བཀའ་ཁྲི་བློ་བཟང་སེང་གེས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་འཇིགས་སྐུལ་དང་འདྲ་བའི་བརྡ་གསལ་པོ་ཞིག་བསྐུར་བ་ནི་ཚང་མས་མཁྱེན་གསལ་རེད། ད་བར་དུ་བཙན་བྱོལ་སྤྱི་ཚོགས་ནང་གསོ་སྐྱོང་བྱས་པའི་གཞོན་སྐྱེས་ཚོས་མི་རབས་གོང་མའི་རྗེས་འབྲང་བཞིན། བོད་ཀྱི་འཐབ་རྩོད་མུ་མཐུད་ནས་གནས་ཀྱི་ཡོད་པར་བསམ་བཞིན་དུ་འདབ་གཤོག་གཉིས་ལྡན་གྱི་སྤྱི་ཚོགས་ཞབས་ཞུ་བ་ཞིག་ལ་འགྲོ་རྒྱུའི་འདུན་པ་ཤིན་ཏུ་ཆེ།
དེ་དང་ཕྱོགས་མཚུངས་བཙན་བྱོལ་བོད་མིར་ཕུལ་བའི་མང་གཙོའི་ལམ་སྲོལ་ཇེ་ལེགས་སུ་འགྲོ་བཞིན་པ་ནི་ཆབ་སྲིད་ཀྱི་འཕོ་འགྱུར་ཆེ་ཤོས་ཤིག་ལགས། འདི་ལོའི་སྔོན་འགྲོའི་འོས་བསྡུ་དང། དངོས་གཞིའི་འོས་བསྡུ་སྐབས་ཀྱི་འོས་འཕེན་མཁན་ནི་སྔར་ལས་ལྷག་པ་བྱུང་ཡོད། དེས་བོད་མི་ཚོས་མང་གཙོའི་ཁེ་ཕན་ཚུལ་བཞིན་ལོངས་སྤྱོད་པའི་མཚོན་རྟགས་ཤིག་ལགས་སོ། །
རྒྱ་ནག་ནས་ཀྱང་མི་འདོད་པའི་རྣམ་འགྱུར་གྱིས་༸གོང་ས་མཆོག་ལ་ཚིག་ངན་དང་སྦྲགས་ནས་བཀའ་ཁྲི་བློ་བཟང་སེང་གེར་སྐྱོན་འཛུགས་ཀྱི་གཏམ་ལོག་མང་པོ་ཞིག་རྒྱལ་སྤྱིའི་སྟེང་ངོ་ཚ་དང་ཁྲེལ་མེད་ཀྱིས་བརྗོད་དང་རྗོད་བཞིན་ཡོད། དེ་ནི་རྒྱ་ནག་ནས་བོད་མི་ཚོར་འཛིན་པའི་ཆབ་སྲིད་ཀྱི་འཕོ་འགྱུར་ཞིག་ལགས་སོ། །
མཇུག་ཏུ་སྨྲ་བའི་ཡིག་འབྲུ་འགའ་ཞིག།
དེ་ཡང་ནམ་རིང་ན་རྨི་ལམ་མང། གཏམ་རིང་ན་མི་མི་དགའ་ཞེས་པ་ལྟར། ཤེས་རྨོངས་པ་ངས་ལག་སྡོད་མི་ཚུགས་པའི་གཏམ་དེར་སྐྱོན་དང་ནོར་འཆུག་མང་དག་ཅིག་ཡོད་སྲིད་པས། ཁྱོད་ཅག་རྣམས་ཐུགས་མི་འཁང་བར་འཚལ། འདི་ལོར་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་འཛིན་རིམ་བཅུ་གཉིས་ཀྱི་བརྗོད་གཞི་ནི་ཆེས་གནས་ཚད་དང་མཐུན་པ་མ་ཟད། སྤྱི་ཚོགས་ཁྲོད་ལ་གོམ་ཁ་སྤོ་ལ་ཉེ་བས་རྗེས་ཕྱོགས་ཀྱི་བསམ་བློའི་གྲ་སྒྲིག་ཅིག་སྦྱིན་བྱུང་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ཆེས་བརྗོད་པར་དཀའ་བའི་འདི་ལོའི་འཕོ་འགྱུར་དེ་ནི་བོད་མི་ཡོངས་ཀྱི་མི་ཚེའི་དེབ་ཐེར་ནང་། རླབས་ཆེ་བའི་ལོ་རྒྱུས་ཀྱི་རྣམ་པ་ཞིག་ལ་གྱུར་བས། རྗེས་ཕྱོགས་ཀྱི་གོམ་ཁ་སྔར་ལས་ལྷག་པ་ཞིག་སྤོ་ཐུབ་པའི་སྨོན་ལམ་གྲངས་མེད་ཟློ།
མཐའ་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་སྨོན་འདུན་དང་། སེམས་ཅན་ཐམས་ཅད་ཀྱི་བློ་ཡི་མུན་པ་སེལ་བར་སྨོན། །
རྩོམ་ཡིག་དཔྱད་མཆན།
ཚིགས་སུ་བཅད་པ་གཅིག་གིས་དྲངས་པའི་རྩོམ་ཡིག་འདིའི་འགོའམ་གླེང་སློང་བའི་གཏམ་དེར་དངོས་ནས་དཔྱད་རྩོམ་གྱི་འགོ་འཛུགས་སྟངས་ཀྱི་ཉམས་འདུག་ལ། སྲོལ་རྒྱུན་རྩོམ་སྟངས་ལས་བློ་ལྡན་ཉན་པར་བསྐུལ་བ་ཞེས་པའི་ཁྱད་ཆོས་ལྡན།
རྩོམ་ཡིག་འདིའི་བརྗོད་དོན་གྱི་ཆ་ནས་༸གོང་ས་མཆོག་གི་རྒན་ཡོལ་དང་བཀའ་ཁྲི་གསར་པའི་སྐོར་ཏེ་ཕྱོགས་དེ་གཉིས་གཙོ་བོར་བཟུང་སྟེ་བྲིས་ཡོད་པ་ཅུང་ལེགས་པོ་འདུག། ཚིག་དོན་གྱི་ཆ་ནས་གཏམ་དཔེ་བརྗོད་པ་དང་ལྷུག་བརྗོད་བྱེད་སྟངས་སོགས་ལ་ཡང་ལེགས་ཆ་མི་ཉུང་བ་ཞིག་ཡོད་པར་མ་ཟད། གོ་སླ་བ་དང་ཀློག་བདེ་བའི་ཁྱད་ཆོས་ཀྱང་མི་དམན་པ་ལྡན། སྒྲིག་གཞི་བཀོད་སྒྲིག་བྱས་པའང་མི་ཆོག་རྒྱུ་མི་འདུག
འོན་ཀྱང། གཙོ་ཕལ་གྱི་དབང་དུ་བྱས་ཏེ་གླེང་ན། མཇུག་སྡུད་སྟངས་ཀྱིས་བརྗོད་དོན་མཚོན་པ་ལ་རམ་འདེགས་ཀྱི་ནུས་པ་ཅི་ཡང་ཐོན་མི་འདུག་པས། རྩོམ་རིག་གི་ངོས་ནས་ཞན་ཆའི་ཕྱོགས་སུ་བགྲང་དགོས་སོང། འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་ནང་དོན་གྱི་ཆ་ན་དེ་ལ་ཡང་ལེགས་ཕྱོགས་ཀྱི་ཆ་ངེས་ཅན་ཞིག་འདུག