བསོད་ནམས་བཟང་པོས་བསྒྱུར།

    གནའ་བོའི་ལེགས་བཤད་དུ་“བཅིངས་པ་ལས་གྲོལ་བར་བྱེད་པ་ནི་ཤེས་ཡོན་ནོ།།”ཞེས་གསུངས། འདི་ནི་དེང་གི་དུས་སུའང་བདེན་པར་སྣང་། ‘ཤེས་ཡོན་’ཞེས་པ་ནི་ཆོས་ཀྱི་བསླབ་པ་ཁོ་ན་ཙམ་གྱི་དོན་མིན་ལ། ‘བཅིངས་པ་ལས་གྲོལ་བ་’ཞེས་པའང་འཁོར་བ་ལས་གྲོལ་ནས་ཐར་པ་ཐོབ་པའི་དོན་འབའ་ཞིག་མིན། ཤེས་ཡོན་ནི་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་སྤྱོད་མཁོ་ཡོད་པའི་སྦྱོང་བརྡར་ཐམས་ཅད་ལ་གོ་ཞིང་།  བཅིངས་པ་ལས་གྲོལ་བ་ཞེས་པའང་བྲན་གཡོག་གི་ངང་ཚུལ་ཐམས་ཅད་ལས་རང་དབང་ཐོབ་པར་གོ་དགོས། དེ་འདྲའི་དྲན་གཡོག་གི་ངང་ཚུལ་ལ་རྣམ་པ་གཉིས་ཡོད་དེ། གཅིག་ནི་གཞན་གྱི་དབང་སྒྱུར་འོག་ཚུད་པའི་བྲན་གཡོག་དང་། ཅིག་ཤོས་ནི་རང་གི་དགོས་མཁོ་ཁོ་ནའི་དབང་དུ་གྱུར་བའི་བྲན་གཡོག་གོ །དྲན་གཡོག་གི་རྣམ་པ་འདི་དག་ལས་ཡོངས་སུ་གྲོལ་ཕྱིར་ཐོས་པ་བཙལ་ན། དེ་ནི་དོན་དམ་གྱི་སློབ་གཉེར་ཡིན་ནོ། །
    ཤེས་བྱ་གང་འདྲ་ཞིག་སློབ་ཀྱང་འགོག་རྐྱེན་ལ་ཇི་མི་སྙམ་པར་དྲི་བ་ཡང་ཡང་འདོན་པ་དང། ནན་ཏན་དང་ཞིབ་ཚགས་ཀྱིས་འདྲི་ཞིབ་བྱེད་རྒྱུ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། དྲི་བ་འདོན་སྐབས་དགེ་རྒན་ལ་བག་ཡོད་ཚུལ་ལྡན་དང་གུས་ཞབས་ཞུ་བ་ལས། ཁེངས་དྲེགས་ཀྱི་དབང་དུ་མི་འགྲོ་བ་གལ་ཆེ། ཁེངས་དྲེགས་ནི་སློབ་གཉེར་གྱི་དགྲ་བོ་ཡིན་ཞིང་། སློབ་གཉེར་བྱེད་པའི་འདུན་པ་མེད་པ་དང་བག་མེད་ཚུལ་འཆལ་གྱི་རིགས་ལ་ཤེས་ཡོན་ཐོབ་མི་སྲིད།
    འཇིག་རྟེན་གསར་པ་ཞིག་བསྐྲུན་དགོས་ན་ངེས་པར་དུ་ཤེས་ཡོན་ནི་དེའི་ལག་ཆ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱ་དགོས།
    འུ་ཅག་ཚང་མའི་རྒྱུད་དུ་ལྷན་སྐྱེས་ཀྱི་རང་གཤིས་བཟང་པོ་རེ་ཡོད་ཅིང་། ལྷན་སྐྱེས་ཀྱི་རང་གཤིས་དེ་ཉིད་མངོན་དུ་འགྱུར་བར་དགེ་རྒན་ལ་བསྟེན་དགོས། དེ་འདྲའི་རླབས་ཆེན་གྱི་བྱ་བ་སྒྲུབ་མཁན་དགེ་རྒན་དེ་ཡང། ཀུན་སྤྱོད་དུལ་ཞིང་གཙང་བ་དང་། རྒྱུན་དུ་སློབ་གཉེར་ལ་འདུན་པ་ཡོད་པ་དང་སྤྲོ་བ་ཅན་ཞིག་ཡིན་དགོས། ཐབས་དང་ལྡན་པའི་ལུས་པོའི་ངལ་རྩོལ་ནི་བློ་རིག་འཕེལ་བར་མཆོག་ཏུ་གྱུར་ཞིང་། ལུས་དང་སེམས། རྣམ་ཤེས་དང་བཅས་པ་ཐམས་ཅད་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བར་ངེས་པར་དུ་ཐབས་ཤེས་ཟུང་འབྲེལ་གྱི་བློ་གྲོས་ལ་བརྟེན་དགོས། སྤྱི་ཚོགས་ཞབས་ཞུའི་ལས་དོན་སྒྲུབ་སྐབས་ཉམས་མྱོང་ལས་ཐོབ་པའི་ཤེས་ཡོན་གྱི་རིགས་ནི་སྲི་ཞུ་བསྒྲུབ་པའི་ལག་ཆ་བཟང་པོ་ཞིག་ཡིན་ལ། དེ་ནི་ལས་སླ་པོར་ལོག་ལམ་དུ་འགྲོ་མི་སྲིད།
    ལག་ཤེས་དང་། སྒྱུ་རྩལ། འཕྲོད་བསྟེན། རིག་གནས་བཅས་ཕན་ཚུན་ཁ་བྲལ་ཐབས་མེད་པས། རིག་ཚན་དེ་དག་སྒྲོམ་གཞི་གཅིག་གི་འོག་ཏུ་ཚུད་པ་བྱེད་དགོས། (ནྱི་ཏ་ལིམ་)ཤེས་ཡོན་སྲིད་ཇུས་གསར་པ་ནི་གོང་འཁོད་རིག་ཚན་བཞི་པོ་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཤེས་ཡོན་ལམ་སྲོལ་ཞིག་ཡིན་ལ། ལག་ཤེས་བཟོ་ལས་ནི་ཤེས་ཡོན་ལས་ལོགས་སུ་མི་དགར་བ་མ་ཟད། དེ་ནི་ཤེས་ཡོན་གྱི་བརྒྱུད་ལམ་ཞིག་ཡིན་པར་དེ་བས་ཀྱང་ཡིད་ཆེས་བྱེད་ཀྱིན་ཡོད། 
    ང་ཚོའི་གཞི་རིམ་ཤེས་ཡོན་སྲིད་ཇུས་ཀྱིས་ལུས་དང་། སེམས། རྣམ་པར་ཤེས་པ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་གལ་ཆེར་བཟུང་ཡོད་ཅིང་། ཤེས་ཡོན་སྲིད་ཇུས་རང་ག་བ་རྣམས་ཀྱིས་ནི་སེམས་ཀྱི་ཡར་རྒྱས་ཁོ་ན་གལ་ཆེན་འཛིན་ནོ། །
    དགེ་རྒན་རྣམས་ཀྱིས་རང་ཉིད་ཀྱི་ཤེས་རབ་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པས། དེ་ནི་དོན་སྙིང་ལྡན་པའི་འཚོ་ཐབས་ཤིག་རེད་སྙམ། དེར་བརྟེན་དགེ་རྒན་དང་སློབ་མ་ཟུང་འབྲེལ་གྱིས་སློབ་ཁྲིད་འཆད་ཉན་གྱི་བྱ་བ་ལ་ནུས་པ་འདོན་པ་དེས། ལོ་ན་གཞོན་དུས་ནས་མི་ཚེ་དོན་ལྡན་ངང་སྐྱེལ་རྒྱུར་གཞོགས་འདེགས་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ལ་ལས་བྱེད་པ་དགོས་ཤིང་མཁོ་བའི་དཀའ་ངལ་ཡང་སེལ་ཐུབ།
    ལག་ཤེས་བཟོ་ལས་ལ་བརྟེན་ནས་ཤེས་ཡོན་སྤྲོད་དགོས་པའི་བསམ་ཚུལ་འདི་རྒྱ་ཆེར་ཁྱབ་ཡོད་ལ། མི་མང་པོ་ཞིག་གིས་དེ་ལྟར་གླེང་གིན་ཡོད། བདག་གི་བསམ་ཚུལ་ལའང་དེ་ལྟར་འདོད་པས། ཤེས་ཡོན་སྲིད་ཇུས་གསར་པའི་ནང་ང་ཚོས་ལག་ཤེས་བཟོ་ལས་བརྒྱུད་ནས་ཤེས་ཡོན་སྤྲོད་རྒྱུ་གཙོ་འདོན་བྱས་ཡོད། དེ་ལྟར་ལག་ལེན་ལ་ཁེལ་མིན་ནི། མི་སྒེར་རམ་མཉམ་འབྲེལ་གྱི་ལས་དོན་གང་འདྲ་ཡིན་ཡང། འགྲོ་བ་མིའི་བྱེད་སྒོ་འདྲ་མིན་སྣ་ཚོགས་ལ་ང་ཚོས་ངོས་འཛིན་དང་དགའ་ཞེན་བྱེད་མིན་ལ་རག་ལས་ཡོད། ལག་ཤེས་བཟོ་ལས་བརྒྱུད་ནས་ཤེས་ཡོན་སྤྲོད་ཐབས་བྱེད་པའི་ལྟ་ཚུལ་འདི་ནི། འཚོ་བའི་བྱེད་སྒོ་སྣ་ཚོགས་ལ་ངེས་ཤེས་དང་དགའ་ཞེན་ཟམ་མི་ཆད་པར་བྱས་པའི་རྒྱུ་མཚན་ནན་ཏན་དུ་བསམ་པ་ལས་བྱུང་བ་ཞིག་རེད། དགའ་ཞེན་དེ་འདྲ་ཞིག་སླེབས་པར་ངེས་པར་དུ་ཤེས་ཡོན་ནི་སྐྱེ་བོ་ཚང་མར་ཐོབ་རུང་བ་ཞིག་དགོས་ལ། གྲོང་གསེབ་པ་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་དུ་སྤྱོད་མཁོ་ཡོད་པ་ཞིག་དགོས། དེ་འདྲའི་ཤེས་ཡོན་ནི་དཔེ་དེབ་ལས་ཐོབ་མི་ཐུབ་ཅིང་། དཔེ་དེབ་ལ་བརྟེན་ཡང་མི་དགོས། དེ་བས་དེ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་ལ་འབྲེལ་ཡོད་པ་དེ་འདྲའང་གཏན་ནས་མིན། གལ་ཏེ་དེ་ནི་ཆོས་ལུགས་ཤིག་ཡིན་པའི་དབང་དུ་བཏང་ན། ཆོས་ལུགས་དེ་ནི་ཆོས་ལུགས་བྱེ་བྲག་པ་ཐམས་ཅད་ཀྱི་འབྱུང་ཁུངས་འཇིག་རྟེན་ཀུན་ཁྱབ་ཀྱི་ཆོས་ཤིག་ཡིན་དགོས། དེར་བརྟེན་དེ་འདྲའི་ཤེས་ཡོན་ནི་རིན་མེད་ཀྱི་”མི་ཚེའི་གླེགས་བམ་”ལས་སྦྱོང་དགོས་ཤིང་། དེ་ནི་ས་སྟེང་གི་སྟོབས་ཤུགས་གང་གིས་ཀྱང་འཕྲོག་མི་ཐུབ།
    ང་རང་ཚོའི་དུས་ཚོད་ཕལ་ཆེ་བ་འཚོ་བའི་ངལ་རྩོལ་གྱི་ཁྲོད་དུ་གཏོང་བཞིན་ཡོད་པས། ངེད་ཅག་གི་བུ་ཕྲུག་ཚོར་ལོ་ན་གཞོན་དུས་ནས་ངལ་རྩོལ་གྱི་རིན་ཐང་ལ་བརྩི་མཐོང་སླེབས་སུ་འཇུག་པ་ལས། ཁོང་ཚོར་ངལ་རྩོལ་ལ་ཞེན་པ་ལོག་པའི་ཚོར་སྣང་དེ་འདྲ་མི་སྤྲོད་པར་འབད་བརྩོན་བྱེད་དགོས། དེ་ལྟར་བྱས་ཚེ་ཞིང་པའི་བུ་ཕྲུག་ཅིག་སློབ་གྲྭར་སོང་ནས་བེད་མེད་དུ་གྱུར་ཅིང་། ཐ་ན་ཞིང་ལས་གཉེར་སྟངས་ཀྱང་མི་ཤེས་མཁན་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད་ཅེས་བཤད་ཆོག 
    འབྲི་ཀློག་གི་ཤེས་ཡོན་དེ་ལུས་པོའི་ངལ་རྩོལ་གྱི་སློབ་གསོའི་རྗེས་སུ་འབྲང་དགོས་ཤིང། དེ་ལྟར་བྱུང་ན་གཞི་ནས་མི་དང་དུད་འགྲོ་གཉིས་རྣམ་པ་སོ་སོར་དབྱེ་ཐུབ། འགྲོ་བ་མིའི་བསམ་བློའི་ཡར་རྒྱས་ཚད་མཐོ་ཤོས་སུ་སླེབས་དགོས་ན་ངེས་པར་དུ་འབྲི་ཀློག་གི་ཤེས་ཡོན་ལ་བརྟེན་དགོས་བསམ་པ་ནི་རྨོངས་དད་ཙམ་ལས་མ་འདས། འབྲི་ཀློག་གི་ཤེས་ཡོན་དེ་ཉིད་མི་ཚེའི་རྒྱན་ཆ་ཞིག་ཏུ་བརྩི་ཆོག་མོད། འོན་ཀྱང་མིའི་ཀུན་སྤྱོད་ཡར་རྒྱས་དང་ལུས་པོའི་འཚར་ལོངས། ཕྱི་དངོས་པོའི་འཕེལ་རྒྱས་སོགས་ལ་ངེས་པར་དུ་མཁོ་བའམ་མེད་ན་མི་རུང་བ་དེ་འདྲ་གཏན་ནས་མིན།
    འགྲོ་བ་མི་ནི་ཤེས་པ་རྐྱང་པ་ལས་གྲུབ་པའམ། གཟུགས་ཀྱི་ཕུང་པོ་ཁོ་ན་ལས་གྲུབ་པ། ཡང་ན་སྲོག་ཙམ་ལས་གྲུབ་པ་དེ་འདྲ་མིན། མིའི་མཚན་ཉིད་ཡོངས་སུ་ཚང་བར་གཟུགས་ཤེས་སྲོག་གསུམ་ཚང་བའི་སྤྱི་འདུས་ཀྱི་གོང་བུ་ཞིག་གྲུབ་དགོས་ཤིང་། དེར་ད་གཟོད་སློབ་གསོ་སྤྲོད་པའི་ཆ་རྐྱེན་ཚང་ཡོད།
    ནང་སེམས་ཀྱི་སློབ་གསོ་ཡང་དག་ཅིག་སྤྲོད་དགོས་ན་ལུས་ཀྱི་དབང་པོ་རྣམས་ལ་སྦྱོང་བརྡར་མཐིལ་ཕྱིན་པ་ཞིག་སྤྲོད་དགོས།  དཔེར་ན་རྐང་ལག་དང་། མིག་དབང་། རྣ་དབང་། སྣ་ཡི་དབང་པོ་སོགས་བྱིས་པ་ཞིག་གི་ལུས་པོའི་ཡན་ལག་རྣམས་དབང་པོ་རྣོན་པོའི་ངང་བེད་སྤྱོད་གཏོང་ཐུབ་པ་བྱུང་ཚེ། དེས་ཁོའི་བློ་རིག་འཕེལ་བར་ཕན་ཐོགས་མགྱོགས་ཤོས་དང་བཟང་ཤོས་བྱེད་ཐུབ། གལ་ཏེ་སེམས་དང་ལུས་ཀྱི་འཚར་ལོངས་དེ་བློ་རིག་གི་མུན་པ་སེལ་བ་དང་ཟུང་དུ་འབྲེལ་ནས་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་འགྲོ་མ་ཐུབ་ཚེ། སེམས་ཀྱི་ཡར་རྒྱས་ཁོ་ན་གཙོར་བཟུང་བྱས་ན་གྲུབ་འབྲས་ལེགས་པོ་ཞིག་ཐོབ་དཀའ། བདག་གིས་ནང་སེམས་ཀྱི་སྦྱོང་བརྡར་ཞེས་པ་ནི་བསམ་བློའི་སློབ་གསོ་ཞིག་ཏུ་ངོས་འཛིན་གྱི་ཡོད། དེར་བརྟེན་སེམས་དེ་ཉིད་ཕྱོགས་ཡོངས་ནས་འཚར་ལོངས་ཐུབ་པ་ཞིག་དགོས་ན། ངེས་པར་དུ་བྱིས་པ་ཚོའི་གཟུགས་ཕུང་དང་བློ་རིག་གི་སློབ་གསོ་ཟུང་འབྲེལ་བྱས་ཚེ་ད་གཟོད་གཞི་ནས་སློབ་གསོ་ཆ་ཚང་བ་ཞིག་ཐོབ་ངེས།  ཕྱིའི་གཟུགས་དང་ནང་གི་ཤེས་པ་གཉིས་ནི་གཅིག་ལ་གཅིག་བརྟེན་ཡིན་པས་སློབ་གསོ་སྤྲོད་སྐབས་ཀྱང་གནད་དོན་འདི་ཡིད་ལ་འཇོག་དགོས་པ་ལས། ནང་སེམས་ཀྱི་སློབ་གསོ་སྤེལ་བ་དེ་ཕྱིའི་གཟུགས་ལ་ལྟོས་པ་མེད་པར་རང་རྐྱ་བའི་འདོད་ཚུལ་འཛིན་པ་ནི་ནོར་འཁྲུལ་རེད། 
    སློབ་གསོ་ནི་མི་ཞིག་གི་ལུས་དང་སེམས། རྣམ་པར་ཤེས་པ་ཐམས་ཅད་བཙོ་སྦྱང་བྱས་པའི་གྲུབ་དོན་ཞིག་རེད། འབྲི་ཀློག་ནི་ཤེས་ཡོན་གྱི་གྲུབ་དོན་མིན་ལ། ཤེས་ཡོན་སྦྱོང་བའི་གཞི་རྩའང་དེ་བས་མིན། དེ་ནི་ཤེས་ཡོན་སྦྱོང་བའི་ཐབས་ལམ་ཙམ་རེད།  དེར་བརྟེན་འབྲི་ཀློག་ཤེས་པ་ཙམ་གྱིས་ཤེས་ཡོན་ཤེས་པའི་ཁྱབ་པ་མེད། རྒྱུ་མཚན་དེ་བས་ན་བདག་གིས་བྱིས་པ་ཞིག་ལ་སློབ་གསོ་སྤྲད་ན། ཆེས་ཐོག་མར་ཁོ་པར་ཉིན་རེའི་འཚོ་བའི་ནང་སྤྱོད་མཁོ་ཡོད་པའི་ལག་ཤེས་ཀྱི་རིགས་བསླབས་ཏེ། སྦྱོང་བརྡར་བྱེད་དུས་ནས་རང་གི་སྦྱངས་པའི་ལག་ཤེས་དེ་དག་བེད་སྤྱོད་གཏོང་ཐུབ་པ་ཞིག་བཟོ་ངེས་ཡིན། དེ་ལྟར་བྱུང་ན་སློབ་གྲྭ་ཡོད་ཚད་རང་ཁ་རང་གསོ་ཐུབ་པ་མ་ཟད། སློབ་གྲྭའི་ཐོན་སྐྱེད་དེ་དག་ལ་སྲིད་གཞུང་གིས་སྟངས་འཛིན་ཡང་བྱས་ཆོག
    བདག་གི་བསམ་པར་ཤེས་ཡོན་སྲིད་ཇུས་འདི་འདྲ་ཞིག་གི་འོག་ཏུ་སེམས་དང་རྣམ་པར་ཤེས་པའི་ཡར་རྒྱས་བཟང་ཤོས་ཡོང་ཐུབ་ངེས་སྙམ། ལག་ཤེས་བཟོ་ལས་བརྒྱུད་ནས་སློབ་གསོ་སྤྲོད་པ་ནི་ཚན་རིག་དང་མཐུན་པའི་སློབ་གསོ་སྤྲོད་ཐབས་ཤིག་ཡིན་ཞིང་། སློབ་ཕྲུག་ཚོས་བྱ་བའི་བརྒྱུད་རིམ་གྱི་ཐོག་མཐའ་བར་གསུམ་ངོ་འཕྲོད་ཐུབ་པས། དེང་གི་འཕྲུལ་ལས་ཀྱི་སློབ་གསོ་སྤྲོད་སྟངས་ལྟ་བུ་ཞིག་ཏུ་འགྱུར་མི་སྲིད།  བདག་གིས་སྐད་ཆ་འདི་དག་རང་ཉིད་ལ་གདེང་ཚོད་གང་ཡང་མེད་པར་བཤད་པ་མིན་པར་རང་གི་ཉམས་མྱོང་དངོས་ལ་གཞིགས་ནས་སྨྲས་པ་ཡིན།  ངས་དུས་རྒྱུན་བཟོ་པ་རྣམས་ལ་སྣལ་མ་འཁེལ་སྟངས་སློབ་སྐབས་ཐབས་ལམ་འདི་དག་དངོས་ཤུགས་བརྒྱུད་གསུམ་ནས་བེད་སྤྱོད་ཀྱི་ཡོད། ང་རང་ཉིད་ལ་མཚོན་ནའང་འདྲུད་ལྷམ་བཟོ་སྟངས་དང་སྣལ་མ་འཁེལ་སྟངས་དེ་ཐབས་ཤེས་འདི་དག་བརྒྱུད་ནས་སྦྱངས་པས། ད་ལྟ་བདག་ལ་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་བྱུང་། ཐབས་ལམ་འདི་ལོ་རྒྱུས་དང་ས་ཁམས་རིག་པ་སོགས་རིག་གནས་སློབ་ཁྲིད་བྱེད་པར་བེད་སྤྱོད་ཐུབ་པ་ཞིག་རེད་ལ། དུས་རྒྱུན་ངག་ནས་བརྡ་འཕྲིན་སྐྱེལ་ཐབས་ཙམ་གྱི་སློབ་ཁྲིད་བྱ་ཐབས་དེ། དོན་དངོས་ལག་ལེན་གྱི་ཁྲོད་དུ་འབབ་ཐུབ་པའི་སློབ་ཁྲིད་བྱེད་ཐབས་ཤིག་ཏུ་བསྒྱུར་ཐུབ།  ལག་ལེན་དངོས་ཀྱི་སྟེང་ནས་སློབ་ཁྲིད་ཐེངས་གཅིག་བྱེད་པ་ནི་འབྲི་ཀློག་བཅུ་གྲངས་བྱས་པ་ལས་ཀྱང་ལྷག བྱིས་པ་ཞིག་གིས་གྲོ་དང་སྤུན་པ་གཉིས་ལོགས་སུ་དབྱེ་ཐུབ་ཚེ། ད་གཟོད་གཞི་ནས་དབྱངས་གསལ་གྱི་འདྲ་རིས་དག་ངོ་སྤྲོད་བྱས་ན་མ་འགྲིག་པ་མེད། འདི་ལྟ་བུའི་འཁྲིད་ཐབས་ནི་སྔར་མེད་ཀྱི་གསར་བརྗེ་ཞིག་ཡིན་མོད། ཕྲུ་གུས་སློབ་གཉེར་བྱེད་སྐབས་ནུས་ཤུགས་དང་དུས་ཚོད་གཉིས་ཀ་འཕྲོ་བརླག་མི་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད། དེར་བརྟེན་སློབ་ཕྲུག་ཚོས་ལག་ཤེས་བཟོ་ལས་སྦྱོང་བ་དང་ལྷན་དུ། རྩིས་རིག་སོགས་རིག་གནས་ཁག་ཀྱང་སྦྱོང་ཐུབ་པ་དེ་ནི་གཅིག་གོ་ཉིས་ཆོད་ཀྱི་ཐབས་ལམ་ཞིག་ཡིན།
    ང་ཚོས་ཚད་ལྡན་གྱི་དགེ་རྒན་བཀོད་སྒྲིག་བྱས་ནས་ང་ཚོའི་བུ་ཕྲུག་ཚོར་ངལ་རྩོལ་གྱི་རིན་ཐང་སློབ་ཏུ་འཇུག་པ་དང་། བྱིས་པ་ཚོས་ངལ་རྩོལ་ནི་རིག་སྟོབས་རྒྱས་པར་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངེས་ཤེས་རྙེད་པ་བྱས་ནས། ཁོང་ཚོའི་ཤེས་རིག་གོང་འཕེལ་ཡོང་ཆེད་ངལ་རྩོལ་བྱེད་པར་སྤྲོ་སྣང་ལྡན་པ་ཞིག་ཏུ་འགྱུར་ཐབས་བྱ་དགོས། བདག་གི་བསམ་འཆར་གྱི་སྙིང་པོ་ནི་ང་ཚོས་ངེས་པར་དུ་བྱིས་པར་ལག་ཤེས་བཟོ་ལས་སློབ་དགོས་པ་དང་། དེ་ཡང་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུ་ཙམ་གྱི་ཆེད་དུ་མིན་པར། སློབ་ཕྲུག་ཚོའི་ཤེས་རིག་འཕེལ་རྒྱས་གཏོང་བའི་ཆེད་དུ་བསླབ་སྐུལ་ཞུ་བ་ཡིན། གལ་ཏེ་སྲིད་གཞུང་ནས་འགན་འཁུར་བཞེས་ཏེ། ལོ་བདུན་ནས་བཅུ་བཞི་བར་གྱི་བྱིས་པ་རྣམས་ལ་ལག་ཤེས་བཟོ་ལས་ཀྱི་སྦྱོང་བརྡར་སྤྲོད་ཞོར་རིག་གནས་སློབ་འཁྲིད་བྱས་ཚེ། ཁོང་ཚོ་རང་སྐྱ་འཕེར་བའི་སློབ་ཕྲུག་ཅིག་ཏུ་འགྱུར་མ་ཐུབ་ན། ད་གཟོད་ཁྱེད་ཚོས་དམངས་ཀྱི་སློབ་གྲྭ་དེ་དག་བེད་མེད་ཟོག་པོ་དང་དགེ་རྒན་རྣམས་གླེན་ལྐུགས་སུ་བརྩིས་ནའང་ཆོག
    དེ་ལྟར་བསམ་གཞིགས་བྱེད་སྐབས་ཤེས་ཡོན་སློབ་པའི་དགོས་པ་ཐོག་མ་ནི་སློབ་མའི་གཤིས་རྒྱུད་ཀྱི་སྒྲོམ་གཞི་ཇེ་བརྟན་དུ་བཏང་སྟེ། ཁོང་ཚོའི་དགེ་རྒན་ཚོ་ལྟར་འཇིགས་པ་མེད་པའི་སྙིང་སྟོབས་སྐྱེ་རུ་འཇུག་དགོས་པ་དེ་ཡིན།  དེར་བརྟེན་སློབ་ཆུང་སློབ་མར་ཡང་མཐོ་རིམ་སློབ་མ་ཚོ་ལྟར་རོལ་དབྱངས་དང་། རི་མོ། ལུས་སྦྱོང་། ལག་ཤེས་བཟོ་ལས་སོགས་སློབ་པ་དང་། ཨིན་ཡིག་ཉུང་ཙམ་བསླབ་དགོས་པར་ནན་བཤད་བྱེད་པ་ཡིན། 
    རྒྱ་གར་ནང་“རིན་མེད་དང་རྒྱས་བཅད་ཤེས་ཡོན་སྤྲོད་དགོས་”པའི་ལྟ་ཚུལ་ལ་བདག་གིས་མོས་མཐུན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་ཤེས་ཡོན་དེ་འདྲ་ཞིག་སྤྲོད་སྐབས་ངེས་པར་དུ་དགོས་མཁོ་ཡོད་པའི་ལག་ཤེས་བཟོ་ལས་ཀྱི་སྦྱོང་བརྡར་སྤྲད་ནས། ལག་ཤེས་བཟོ་ལས་དེ་སློབ་མའི་ལུས་སེམས་དང། རྣམ་ཤེས་ཀྱི་ཡན་ལག་མཐའ་དག་ལ་གསོན་ཤུགས་སྤྲོད་པའི་ཐབས་ལམ་ཞིག་ཡིན་པར་ངེས་ཤེས་རྙེད་པ་བྱ་རྒྱུ་འདི་ངེས་པར་དུ་སེམས་ལ་འཛིན་དགོས། དེ་ལྟར་“ཚོང་ལས་ཀྱི་འཆར་རྩིས་ལྡན་པའི་སློབ་གསོ་སྤྲོད་སྟངས་འདི་ལྟ་བུ་ནི་བློ་ཆུང་དང་། དུས་དང་མི་འཚམས་པ་ཞིག་མིན་”པར་གྲོས་འདེབས་པ་ཡིན་ལ། ཚོང་ལས་ཀྱི་འཆར་རྩིས་ལ་བློ་ཆུང་གི་འདོད་ཚུལ་འཛིན་སྟངས་མེད་ཅེས་གསལ་འདེབས་ཞུ་རྒྱུ་ཡིན།
    ང་ཚོས་ངེས་པར་དུ་གྲོང་གསེབ་པར་དགོས་མཁོ་ཡོད་པའི་ཤེས་ཡོན་ཞིག་སྤྲོད་དགོས་ན། གཙུག་ལག་སློབ་གྲྭ་དག་གྲོང་གསེབ་ཁུལ་དུ་གཉེར་ཐུབ་པ་དགོས།  ང་ཚོས་གཙུག་ལག་སློབ་གྲྭ་དེ་དག་ལག་ཤེས་སྦྱོང་བརྡར་སློབ་གྲྭར་བསྒྱུར་ནས། གྲོང་གསེབ་པ་ཚོའི་དགོས་མཁོ་དང་བསྟུན་ཏེ་དགེ་རྒན་འོས་སྦྱོང་སྤྲད་ཆོག གྲོང་གསེབ་ཀྱི་དགོས་མཁོར་འཚམས་པའི་དགེ་རྒན་ཞིག་གྲོང་ཁྱེར་ནང་སྦྱོང་བརྡར་སྤྲད་ན་འཚམ་པོ་གཏན་ནས་ཡོང་ཐབས་མེད་ལ། དགེ་རྒན་དེ་གྲོང་གསེབ་ཀྱི་འཚོ་བར་མི་གོམས་པའི་དཀའ་ངལ་ཡང་འཕྲད་ངེས། གྲོང་ཁྱེར་གྱི་འཚོ་བར་གོམས་འདྲིས་ཐེབས་པའི་མི་ཞིག་གྲོང་གསེབ་དུ་སྡོད་བཅུག་པ་དང། གྲོང་གསེབ་ཀྱི་འཚོ་བར་གོམས་པར་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན། གནད་དོན་འདིའི་ཐོག་བདག་གིས་ཉིན་ལྟར་སི་གྷོན་(མ་དྷེ་ཡ་མངའ་སྡེའི་ས་ཁུལ་ཞིག)ནས་བསམ་གཞིགས་དང་ཚོད་ལྟ་བྱེད་ཀྱི་ཡོད། ང་ཚོས་ལོ་འཁོར་མོའི་རིང་སི་གྷོན་དུ་བསྡད་རུང་སི་གྷོན་གྱི་གྲོང་མི་ལྟ་བུར་འགྱུར་རྒྱུ་ལྟ་ཅི། ཁོང་ཚོའི་འཚོ་བ་སྐྱེལ་སྟངས་ལའང་གོམས་འདྲིས་ཆགས་དཀའ་བ་ཞིག་བྱུང་།
    དེར་བརྟེན་བདག་གིས་ཚོད་ལྟ་བྱས་པའི་གྲུབ་དོན་ཐོག་མར། དམའ་རིམ་སློབ་གྲྭའི་སྐབས་སུ་བྱིས་པར་དབྱངས་གསལ་སོགས་འབྲི་ཀློག་སློབ་ཚན་བཀོད་སྒྲིག་དང་། སྦྱོང་བརྡར་སྤྲོད་འགོ་བཙུགས་པ་དེས་བྱིས་པའི་བློ་རིག་རྒྱས་པར་འགོག་རྐྱེན་བཟོ་བའི་ར་སྤྲོད་བྱུང་། ཇི་སྲིད་དུ་བྱིས་པ་ཚོར་སྔོན་འགྲོའི་ཤེས་ཚད་དང་མཉམ་པའི་ལོ་རྒྱུས་དང་། ས་ཁམས། དགུ་ཟླ། སྣལ་མ་འཁེལ་སྟངས་ཀྱི་ལག་ཤེས་སོགས་ལ་གོ་རྟོགས་ཕྲན་བུ་ཞིག་མ་སླེབས་བར། དེ་སྲིད་དུ་བདག་གིས་ཁོང་ཚོར་དབྱངས་གསལ་སོགས་འབྲི་ཀློག་སློབ་ཚན་འགོ་འཛུགས་མི་བྱེད། དེས་ན་ཇི་ལྟར་བྱས་ནས་ཁོང་ཚོའི་བློ་རིག་ཡར་རྒྱས་གཏོང་བར་བྱེད་དམ་ཞེ་ན། དང་ཐོག་བདག་གིས་སྣལ་མ་འཁེལ་བྱེད་ཀྱི་འཕང་གི་བྱ་ལས་བརྒྱུད་ནས་བྱིས་པ་ཚོའི་བློ་རིག་རྒྱས་ཐབས་སྐོར་ལ་དྲི་བ་འདོན་ངེས་ཡིན། གལ་ཏེ་འཕང་གི་བྱ་ལས་སོགས་ངོ་སྤྲོད་བཅོས་མིན་ཞིག་བྱེད་ཐུབ་ན་དེས་གྲུབ་འབྲས་ངོ་མཚར་ཅན་ཞིག་འདོན་ཐུབ། བྱིས་པ་ཚོར་འཕང་བཟོ་སྟངས་དང་དེའི་བྱ་ལས་ངོ་སྤྲོད་བྱེད་པ། སྲིང་བལ་གྱི་ལོ་རྒྱུས་འགྲེལ་བརྗོད་བྱེད་པ། བྱིས་པ་རྣམས་དངོས་སུ་ཞིང་ནང་དུ་འཁྲིད་ནས་སྲིང་བལ་སྐྱེ་སྟངས་ལ་བལྟ་རུ་འཇུག་པ། སྣལ་སྐུད་འཁེལ་འཇུག་པ། རང་གིས་འཁེལ་བའི་སྣལ་སྐུད་དག་གྲུ་གུར་བསྒྲིལ་བ་དང་། སྐུད་པ་ཇི་ཙམ་ཡོད་མེད་བརྩིི་རུ་འཇུག་པ་སོགས་བྱས་ནས་སྣལ་སྐུད་འཁེལ་སྟངས་ལ་དོ་སྣང་སླེབས་རྗེས། ད་གཟོད་ཁོའི་ལག་པ་དང་། མིག བསམ་བློ་སོགས་ལ་སྦྱོང་བརྡར་སྤྲོད་དགོས། ཉུང་མཐར་ཟླ་བ་དྲུག་རིང་སྦྱོང་བརྡར་འདི་འདྲ་ཞིག་སྤྲད་རྗེས། གཞི་ནས་ཁོང་ཚོར་དབྱངས་གསལ་སོགས་འབྲི་ཀློག་གི་སློབ་སྦྱོང་འགོ་འཛུགས་བྱ་སེམས་ཡོད། དབྱངས་གསལ་ངོ་འཕྲོད་བྱུང་སྐབས་ད་གཟོད་ཁོང་ཚོར་རི་མོ་འབྲི་འདོད་སྐྱེ་བས། ཁོང་ཚོས་དབྱིབས་རྩིས་ཀྱི་རི་མོ་དང་བྱ་བྱིའུ་སོགས་འབྲི་བ་ལས། ཨུ་ཚུགས་ཀྱིས་གསལ་བྱེད་ཀྱི་ཡིག་གཟུགས་ཀྱག་ཀྱོག་དེ་ཚོ་འབྲི་མི་སྲིད། ངས་ད་དུང་ཡང་ང་རང་ཆུང་དུས་དབྱངས་གསལ་གྱི་འབྲི་ཀློག་སྦྱངས་པའི་སྣང་བ་དེ་ཡིད་ལ་ལྷང་ངེར་འཆར་ཡོང་། དེ་ནི་ཅི་འདྲའི་ཉོབ་སྣང་ཅན་ཞིག་ཡིན་མོད། སུ་གང་གིས་ཀྱང་བདག་གི་རྣོ་ངར་ལྡན་པའི་ཤེས་རབ་ཀྱི་རལ་གྲི་དེར་བཙའ་རྒྱག་པའི་ཚོར་སྣང་སྐྱེས་མ་ཐུབ། དོན་དངོས་སུ་སྐབས་དེར་བདག་གིས་མཛེས་རིས་འབྲི་འདོད་ཆེན་པོ་ཡོད། བྱིས་པ་ཚོས་སྒྱུ་རྩལ་ལ་རོལ་མྱོང་བྱེད་པའི་ཚོར་སྣང་དེ་དབྱངས་གསལ་འབྲི་ཀློག་གིས་རྨེག་མེད་དུ་བཏང་བ་དང་། དེ་བས་ཡིད་སུན་པ་ཞིག་ལ་དབྱངས་གསལ་ནི་ཤེས་ཡོན་གྱི་སྒོ་མོ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་རི་མོའི་སྒྱུ་རྩལ་ལ་བཙན་རྒོལ་བྱས་པ་དང་། བྱིས་པའི་སྐྱེས་སྟོབས་ལ་འགོག་རྐྱེན་བཟོས་ནས་ནར་མ་སོན་པའི་བྱིས་པ་ཞིག་ལ་བཙན་ཤེད་ཀྱིས་དབྱངས་གསལ་གྱི་འབྲི་ཀློག་སློབ་ཀྱི་ཡོད།
    གྲོང་ཁྱེར་གྱི་བྱིས་པ་ཚོར་ལག་ཤེས་བཟོ་ལས་གང་ཞིག་བསླབ་ན་བཟང་ངམ་ཞེ་ན། དེར་འགྱུར་མེད་ངེས་གཏན་གྱི་སྒྲིག་གཞི་གཏན་ཁེལ་ཞིག་མེད་རུང་བདག་གིས་སྔོན་ཚུད་ནས་གནད་དོན་འདིའི་སྐོར་ལ་བསམ་གཞིགས་བྱས་ཟིན། ད་ལྟ་ངས་རྒྱ་གར་གྱི་གྲོང་གསེབ་ཁག་ལ་སླར་གསོ་ཞིག་བྱས་ན་སྙམ། དེང་སྐབས་ང་རང་ཚོའི་གྲོང་གསེབ་རྣམས་གྲོང་ཁྱེར་གྱི་ཡན་ལག་དང་ཉིང་ལག་ལྟ་བུར་གྱུར་ནས། ཉིན་རེ་བཞིན་མ་བསྡད་པར་གྲོང་ཁྱེར་གྱི་བཤུ་གཞོག་འོག་ནས་རྩ་འཐོར་དུ་སོང་བའམ། ཡང་ན་གྲོང་ཁྱེར་གྱི་གནོན་ཤུགས་འོག་འཚོ་དགོས་པས། དེ་ནི་ཆོས་ཉིད་དང་མི་མཐུན་པའི་གནད་དོན་ཞིག་རེད། གྲོང་ཁྱེར་གྱིས་གྲོང་གསེབ་ལ་བཤུ་གཞོག་གཏང་རྒྱུའི་བསམ་བློ་དེ་དོར་ནས། ཁོང་ཚོའི་སྟོབས་ཤུགས་དང་འཚོ་གནས་ནི་གྲོང་གསེབ་ལ་བརྟེན་ནས་འབྱུང་གི་ཡོད་པས།  ངེས་པར་དུ་གྲོང་གསེབ་ལ་ལེགས་སྐྱེས་གང་ཐུབ་རེ་འབུལ་དགོས་པའི་འགན་འཁུར་དེ་ངོས་ཟིན་ཏེ། ཕན་ཚུན་གཅིག་ཕན་གཅིག་གྲོགས་ངང་ཞི་མཐུན་གྱི་འཚོ་བར་རོལ་ཐུབ་པ་བྱུང་ཚེ་ད་གཟོད་ཕྱོགས་གཉིས་ཀར་ཡར་རྒྱས་ཡོང་ཐུབ། གལ་ཏེ་གྲོང་ཁྱེར་གྱི་བྱིས་པ་ཚོས་གལ་འགངས་ཆེ་བའི་སྤྱི་ཚོགས་བསྐྱར་གསོའི་ལས་དོན་བཟང་པོ་འདིའི་ནང་ཆ་ཤས་བླངས་ན། ཁོང་ཚོས་གྲོང་གསེབ་ཀྱི་དགོས་མཁོ་དང་འཚམས་པའི་ལག་ཤེས་དང་རིག་གནས་སོགས་ལ་སློབ་གཉེར་བྱ་དགོས། དུས་ད་ལྟའི་བར་སྲིང་བལ་འཐུ་བ་དང་གཙང་བཟོ་བྱེད་པ། སྣལ་མ་འཁེལ་བ་སོགས་ཀྱི་བྱ་བའི་འགོ་མཇུག་བར་གསུམ་ལ་བསམ་བློ་གཏོང་སྐབས། གོང་གི་དྲི་བར་འདི་ལས་ལྷག་པའི་ལན་ཞིག་མི་དགོས་སྙམ། དེང་གི་དུས་སུ་ཡང་གྲོང་གསེབ་ཏུ་སྲིང་བལ་བཏབ་ནས། མཐར་གཙང་བཟོ་དང་གྱོན་གོས་འཚེམ་བཟོའི་ལས་ཀ་ཁག་གྲོང་ཁྱེར་དུ་བྱེད་ཀྱི་ཡོད་པས། རྙོག་འཛིང་ཆེ་བའི་བྱ་བའི་བརྒྱུད་རིམ་འདིའི་ནང་མི་དང་། རྒྱུ་ཆ། འཕྲུལ་ཆས་ཀྱི་ནུས་པ་སོགས་བེད་མེད་ངང་འཕྲོ་བརླག་ཕོན་ཆེན་གཏོང་གི་ཡོད།
    བདག་གིས་བལ་གསེད་སྟངས་དང་སྣལ་མ་འཁེལ་སྟངས་སོགས་གྲོང་གསེབ་ཀྱི་ལག་ཤེས་བཟོ་ལས་བརྒྱུད་ནས་གཞི་རིམ་གྱི་ཤེས་ཡོན་སྤྲོད་པའི་འཆར་གཞི་འདི་ནི། སྦིར་སྒྲ་མེད་པའི་སྤྱི་ཚོགས་གསར་བརྗེ་ཞིག་གི་རུ་འདྲེན་ལྟ་བུར་སྙམ་བཞིན་ཡོད་ལ། རྙེད་དཀའ་བའི་མཇུག་འབྲས་ཤིག་ཐོབ་པར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། ཐབས་ལམ་འདི་བརྒྱུད་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐུན་འབྲེལ་བཟང་དུ་བཏང་སྟེ། དེང་གི་བདེ་འཇགས་མེད་པའི་སྤྱི་ཚོགས་ཀྱི་གནས་བབ་དང་གྲལ་རིམ་འཐབ་རྩོད་ཀྱི་དཀའ་རྙོག་མཐའ་དག་སེལ་ཐབས་བྱ་རྒྱུ་ཡིན། ཐབས་ལམ་འདིས་གྲོང་གསེབ་ཉམས་རྒུད་དུ་འགྲོ་བའི་དཀའ་ངལ་ལ་ཚོད་འཛིན་བྱེད་པ་དང་། དབུལ་ཕྱུག་འདྲ་མཉམ་མེད་པའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཏེ། སྐྱེ་བོ་ཚང་མར་གླ་ཡོད་ཀྱི་ལས་ཀ་རེག་པ་དང་རང་དབང་བེད་སྤྱོད་ཚུལ་བཞིན་གཏོང་ཐུབ་པའི་འགན་ལེན་བྱེད་པ་ཡིན། དེ་འདྲའི་བཅོས་སྒྱུར་དེ་ཡང་དམག་འཁྲུག་གི་འཇིགས་སྐྲག་དང་རྒྱུ་དངོས་ཕོན་ཆེན་གྱི་འགྲོ་སོང་སོགས་གང་ཡང་མེད་ལ། ལྷག་པར་དུ་ཕྱི་རྒྱལ་གྱི་འཕྲུལ་ཆས་དང་བཟོ་རིག་ལག་ཤེས་ནང་འདྲེན་བྱ་མི་དགོས་པར་བདེ་བླག་ངང་ལེགས་འགྲུབ་ཐུབ། གཞན་ཡང་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་པ་དགོས་མཁོ་ཆེ་བའི་དཀའ་ངལ་དེ་སེལ་ནས། མང་ཚོགས་ཀྱི་དབང་ཐང་ངོམ་ཆོག་པ་དང། སོ་སོའི་ལག་ཟུང་ལ་བརྟེན་ནས་ལས་དོན་བསྒྲུབ་སའི་གནས་ཤིག་བསྐྲུན་ཐབས་བྱ་རྒྱུ་ཡིན། འོན་ཀྱང་གཡེར་ཁ་དེ་ཞི་མིའི་སྐེ་ལ་སུས་འདོགས་སམ། ཁོ་བོས་བཏོན་པའི་གྲོས་འཆར་ལ་གྲོང་ཁྱེར་བ་རྣམས་ཀྱིས་མོས་མཐུན་བྱེད་དམ། ཡང་ན་བདག་གི་བསམ་འཆར་འདི་མི་མེད་ལུང་སྟོང་དུ་བྲག་ཅ་བསྒྲགས་པ་ལྟ་བུར་འགྱུར་རམ། འདི་དང་འདི་ལྟ་བུའི་དྲི་བའི་ལན་ནི་གྲོང་ཁྱེར་གྱི་ཤེས་ཡོན་པ་རྣམས་ཀྱིས་འདེབས་དགོས་པ་ལས་བདག་གིས་འདེབས་དགོས་པ་ཞིག་མ་རེད།
    ཤེས་ཡོན་སློབ་ཁྲིད་བྱེད་སྐབས་གྲོང་གསེབ་ཀྱི་ལག་ཤེས་བཟོ་ལས་དེ་ཉིད་ལྟེ་བར་འཛིན་པའི་དགོས་མཁོ་དང་རིན་ཐང་ཐད་བདག་ལ་ཐེ་ཚོམ་སྤུ་ཙམ་མེད། འོན་ཀྱང་རྒྱ་གར་གྱི་ཤེས་ཡོན་ལྟེ་གནས་ཁག་གིས་ལག་བསྟར་བྱེད་ཀྱིན་པའི་ཐབས་ལམ་དེ་དག་ལ་བདག་གིས་”ཤེས་ཡོན་”ཞེས་བརྗོད་འདོད་མེད། རྒྱུ་མཚན་ནི་ཁོང་ཚོས་མིའི་ནུས་པ་གོང་མཐོར་མི་གཏོང་བར་མ་རབས་ཐ་ཤལ་གྱི་མི་སྣ་ཁྱུ་གཅིག་སྐྱེད་སྲིང་བྱེད་ཀྱི་ཡོད། ཁོང་ཚོའི་ཐབས་ལམ་གྱིས་སློབ་མའི་སེམས་ལ་བརྡ་ཙམ་སྐྱེལ་ཐུབ་ཀྱི་ཡོད་མོད། འོན་ཀྱང་གྲོང་གསེབ་ཀྱི་ལག་ཤེས་བཟོ་ལས་བརྒྱུད་ནས་སློབ་གསོ་སྤྲོད་པ་དེས་ཐོག་མ་ནས་བྱིས་པའི་བསམ་བློར་སྦྱོང་བརྡར་སྤྲོད་པ་དང་། སྒྲིག་འཛུགས་ལྡན་པའི་བློ་ཞིག་སྐྱེད་སྲིང་བྱས་ཏེ། ཤེས་རིག་གི་ནུས་པར་བརྡར་ཤ་བཅད་ནས་ཞི་དུལ་བག་ཡོད་ཀྱི་བློ་ཞིག་བསྐྲུན་ཀྱི་ཡོད།
    བདག་གི་འཆར་གཞི་ལྟར་ན་ཐོག་མར་ལག་པས་ཡོ་ཆས་འཇུ་བཟུང་བྱེད་དུ་འཇུག་པ་ལས་ཐོག་མ་ཉིད་ནས་རི་མོ་དང་ཡི་གེ་སོགས་འབྲི་རུ་མི་འཇུག། དེ་བཞིན་མིག་གིས་ཡི་གེའི་འདྲ་རིས་ཀློག་ཏུ་འཇུག་པ་དང་། རྣ་བས་དངོས་པོའི་མིང་དང་། དེའི་དོན་དང་ཁྱད་ཆོས་སྟོན་པའི་ཚིག་གྲུབ་ལ་ཉན་དུ་འཇུག་དགོས། སྦྱོང་བརྡར་དེ་དག་རང་བཞིན་གྱི་ངོ་བོར་གནས་པ་དང་། སློབ་མའི་རྣམ་འགྱུར་སྐྱེན་པོ་བཟོ་བར་ཕན་ཐོགས་ཆེ་བས། སློབ་སྦྱོང་ཤེས་སླ་བ་དང་འཁྲིད་གཞིའི་རྒྱུ་ཆ་མང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དེ་ལྟའི་སློབ་མ་ཚོས་ཡི་གེ་འབྲི་བ་ལས་ཀློག་བཟང་བ་ཡོད། གལ་ཏེ་ཁོང་ཚོས་ཡི་གེ་བྲིས་ཀྱང་ཐེ་ཚོམ་མེད་པར་འབྲི་བ་ལས། ཁོ་བོ་དང་འདྲ་བར་ཡི་གེ་འབྲི་སྐབས་དག་ཆ་སོགས་ལ་བསམ་བློ་བཏང་ནས་ཐེ་ཚོམ་ངང་གནས་མི་དགོས། རྒྱུ་མཚན་ནི་ཁོང་ཚོས་ཡི་གེ་འབྲི་སྐབས་ཡི་གེའི་གཟུགས་རིས་རྣམས་ཡིད་ལ་ཁྲ་ལྷམ་མེར་འཆར་ཐུབ་པ་མ་ཟད། མིང་དེ་འདོགས་སའི་གཞི་དངོས་པོ་ཡང་མིག་མཐོང་ལག་ཟིན་བྱུང་བས་དེའི་འདྲ་རིས་དག་ཡིད་ལ་གསལ་པོར་འཆར་ངེས་ཡིན། གལ་ཏེ་བདག་གི་འཆར་སྣང་གི་སློབ་གྲྭ་དེ་འདྲ་ཞིག་ད་ལྟ་དངོས་སུ་ཡོད་གྱུར་ན། ངས་འཛེམ་ཟོན་གཏན་ནས་མེད་པར་སློབ་གྲྭ་དེས་ལས་སླ་པོའི་ངང་སྔོན་ཐོན་གྱི་སློབ་གྲྭ་ཁག་དང་འགྲན་ཕོད་ཅེས་ཞུ་ཐུབ་ལ། ཁོང་ཚོས་ཡི་གེ་མགྱོགས་པོར་ཀློག་ཐུབ་ལ་ཡི་གེ་དག་པོར་འབྲི་ཐུབ་ཅེས་ཞུ་ནུས།
    གཞི་རིམ་ཤེས་ཡོན་གྱིས་གྲོང་གསེབ་ཀྱི་བུ་ཕྲུག་དཔེ་སྟོན་གྲོང་གསེབ་པར་སྒྱུར་ཐབས་བྱ་རྒྱུ་ཡིན་ལ། སྒྲོམ་གཞི་འདི་ཐོག་མར་ཁོང་ཚོར་དམིགས་ནས་འཆར་འགོད་བྱས། དེ་འདྲའི་སྒྲོམ་གཞི་ཞིག་དགོས་པའི་ཐོག་མའི་སྐུལ་ལྕག་ཀྱང་གྲོང་གསེབ་ནས་བྱུང་བ་ཞིག་ཡིན། ཀོང་རེ་སེའི་མཛད་གཙོ་རྣམ་པས་རང་དབང་གི་རྨང་གཞི་འདིང་སྐབས་བྱིས་པའི་ཤེས་ཡོན་ལ་ཐུགས་འཁུར་བཞེས་རྒྱུ་གལ་ཆེན་པོ་ཡིན་ཡང་། ཁོང་ཚོས་སྣང་མེད་དང་ཡང་ན་ཧ་མི་གོ་བའི་ཚུལ་དུ་བསྡད་རྐྱེན། རང་རེའི་ཕྲུ་གུའི་ཤེས་ཡོན་ལ་ཕྱི་རྒྱལ་གྱི་བཙན་གནོན་སླེབས་ཡོད། ད་ལྟའི་ཤེས་ཡོན་གྱི་སྒྲོམ་གཞི་དེ་རྒྱ་གར་གྱི་གྲོང་གསེབ་ཀྱི་དགོས་མཁོར་དམིགས་ནས་བཟོས་མེད་ལ། གྲོང་ཁྱེར་ལའང་ཕན་ཐོགས་གཏན་ནས་མེད་པ་ཞིག་ཆགས་ཡོད།  དེར་བརྟེན་གཞི་རིམ་ཤེས་ཡོོན་སྲིད་ཇུས་གསར་པ་འདི་བཟོས་ནས་གྲོང་གསེབ་དང་གྲོང་ཁྱེར་ཁྱད་མེད་ངང་བུ་ཕྲུག་ཀུན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་དང་། སྲིད་ཇུས་འདི་རྒྱ་གར་གྱི་དགོས་མཁོར་འཚམས་ལ་ཡུན་གནས་ཐུབ་པར་དགེ་མཚན་ཆེན་པོ་ལྡན་ཡོད། དེས་བྱིས་པ་ཚོའི་ལུས་དང་སེམས་གཉིས་ཀའི་འཚར་ལོངས་ལ་ཕན་ཐོགས་པ་མ་ཟད། སློབ་གྲྭའི་ནང་སོ་སོའི་མི་ཚེའི་བྱ་བཞག་གི་འགོ་འཛུགས་དུས་ནས་རང་ཉིད་ཀྱི་ནུས་པ་ར་འཕྲོད་བྱུང་ནས། མཛེས་སྡུག་ལྡན་པའི་ཕུགས་བསམ་གྱི་རྩ་བ་བརྟན་པོར་འཛུགས་ཐུབ།
    “དཔེ་དེབ་ཁོ་ན་ཀློག་ནས་རིག་སྟོབས་རྒྱས་ཐབས་བྱེད་པའི་”ལྟ་ཚུལ་ནོར་བ་འདི་རྒྱབ་ཏུ་བསྐྱུར་ནས། “སེམས་ཀྱི་ཡར་རྒྱས་མགྱོགས་ཤོས་ནི་ཚན་རིག་དང་མཐུན་པའི་བཟོའི་ལས་རིགས་ལས་བྱུང་”བའི་འདོད་ཚུལ་འཛིན་དགོས། ང་ཚོས་བྱ་བ་མི་འདྲ་རེ་སྒྲུབ་སྐབས་ལག་པའི་འགུལ་སྟངས་ཁྱད་པར་བ་རེ་སྤྱོད་པ་དང་།  དེ་དང་འཚམས་པའི་ལག་ཆ་སྣ་ཚོགས་བེད་སྤྱད་ནས་བྱེད་ལས་ཀྱི་རྣམ་འགྱུར་མི་འདྲ་བ་རེ་སྟོན་པས། བྱ་བའི་བརྒྱུད་རིམ་རེ་རེས་ཀྱང་སེམས་ཀྱི་ཡར་རྒྱས་ལ་གཞོགས་འདེགས་ཚད་མེད་བྱེད་ཐུབ། གཞན་ཡང་ལག་ཤེས་བཟོ་ལས་ཤེས་པའི་སློབ་ཕྲུག་དེ་དག་བཟོ་པ་དཀྱུས་མ་ཞིག་གི་འདུ་ཤེས་སུ་བཟུང་ན། ལས་མེད་ཀྱི་དཀའ་ངལ་ཡང་ལས་སླ་པོར་སེལ་ཐུབ།
    དུས་ད་ལྟ་བར་ང་ཚོས་བྱིས་པའི་བསམ་བློའི་ནང་བརྡ་འཕྲིན་གྱི་རྫོང་བརྒྱབ་པ་ལས། སེམས་ལ་ཚོར་སྣང་སྤྲོད་པ་དང་། ཇི་ལྟར་བྱས་ནས་བསམ་བློ་ཡར་རྒྱས་གཏོང་རྒྱུར་དོ་སྣང་ཙམ་ཡང་སྤྲད་མེད། ད་ནི་ང་ཚོས་སློབ་གསོའི་རྣམ་པ་གསར་པ་ཞིག་གི་འགོ་བརྩམས་ནས་བྱིས་པ་ཚོར་ལག་ཤེས་བཟོ་ལས་བརྒྱུད་ནས་ཤེས་ཡོན་སྤྲོད་པ་དང་། དེ་ཡང་ཟུར་སྦྱོང་བྱེད་སྒོ་ཙམ་མིན་པར་ཤེས་རིག་གོང་མཐོར་གཏོང་བའི་ཐབས་ལམ་བཟང་ཤོས་སུ་ངོས་བཟུང་ནས་སྦྱོང་བརྡར་སྤྲོད་དགོས། ཁྱེད་ཀྱིས་ལས་རིགས་གཅིག་གམ་དུ་མའི་ཐོག་སྦྱོང་བརྡར་སྤྲོད་པ་དང་། ལས་རིགས་བྱེ་བྲག་པ་དེར་སྦྱོང་བརྡར་སྤྲོད་སྐབས། བྱིས་པའི་སེམས་དང་། ལུས་པོ། ཡིག་གཟུགས་འབྲི་ཐབས། སྒྱུ་རྩལ་གྱི་ཚོར་ཤེས་སོགས་ལའང་ཞོར་ནས་སྦྱོང་བརྡར་སྤྲོད་དགོས། དེ་འདྲའི་སྦྱོང་བརྡར་ཞིག་སྤྲད་ཚེ་ཁོའི་ལག་ཤེས་དེ་བྱང་ཆུབ་པར་འགྱུར་ངེས།
    འབྲི་ཀློག་གི་སྦྱོང་བརྡར་རྐྱང་པས་མིའི་ཀུན་སྤྱོད་མཐོར་འདེགས་བྱེད་པར་ཤུགས་རྐྱེན་ཏིལ་འབྲུ་ཙམ་ཡང་ཐོན་མི་ཐུབ། རྒྱུ་མཚན་ནི་མིའི་གཤིས་རྒྱུད་ནི་འབྲི་ཀློག་གི་སློབ་སྦྱོང་དང་རྣམ་པ་ཡོངས་སུ་ཐ་དད་དུ་གནས་པས་སོ། །
    སློབ་ཕྲུག་ཚོས་ངེས་པར་དུ་སེམས་ལ་འཛིན་དགོས་པར་སྙིང་སྟོབས་མེད་པར་སློབ་གཉེར་བྱེད་པ་ནི་ཞག་སྒྲོན་གྱིས་འདྲ་སྐུ་བཞེངས་པ་དང་འདྲ་སྟེ། མཐོང་སྣང་ལ་མཛེས་སྡུག་ལྡན་པ་ཞིག་ཏུ་སྣང་མོད་ཚ་དྲོད་ཆུང་ངུ་ཞིག་འཕྲད་ཚེ་དེ་ཉིད་ཞུར་འགྲོ་བ་ལྟ་བུ་རེད།
    གཞི་རིམ་སློབ་ཚན་ནང་ངེས་པར་དུ་རོལ་དབྱངས་ཀྱི་སློབ་ཚན་འགོད་པར་ངས་སེམས་གཏིང་ནས་མོས་མཐུན་བྱེད་ཀྱིན་ཡོད། ངག་གི་འགྱུར་ཁུག་ལ་སྦྱོང་བརྡར་སྤྲོད་པ་ནི་ལག་པར་སྦྱོང་བརྡར་སྤྲོད་པ་བཞིན་གལ་འགངས་ཤིན་ཏུ་ཆེ། སློབ་ཕྲུག་ཚོས་སློབ་སྦྱོང་ལ་སྤྲོ་སྣང་མང་ཙམ་བསྐྱེད་ཕྱིར། ལུས་རྩལ་དང་། ལག་ཤེས། རི་མོ། རོལ་དབྱངས་སོགས་ལ་གོ་ཐོབ་གཅིག་མཚུངས་སུ་སྤྲོད་དགོས།
    ཕ་མ་རྣམ་དཔྱོད་ཅན་ཞིག་ཡིན་ན་ཕྲུ་གུར་ནོར་འཁྲུལ་ཤོར་དུ་འཇུག་གི་ཡོད། མཛུབ་མོ་ལན་གཅིག་མེར་གཏུགས་ནས་བསྲེགས་པའི་ཚོར་ཤེས་སྐྱེ་རུ་བཅུག་པ་ནི་ཐབས་ཤེས་བཟང་པོ་ཞིག་རེད།
    བདག་གིས་གཞི་རིམ་སློབ་གྲྭ་གལ་ཆེན་འཛིན་པ་བཞིན་མཐོ་རིམ་སློབ་གྲྭར་སློབ་འཇུག་བྱེད་དུས་ཀྱང་ཨིན་ཡིག་ཉུང་ཙམ་སྤྱོད་པར་ཤུགས་སྣོན་རྒྱག་གི་ཡོད། གལ་ཏེ་སློབ་གྲྭ་ཆེན་མོ་བ་ཚོ་གློ་བུར་དུ་ཅི་ཡང་མི་ཤེས་མཁན་གྱི་གླེན་ལྐུགས་སུ་གྱུར་སོང་ནའང་། སློབ་ཕྲུག་འབུམ་ཕྲག་འགའ་ཤས་ཀྱི་དྲན་ཤེས་ཉམས་པའི་གྱོང་གུད་ཙམ་ལས་མེད། འོན་ཀྱང་མི་མང་ས་ཡ་སུམ་བརྒྱ་ལྷག་ལས་གྲུབ་པའི་རྒྱལ་ཁབ་འདི་མུན་པའི་མཚོ་གཏིང་དུ་ཐིམ་ས་ནས་སྐྱོབ་མ་ཐུབ་ཚེ། གྱོང་གུད་ཆེན་པོ་དེ་འདྲ་ཞིག་ཁ་གསབ་ཇི་ལྟར་བྱེད་ཐུབ།
    འདི་འདྲའི་ཤེས་ཡོན་ཞིག་སྤྲད་ཐུབ་ཚེ་མ་མཐར་ཡང་རང་ཁ་རང་གསོ་བྱེད་ཐུབ། འོན་ཀྱང་གཞི་རིམ་ཤེས་ཡོན་གྱི་གྲུབ་འབྲས་དེ་རང་ཁ་རང་གསོ་བྱེད་ཐུབ་ཙམ་གྱི་ཚད་ལ་མི་འཇོག་པར། ཚན་རིག་དང་མཐུན་པའི་ལག་ཤེས་སྦྱོང་བརྡར་སྤྲད་ནས་སྐྱེ་བོ་ཚང་མའི་འཇོན་ཐང་དང་རྣམ་དཔྱོད་མཐའ་དག་སྤྱོད་མཁོ་ཡོད་པ་ཞིག་བཟོ་རྒྱུ་ཡིན། དེར་བརྟེན་ཅི་སྟེ་དགེ་རྒན་ཞིག་གིས་”གནས་སྟངས་གང་འདྲ་ཞིག་གི་འོག་ཏུའང་སློབ་ཕྲུག་རྣམས་རང་ཁ་རང་གསོ་ཐུབ་པ་བཟོ་རྒྱུ་ཡིན་”ཞེས་ཁས་ལེན་བྱེད་མཁན་ཚོར་བདག་གིས་ངོས་ལེན་མི་བྱེད། རྒྱུ་མཚན་ནི་གལ་ཏེ་སློབ་ཕྲུག་ཅིག་གིས་རང་གི་རྣམ་དཔྱོད་ཡོད་ཚད་ངོམ་ཐུབ་པའི་ཚད་ཅིག་ཏུ་སླེབས་ཚེ། རང་ཁ་རང་གསོ་ཐུབ་རྒྱུ་ནི་རྗེས་དཔག་ཚད་མས་རྟོགས་ཐུབ་པ་ཞིག་རེད། གལ་ཏེ་སློབ་མ་ཞིག་གིས་བཟོ་ལས་ཁང་ཞིག་ཏུ་ཉིན་ལྟར་ཆུ་ཚོད་གསུམ་རིང་ལས་ཀ་བྱས་ན་ཁོས་གླ་ཕོགས་གང་འཚམ་ཞིག་གསོག་ཐུབ། དེ་ལས་ལྷག་པར་ཁོས་རང་གི་སེམས་དང་རྣམ་ཤེས་ལ་སྦྱོང་བརྡར་བྱས་ནས་ཡར་རྒྱས་ཇི་ཙམ་འགྲོ་ངེས་རེད་ཨང་།
    ཨིན་ཡིག་ནི་དེང་སྐབས་རྒྱལ་སྤྱིའི་སྐད་ཡིག་ཅིག་ཏུ་ངོས་འཛིན་གྱི་ཡོད་མོད། གཞི་རིམ་སློབ་གྲྭའི་ནང་ཨིན་ཡིག་གཏན་ནས་སློབ་ངེས་མིན། མཐོ་རིམ་སློབ་གྲྭའི་ནང་ཨིན་ཡིག་དེ་སྐད་ཡིག་གཉིས་པའམ་གསུམ་པ་གང་རུང་དུ་འཇོག་སྲིད་ཀྱང་། དེ་ནི་སློབ་ཕྲུག་རེ་ཟུང་གིས་འདེམས་ཀ་བྱེད་སྲིད་པ་ལས་མི་མང་ས་ཡ་མང་པོས་ཨིན་ཡིག་སྦྱོང་དགོས་དོན་མེད། ཨིན་ཡིག་མ་ཤེས་ན་ང་ཚོས་གང་ཡང་བྱེད་མི་ཐུབ་སྙམ་པ་ནི། ང་ཚོར་བྲན་གཡོག་གི་བག་ཆགས་མཐུག་དྲགས་པའི་རྐྱེན་གྱིས་རེད། ཕམ་ཉེས་རིང་ལུགས་པའི་ལྟ་གྲུབ་དེ་འདྲར་བདག་གིས་ངོས་ལེན་གཏན་ནས་མི་བྱེད།
    ངས་ཨིན་ཡིག་དང་ཨིན་ཇིའི་རྩོམ་རིག་ལ་དམའ་འབེབས་གཏོང་དགོས་དོན་གང་ཡང་མེད། ཁོ་བོས་ཨིན་ཡིག་ལ་དགའ་ཞེན་ཇི་ཙམ་བྱེད་མིན་དེ་བདག་གིས་བྲིས་པའི་<<ཧ་རི་ཇཱན་>> བཀླགས་ན་ཤེས་ཐུབ། འོན་ཀྱང་ཨིན་ཇིའི་རྩོམ་རིག་གི་ཁྱད་ཆོས་དང་མཛེས་ཉམས་བཟང་པོ་དེ་དག་ཨིན་ཡུལ་གྱི་ཁོར་ཡུག་དང་གནམ་གཤིས་ལ་འཚམས་པོ་ཡོད་པ་ལས། དེས་རྒྱ་གར་རྒྱལ་ཁབ་ཀྱི་བྲོ་བར་རོལ་མྱོང་གཏན་ནས་བྱེད་མི་ཐུབ། རྒྱ་གར་ལ་རྒྱ་གར་གྱི་ཁོར་ཡུག་དང། རྒྱ་གར་གྱི་མཛེས་ཆོས། རྒྱ་གར་གྱི་རྩོམ་རིག་དར་དགོས་ཤིང་། དེ་དག་ཨིན་ཡིག་གི་ཁྱད་ཆོས་དང་གཏན་ནས་མི་འདྲ་བའང་ཡོང་ཆོག ང་ཚོས་ང་ཚོའི་བུ་ཕྲུག་ཚོར་རང་ཉིད་ཀྱི་གཅེས་ནོར་ཞིག་བསྐྲུན་དགོས་པ་ལས། རྟག་ཏུ་གཞན་ལ་བརྟེན་ན་ང་ཚོ་རང་ཉིད་ཀྱི་གཅེས་ནོར་ཉམས་ཉེས་སུ་གཏོང་གི་ཡོད། ཕྱི་རྒྱལ་གྱི་འཚོ་ཐབས་ལ་བརྟེན་ནས་ང་ཚོ་ནམ་ཡང་འཚར་ལོངས་བྱེད་ཐུབ་ངེས་མིན། བདག་གི་རེ་བར་ང་ཚོའི་རྒྱལ་ཁབ་ལ་ཤེས་རིག་གི་བང་མཛོད་ཡོད་པ་དང་། མི་རིགས་གཞན་གྱི་སྐད་ཡིག་ཐོག་ཡོད་པའི་ཤེས་རིག་མཐའ་དག་ང་ཚོ་རང་ཉིད་ཀྱི་ཕ་སྐད་ཐོག་ནང་འདྲེན་བྱེད་ཐུབ་ན་སྙམ། ཐེ་གོར་གྱི་སྙན་གྲགས་ཆེ་བའི་བརྩམས་ཆོས་དེ་དག་ཀློག་པར་ངས་ངེས་པར་དུ་བྷེང་གྷོལ་(བངྒལ)གྱི་སྐད་ཡིག་ཤེས་དགོས་དོན་མེད། ཁོང་གི་བརྩམས་ཆོས་དེ་དག་ཧིན་དྷིའི་སྐད་ཡིག་ཐོག་ཕབ་སྒྱུར་བྱས་ཡོད་པས་བདག་གིས་དོན་འཁྲུལ་བ་མེད་པར་ལྟ་ཀློག་བྱེད་ཐུབ། དེ་བཞིན་གུཇ་ར་ཏིའི་བྱིས་པ་ཚོས་སྐུ་ཞབས་ཊོལ་སི་ཊོ་ཡི་བརྩམས་སྒྲུང་ཀློག་ཆེད་ངེས་པར་དུ་ཨུ་རུ་སུའི་སྐད་ཡིག་སྦྱོང་དགོས་དོན་མེད་པར། ཁོང་གི་བརྩམས་ཆོས་ཡིག་སྒྱུར་བྱས་པ་དག་བཀླག་ན་ཆོག། “འཛམ་གླིང་ནང་སྙན་གྲགས་ཆེ་བའི་བརྩམས་ཆོས་ཅི་འདྲ་ཞིག་ཡོད་རུང་། དཔེ་དེབ་དེ་ཉིད་པར་སྐྲུན་ཟིན་ནས་བདུན་ཕྲག་གཅིག་མ་འགོར་གོང་ཨིན་སྐད་ཐོག་ཕབ་སྒྱུར་བྱས་ནས་ལས་སླ་པོར་ཀློག་ཐུབ་ཀྱི་ཡོད་”ཅེས་ཨིན་ཇི་བ་རྣམས་ཀྱིས་ངོམ་ངོམ་བྱེད་པས། ཤེག་སེ་ཕཻར་དང་མིལ་ཊོན་གྱི་བརྩམས་ཆོས་ཀློག་པར་ངས་ཅིའི་ཕྱིར་ཨིན་ཡིག་སྦྱོང་དགོས་སམ།
    བདག་གི་བསམ་ཚུལ་ལ་ཆོས་ལུགས་ཀྱི་སློབ་སྦྱོང་སྤྲོད་པར་སྲིད་གཞུང་གིས་འགན་འཁུར་དེ་ཙམ་བླངས་ཐུབ་ངེས་མིན་པས། ཆོས་ལུགས་ཀྱི་སློབ་སྦྱོང་ནི་ཆོས་སྡེ་ཁག་སོ་སོས་འགན་འཁུར་བྱས་ན་བཟང་། ང་ཚོས་ཆོས་ལུགས་དང་བླང་དོར་རིག་པ་གཉིས་མཉམ་བསྲེས་བྱ་མི་རུང་། བཟང་སྤྱོད་དང་འབྲེལ་བའི་བླང་དོར་གྱི་རྣམ་བཞག་ནི་ཆོས་ལུགས་ཚང་མའི་ཐུན་མོང་གི་ལྟ་ཚུལ་ཞིག་ཡིན་ལ། བླང་དོར་གྱི་གཞི་རྩ་རྣམས་སྲིད་གཞུང་གིས་ངེས་པར་དུ་བསླབ་དགོས་པ་ཞིག་ཡིན། འོན་ཀྱང་ཆོས་ལུགས་ཞེས་བཤད་སྐབས་ཆོས་བརྒྱུད་སོ་སོའི་མཚན་གནས་དང་འབྲེལ་བའི་ལྟ་གྲུབ་ཅིག་བསམ་བློར་འཁོར་བ་ལས། བླང་དོར་གྱི་གཞི་རྩར་མནོ་བསམ་གཏོང་མཁན་ཧ་ལམ་མེད། འདས་པའི་ལོ་རྒྱུས་ནང་སྲིད་གཞུང་གིས་ཐུགས་འཁུར་བཞེས་པའི་ཆོས་ལུགས་དང་དགོན་སྡེ་ཁག་གིས་ང་ཚོར་དཀའ་ངལ་ཧ་ཅང་མང་པོ་སྤྲད་མྱོང་། སྤྱི་ཚོགས་ཤིག་གམ་ཡང་ན་ཚོགས་སྡེ་ཞིག་གིས་སྲིད་གཞུང་གི་རོགས་སྐྱོར་ལ་ཆ་ཤས་ཙམ་མམ། ཡང་ན་ཕྱོགས་ཡོངས་ནས་རྒྱབ་རྟེན་བཅོལ་ནས་ཆོས་བརྒྱུད་ག་གེ་མོ་ཞིག་གནས་ཐབས་བྱེད་པ་ནི་འོས་བབ་མེད་པ་ཞིག་ཡིན་ལ། དེ་འདྲའི་མིང་ཙམ་གྱི་ཆོས་ལུགས་དེ་འདྲ་གཏན་ནས་མེད་ན་བཟང་།
    “སྲིད་གཞུང་གིས་ཆོག་མཆན་གནང་བ་ལྟར་སློབ་གྲྭའི་བསླབ་གཞི་ཁག་གི་ནང་ཆོས་ལུགས་ཀྱི་སློབ་ཚན་འཇོག་དགོས་སམ།  ཆོས་ལུགས་ཀྱི་སློབ་ཚན་དེ་དག་འཁྲིད་ཆེད་ཆོས་བརྒྱུད་མི་འདྲ་བའི་བྱིས་པ་རྣམས་སློབ་གྲྭ་མི་འདྲ་བར་གཏོང་རྒྱུར་མོས་མཐུན་ཡོད་དམ། ཡང་ན་ཆོས་ལུགས་དང་འབྲེལ་བའི་ལས་དོན་རྣམས་ཆོས་སྡེ་ཁག་གིས་བསྒྲུབ་ཏུ་འཇུག་གམ། དེ་ལྟར་སྙམ་ན་སྲིད་གཞུང་གིས་ཆོས་བརྒྱུད་ཁག་ལ་རོགས་དངུལ་སྤྲོད་པ་དེ་འོས་འཚམ་ཞིག་རེད་དམ”
    གལ་ཏེ་སྤྱི་ཚོགས་ཡོངས་ལ་ཆོས་ལུགས་གཅིག་ལས་མེད་ནའང་’སྲིད་གཞུང་གི་ཆོས་ལུགས་’ལ་ངོས་ལེན་གཏན་ནས་མེད། སྲིད་གཞུང་གིས་ཆོས་ལུགས་ལ་ཐེ་ཇུས་བྱེད་པ་ནི་འོས་འཚམ་མིན་ལ། ཆོས་ལུགས་ནི་སྐྱེ་བོ་སྒེར་གྱི་གནད་དོན་འབའ་ཞིག་རེད། མིའི་བསམ་བློ་མི་འདྲ་བའི་དབང་གིས་ཆོས་ལུགས་ལ་འདུ་ཤེས་འཛིན་སྟངས་དང་། དཀོན་མཆོག་ལ་དད་སེམས་འཛིན་སྟངས་ཀྱང་གྲངས་ལས་འདས་པ་ཡོད།
    སྲིད་གཞུང་གིས་ཆོས་སྡེ་ཁག་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་པའམ། རོགས་དངུལ་ཆ་ཤས་ཙམ་ཞིག་སྤྲད་པར་ཡང་བདག་ལ་མོས་མཐུན་ཡེ་ནས་མེད། བདག་གིས་བསམ་ཚོད་བྱས་ན་ཆོས་བརྒྱུད་དམ་ཚོགས་སྡེ་ཞིག་གིས་རང་གི་གྲུབ་མཐའ་འཆད་སྤེལ་བྱེད་པའི་དཔལ་འབྱོར་འདུ་འགོད་ཙམ་ཡང་བྱེད་མ་ཐུབ་ན། ཆོས་ལུགས་ཀྱི་བསླབ་བྱ་དངོས་དང་འགལ་གྱི་མེད་དམ་སྙམ། འོན་ཀྱང་དོན་གནད་འདི་ལ་བརྟེན་ནས་གཞུང་བཙུགས་སློབ་གྲྭའི་ནང་བླང་དོར་གྱི་རིག་པ་སློབ་མི་རུང་ཞེས་བརྗོད་ནའང་མི་འགྲིག  ལེགས་ཉེས་རྣམ་པར་འབྱེད་པའི་བླང་དོར་གྱི་རྣམ་བཞག་ནི་ཆོས་ལུགས་ཐུན་མོང་ལ་ཁྱབ་པ་ཞིག་རེད།
    སློབ་གྲྭའི་ནང་ཆོས་ལུགས་ཀྱི་སློབ་ཚན་གཏན་འབེབས་བྱེད་ན་རང་གི་ཆོས་ལུགས་ཁོ་ན་གཙོ་བཟུང་མི་བྱེད་པར། ཆོས་བརྒྱུད་གཞན་གྱི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་དགོས། དེ་ལྟར་བྱས་ཚེ་འཛམ་གླིང་གི་ཆོས་བརྒྱུད་དང་གྲུབ་མཐའ་གཞན་གྱི་ལེགས་ཆ་རྣམས་ཁོང་དུ་ཆུད་ནས། ཆོས་ལུགས་གཞན་ལ་གུས་བརྩི་དང་གུ་ཡངས་ཀྱི་བསམ་བློ་བསྐྱེད་ཐུབ། དེ་ལྟར་བྱས་ན་རང་རང་གི་ཆོས་ལུགས་ལའང་ངེས་ཤེས་ཟབ་ཏུ་རྙེད་ནས་ནང་སེམས་ཀྱི་འཁྱེར་སོར་ཕན་ཐོགས་འབྱུང་ངེས། འོན་ཀྱང་ངེས་པར་དུ་སེམས་ལ་འཛིན་དགོས་པ་ཞིག་ལ་ཆོས་ལུགས་གཞན་དག་གང་འདྲ་ཞིག་ལ་སློབ་གཉེར་བྱས་ཀྱང་། ཆོས་ལུགས་དེའི་བླ་མ་དང་སློབ་དཔོན་གྱིས་ལྗགས་རྩོམ་གནང་བའི་ཕྱག་དཔེ་ཁག་ལ་སློབ་གཉེར་བྱས་ན་བཟང་།
    ང་ཚོའི་བུ་ཕྲུག་རྣམས་ལ་ཤེས་ཡོན་སློབ་དགོས་དོན་ནི་ཁོང་ཚོའི་ནུས་པ་ཡོད་ཚད་ཕྱིར་འདོན་བྱ་རྒྱུ་དེ་ཡིན་པས། བྱིས་པའི་བསམ་བློར་བདེ་ཐང་མིན་པ་དང་དགོས་མེད་ཀྱི་བརྡ་འཕྲིན་གསོག་འཇོག་བྱ་མི་ཉན། ཁོང་ཚོའི་ཀླད་པར་བརྡ་འཕྲིན་གྱི་ཕུང་པོས་རབ་ཏུ་མནན་ཏེ་ཡོད་ཚད་འཕྲུལ་ཆས་ལྟ་བུར་བསྐྲུན་པ་ནི་དེ་བས་མི་འོས།
    རྒྱས་བཅད་ཤེས་ཡོན་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའམ། མ་མཐར་ཡང་སློབ་གྲྭར་འགྲོ་འདོད་ཡོད་པའི་བྱིས་པ་ཚོར་སློབ་གསོའི་གོ་སྐབས་ཆ་ཚང་ཞིག་འཐོབ་ཆེད། སློབ་གྲྭ་དང་མཐོ་སློབ་གང་ཞིག་ཡིན་རུང་རོགས་དངུལ་ཞལ་འདེབས་དང་། སྲིད་གཞུང་གི་རོགས་སྐྱོར། སློབ་ཡོན་བསྡུ་ལེན་སོགས་ལ་ཆ་ཤས་ཙམ་ཡང་མ་བརྟེན་པར། སློབ་མས་གླ་ཡོད་ཀྱི་ལས་ཀ་བྱས་ཏེ་རང་ཁ་རང་གསོ་བྱ་དགོས་པའི་བསམ་ཚུལ་རྒྱ་ཆེར་གླེང་གིན་ཡོད། དེ་འདྲའི་བསམ་ཚུལ་དོན་འཁྱོལ་ཡོང་བར་ངེས་པར་དུ་བཟོ་ལས་སྦྱོང་བརྡར་སྤྲོད་དགོས། སློབ་ཕྲུག་ཚོས་རིག་གནས་སྦྱོང་བ་དང་ལྷན་བཟོ་ལས་སྦྱོང་བརྡར་ནང་ཞུགས་དགོས་པའི་གལ་ཆེའི་རང་བཞིན་དེ་རིམ་གྱིས་ངོ་འཕྲོད་སྐབས། མི་མང་པོ་ཞིག་གི་སེམས་ལ་ཡང་རང་ཁ་རང་གསོ་ཡོང་དགོས་ན་ངེས་པར་དུ་ཤེས་ཡོན་སྦྱོང་དགོས་སྙམ་པའི་བློ་ཞིག་སྐྱེད་ནས། བཟོ་ལས་སྦྱོང་བརྡར་ནང་འཛུལ་ཞུགས་བྱེད་མཁན་སྔར་བས་མང་དུ་འགྲོ་ངེས་ཡིན། གནས་སྐབས་དེ་འདྲ་ཞིག་ཏུ་སླེབས་པར་ང་ཚོའི་བུ་ཕྲུག་ཚོས་ངལ་རྩོལ་གྱི་རིན་ཐང་རྟོགས་པ་དང་། ལུས་པོའི་ངལ་རྩོལ་ལ་མཐོང་ཆུང་གི་འདུ་ཤེས་འཛིན་པའི་ཅོལ་ཆུང་གི་བག་ཆགས་ངན་པ་དེ་གསེད་བཀྲོལ་བྱ་དགོས། འཛམ་གླིང་ནང་འབྱོར་བ་ཆེ་ཤོས་ཀྱི་རྒྱལ་ཁབ་ཨ་རི་ལྟ་བུར་མཚོན་ན། སློབ་གྲྭ་རྣམས་རང་ཁ་རང་གསོ་དགོས་པའི་དགོས་མཁོ་ཧ་ལམ་མེད། རྒྱུ་མཚན་ནི་ཁོང་ཚོའི་སློབ་ཕྲུག་ཚོས་རང་ཉིད་ཀྱི་འགྲོ་གྲོན་ཆ་ཚང་ངམ་ཆ་ཤས་ཤིག་གཏོང་དགོས་པ་ནི་གོམས་གཤིས་ལྟ་བུར་ཆགས་ཡོད།
    ཨ་རིའི་སློབ་གྲྭ་ཁག་གིས་ཀྱང་སློབ་སྦྱོང་གི་འགྲོ་གྲོན་རྣམས་སློབ་མ་རང་ཉིད་ཀྱིས་ངལ་རྩོལ་བྱས་ནས་གསོག་བསྒྲུབ་བྱེད་འཇུག་ན། རྒྱ་གར་གྱི་སློབ་གྲྭ་དང་མཐོ་སློབ་ཁག་གིས་སྲིད་ཇུས་འདི་འདྲ་ཞིག་ལག་བསྟར་བྱ་དགོས་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་མ་ཡིན་ནམ། ང་ཚོས་ཞིང་པ་དབུལ་ཕོངས་ཀྱི་བུ་ཕྲུག་ཚོར་སློབ་ཡོན་གུ་ཡངས་གནང་བ་ལས། ཁོང་ཚོའི་ནུས་པར་དཔག་པའི་ལས་ཀ་གོ་སྒྲིག་བྱས་ན་མི་ལེགས་སམ། ང་ཚོས་རྒྱ་གར་གྱི་གཞོན་སྐྱེས་ཚོའི་བསམ་བློའི་ནང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ལྟོ་གོས་དང་། སློབ་ཡོན་སོགས་འཚོལ་སྒྲུབ་བྱེད་པ་ནི་ཡོན་ཏན་མེད་པའི་མི་ཞིག་གི་བྱེད་སྟངས་ལ་ངོས་འཛིན་བྱེད་པའི་བག་ཆགས་ངན་པ་འཇོག་གི་ཡོད། དེ་འདྲའི་བག་ཆགས་ངན་པ་དེས་ལུས་སེམས་གཉིས་ཀར་ཤུགས་རྐྱེན་ངན་པ་བཟོས་ཤིང། ལྷག་པར་དུ་གཞོན་སྐྱེས་ཚོའི་ཀུན་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།  རྣམ་དཔྱོད་ལྡན་པའི་གསར་བུ་ཚོའི་སེམས་ནང་རིན་མེེད་ཀྱི་སློབ་གསོ་ནི་དུས་ནམ་ཡང་རྡོག་ཁྲེས་ལྕི་མོ་ཞིག་ཏུ་ཚོར་བ་ལས། གུ་ཡངས་ཤིག་ཏུ་ཚོར་ངེས་མིན། སྐྱེ་བོ་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་སློབ་སྦྱོང་དེ་རོགས་ཚོགས་ཤིག་ལ་བརྟེན་ནས་ཐོབ་པའི་སྐོར་ཡང་ཡང་དྲན་གསོ་བྱེད་འདོད་ཡེ་ནས་མེད། དེ་ལས་ལྡོག་པར་སྐྱེ་བོ་ག་གེ་མོ་ཞིག་གིས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་རང་གི་སློབ་ཡོན་གསོག་སྒྲུབ་བྱས་ཏེ། སྐྱེ་བོ་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་སློབ་སྦྱོང་བྱེད་ཐུབ་པ་དེ་སྤོབས་པ་སྐྱེ་འོས་པ་ཞིག་ཏུ་ཅིས་མི་སེམས།
    གཙུག་ལག་སློབ་གྲྭ་ཁག་གི་སློབ་གསོའི་དམིགས་ཡུལ་ནི་མི་མང་གི་ཆེད་དུ་སྲི་ཞུ་སྒྲུབ་མཁན་གྱི་མི་སྣ་གསོ་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་རང་དབང་ཆེད་འཚོ་བ་དང་རྒྱལ་ཁབ་ཀྱི་རང་དབང་ཆེད་འཆི་ཕོད་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པས། གཙུག་ལག་སློབ་གྲྭའི་སློབ་གསོ་ཡང་གཞི་རིམ་སློབ་གསོ་དང་ཡ་མ་བྲལ་བར་ཕན་ཚུན་འབྲེལ་ཆགས་པ་ཞིག་དགོས་རྒྱུ་གལ་ཆེ།
    བདག་གིས་མཐོ་རིམ་སློབ་གྲྭའི་སློབ་གསོར་བཅོས་བསྒྱུར་བྱས་ནས་དེ་ཉིད་རྒྱལ་ཁབ་ཀྱི་དགོས་མཁོར་འཚམ་པ་ཞིག་བཟོ་འཆར་ཡོད།  བཟོ་སྐྲུན་དང་འཕྲུལ་ལས་རིག་པའི་ལག་འཁྱེར་ལེན་འདོད་ཡོད་མཁན་རྣམས། བཟོ་གྲྭ་སྣ་ཚོགས་དང་མཉམ་འབྲེལ་བྱེད་དུ་འཇུག་པ་དང་། བཟོ་གྲྭ་ཁག་གིས་ཀྱང་རང་ལ་དགོས་མཁོ་ཡོད་པའི་བཟོ་ལས་རིག་པ་བ་གསོ་སྐྱོང་བྱ་ཆེད་ཁོང་ཚོའི་ཆེད་དུ་མ་དངུལ་གཏོང་བ་དང་། སྦྱོང་བརྡར་སྐབས་སློབ་མར་ཕོགས་དངུལ་སྤྲོད་པའི་ལམ་སྲོལ་བཏོད་དགོས། དེ་ལྟར་བྱུང་ན་ཊ་ཊ་ལྟ་བུའི་ཁེ་ལས་ཚོགས་པ་ཚོས་ཀྱང་སྲིད་གཞུང་གི་ལམ་སྟོན་འོག་འཕྲུལ་ལས་པ་གསོ་སྐྱོང་བྱེད་སའི་མཐོ་རིམ་སློབ་གྲྭ་གསར་འཛུགས་བྱ་ངེས་རེད།  རས་བཟོའི་མཐུན་ཚོགས་ནས་ཀྱང་ཁོང་ཚོར་མཁོ་བའི་བཟོ་པ་སྐྱེད་སྲིང་བྱ་ཆེད་མཐོ་རིམ་སློབ་གྲྭ་ཞིག་འཛུགས་ངེས། དེ་བཞིན་ཚོང་ལས་དང་། སྨན་ལས། སོ་ནམ་ལས་རིགས་སོགས་རིག་ཚན་སོ་སོའི་དགོས་མཁོར་དཔག་པའི་མཐོ་རིམ་སློབ་གྲྭ་གསར་འཛུགས་བྱ་ངེས། དཔེར་ན་སྒེར་གཉེར་སྒྱུ་རྩལ་སློབ་གྲྭ་ཆེན་མོ་མང་པོ་ཞིག་དེང་གི་དུས་སུ་རང་ཁ་རང་གསོ་ཐུབ་པའི་གནས་སྟངས་སུ་སླེབས་ཡོད། དེར་བརྟེན་སྲིད་གཞུང་གིས་མཐོ་རིམ་སློབ་གྲྭ་གཉེར་རྒྱུ་འདི་རིམ་པས་མཚམས་འཇོག་བྱ་དགོས། སྨན་རྩིས་མཐོ་སློབ་ཁག་ནི་ངོས་སྦྱོར་ཡོད་པའི་སྨན་ཁང་ཆེ་ཁག་གིས་ངོས་འཛིན་བྱ་དགོས་ཤིང་། མིང་གྲགས་ཡོད་པའི་འབྱོར་བདག་ཁག་གིས་ཀྱང་རང་འགུལ་ངང་སྨན་རྩིས་མཐོ་སློབ་གསར་སྐྲུན་བྱེད་པར་ཆ་ཤས་ལེན་ངེས་རེད། ལྷག་པར་དུ་ཞིང་འབྲོག་ལས་རིགས་ཀྱི་སློབ་གྲྭ་རྣམས་ངེས་པར་དུ་རང་ཁ་རང་གསོ་ཐུབ་པ་དགོས་རྒྱུ་ནི་གལ་ཆེན་ཡིན། བདག་གིས་མཐོང་ཐོས་བྱུང་བའི་ཞིང་འབྲོག་སློབ་ཆེན་གྱི་སློབ་མ་མང་པོ་ཞིག་ལ་རིག་གནས་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་ཀྱང་། ཁོང་ཚོའི་ལག་འཁྱེར་དང་གླ་ཕོགས་མཐོ་དམན་ལ་བསམ་ཚེ་ཁོང་ཚོར་ཉམས་མྱོང་ཡེ་ནས་ཐོབ་མི་འདུག་ཅེས་ཞུས་ཆོག
    རྒྱ་གར་གྱི་མངའ་སྡེ་ཁག་ནང་དེང་སྐབས་གཙུག་ལག་སློབ་གྲྭ་གསར་འཛུགས་བྱེད་རྒྱུར་འགོས་ནད་ཁྱབ་པ་ལྟར་དར་སྲོལ་ཆེན་པོ་ཆགས་ཡོད། གུཇ་རཏཱ་མངའ་སྡེའི་ནང་གུཇ་རཏྀ་གཙུག་ལག་སློབ་གྲྭ་འཛུགས་པ་དང་། མ་ཧཱ་རཱ་ཥ་ཏྲ་མངའ་སྡེའི་ནང་མ་རཱ་ཋིའི་གཙུག་ལག་སློབ་གྲྭ་འཛུགས་པ། དེ་བཞིན་ཨུ་རི་སར་ཨུ་རི་ཡའི་གཙུག་ལག་སློབ་གྲྭ་འཛུགས་པ་སོགས། དེ་དེ་བཞིན་གྱི་གཙུག་ལག་སློབ་གྲྭ་མང་པོ་ཞིག་གསར་འཛུགས་བྱེད་ཀྱི་ཡོད། གལ་ཏེ་ཡུལ་མི་རང་བཞིན་པའི་སྐད་ཡིག་བེད་སྤྱོད་གཏོང་མཁན་ཚོའི་སྐད་ཡིག་གི་བཀོལ་སྤྱོད་རྒྱ་ཆེར་གཏོང་དགོས་ན། གཙུག་ལག་སློབ་གྲྭ་དེ་འདྲ་ཞིག་ངེས་པར་དུ་འཛུགས་དགོས་ངེས་རེད་སྙམ།
    འོན་ཀྱང་ང་ཚོས་རེ་ཞགས་འཕེན་སའི་དམིགས་ཡུལ་ངོ་མ་དེ་དང་རྒྱབ་འགལ་དུ་འགྲོ་བའི་ཉེན་ཁའང་ཧ་ཅང་ཆེན་པོ་ཡོད། དེས་ན་ཆེས་ཐོག་མར་ང་ཚོས་སྐད་རིགས་མི་འདྲ་བར་བརྟེན་ནས་མངའ་སྡེ་མི་འདྲ་བར་བགོ་བགྲེམས་བྱས་པའི་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས། དེ་ལྟར་མ་བྱས་ཚེ་གཞུང་གིས་འཛིན་སྐྱོང་གི་ཆེད་དུ་བེད་སྤྱོད་པའི་སྐད་ཡིག་ཁག་ཅིག་གི་ཆེད་དུ་གཙུག་ལག་སློབ་གྲྭ་བཙུགས་པ་ལས། གཞུང་འབྲེལ་བཀོལ་སྤྱོད་མེད་པའི་ཡུལ་སྐད་སྤྱོད་ས་མང་པོར་གཙུག་ལག་སློབ་གྲྭ་གཏན་ནས་མི་འཛུགས་པའི་ཉེན་ཁའང་ཡོད།
    གཙུག་ལག་སློབ་གྲྭ་ཞིག་གསར་འཛུགས་བྱ་དགོས་ན་ངེས་པར་དུ་དམིགས་ཡུལ་གསལ་པོ་དང་བརྟན་པོ་ཞིག་དགོས། གཙུག་ལག་སློབ་གྲྭ་དེ་རྒྱ་སྐྱེད་དང་རྒྱུན་གནས་ཡོང་ཆེད་ཡུལ་སྐད་ཀྱི་བརྒྱུད་ལམ་ནས་སློབ་འཁྲིད་བྱ་སའི་སློབ་གྲྭ་ཆུང་འབྲིང་དང་མཐོ་སློབ་གང་མང་གི་རྒྱབ་རྟེན་དགོས། དེ་ལྟར་བྱུང་ན་གཞི་ནས་ཆ་ཚང་བའི་ཁོར་ཡུག་ཅིག་བསྐྲུན་ཐུབ། གཙུག་ལག་སློབ་གྲྭ་ནི་རིམ་པ་ཆེས་མཐོ་ས་ན་ཡོད་པས། གཟི་བརྗིད་ཆེ་བའི་རིམ་པ་མཐོ་ས་ཞིག་ནས་གནས་དགོས་ན་ངེས་པར་དུ་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས།
    ཆབ་སྲིད་ཀྱི་ཆ་ནས་ང་ཚོའི་རྒྱལ་ཁབ་ལ་རང་དབང་ཐོབ་ཡོད་ཀྱང་། གནད་དོན་མང་པོ་ཞིག་གི་ཐོག་ང་ཚོ་ད་དུང་ཡང་ནུབ་ཕྱོགས་པའི་བཙན་གནོན་འོག་གནས་ཡོད། སྲིད་དོན་པའི་སློབ་གྲྭ་མང་པོས་ཡོན་ཏན་ནི་ནུབ་ཕྱོགས་པ་ཁོ་ནའི་ས་ནས་ཐོབ་སྙམ་པའི་ལྟ་ཚུལ་དེར་བདག་གིས་བསམ་ཆར་གང་ཡང་མི་འདོན་ལ། ནུབ་ཕྱོགས་པའི་ས་ནས་ལེགས་ཆ་གང་ཡང་ལེན་རྒྱུ་མེད་ཅེས་བདག་གིས་དེ་བས་ཀྱང་ཞུ་སེམས་མེད། འོན་ཀྱང་ད་ལྟ་ད་དུང་ཡང་ང་ཚོས་གནད་དོན་འདིའི་ཐོག་ཐག་གཅོད་གང་ཡང་མ་བྱས་པར་འདིའི་མུར་ནར་འགྱངས་སུ་བཏང་ནས་སྡོད་པ་དེར་འཇིགས་སྣང་སྐྱེ་བཞིན་འདུག ང་ཚོ་ནུབ་ཕྱོགས་པའི་དབང་སྒྱུར་འོག་ནས་ཆབ་སྲིད་ཀྱི་རང་དབང་ཐོབ་བྱུང་སྙམ་ནས་འདོད་བློ་ཁེངས་ཏེ་མ་བསྡད་པར་རེ་བ་ནན་པོ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ང་ཚོ་ད་དུང་ཡང་ཕྱི་རྒྱལ་གྱི་སྐད་ཡིག་དང་ཕྱི་རྒྱལ་གྱི་བསམ་བློའི་གནོན་ཤུགས་འོག་ནས་རང་དབང་ཐོབ་མེེད། དེར་བརྟེན་སྲིད་གཞུང་གིས་ཐོག་མར་གཙུག་ལག་སློབ་གྲྭ་གཉེར་རྒྱུ་མཚམས་བཞག་ནས། ང་ཚོར་གསར་དུ་ཐོབ་པའི་རང་དབང་གི་མཁའ་དབུགས་འདིས་ང་ཚོ་རང་ཉིད་ཀྱི་གློ་སྙིང་འདི་ཚིམ་དུ་འཇུག་དགོས་པ་ནི། བཟང་སྤྱོད་དང་མཐུན་པ་མ་ཟད་སྲིད་གཞུང་གི་འོས་འགན་ཞིག་ཀྱང་མ་ཡིན་ནམ། གཙུག་ལག་སློབ་གྲྭ་ཞིག་འཛུགས་དགོས་ན་ཁང་རྩེག་མཐོན་པོ་དེ་འདྲ་དགོས་དོན་མེད་ལ་གསེར་དངུལ་གྱི་བང་མཛོད་ནི་དེ་བས་ཀྱང་དགོས་དོན་མེད། གཙུག་ལག་སློབ་གྲྭ་ཞིག་ལ་དགོས་ངེས་པའི་ཆ་རྐྱེན་ཐོག་མ་ནི་མི་མང་གི་བསམ་བློའི་རྒྱབ་སྐྱོར་རེད། དེར་བསླབ་ལ་མཁས་པའི་དགེ་རྒན་མང་པོ་དགོས་ལ། འགན་འཛིན་རྣམས་སྔ་བར་ཕྱི་གསུམ་ལ་དགོངས་བཞེས་ཐུབ་པའི་མིག་རྒྱང་རིང་པོ་དགོས།
    གཙུག་ལག་སློབ་གྲྭའི་འགྲོ་གྲོན་རྣམས་སྲིད་གཞུང་གིས་འཚོལ་སྒྲུབ་བྱ་དགོས་པ་དེ་ནི་མང་གཙོའི་སྲིད་གཞུང་གི་འོས་འགན་ཞིག་མིན།  གལ་ཏེ་མི་མང་ལ་སློབ་གྲྭ་དེ་འདྲ་ཞིག་དགོས་ན་ཁོང་ཚོ་རང་ཉིད་ཀྱིས་འགྲོ་གྲོན་བཏང་ནས་སློབ་གྲྭ་གསར་འཛུགས་བྱ་ངེས། མི་མང་གིས་བཙུགས་པའི་སློབ་གྲྭ་དེ་མི་མང་གི་མངོན་འདོད་དང་འཚམས་པས། སློབ་གྲྭ་དེ་ཉིད་རྒྱལ་ཁབ་ཀྱི་མཛེས་རྒྱན་མཆོར་ཤོས་སུ་འགྱུར་ངེས་ཡིན། གཙུག་ལག་སློབ་གྲྭའི་འཛིན་སྐྱོང་གི་དབང་ཆ་དེ་ཕྱི་རྒྱལ་གྱི་ལག་ཏུ་ཤོར་སྐབས། གནད་དོན་ཐམས་ཅད་གོང་རིམ་ནས་ཐག་གཅོད་བྱས་ཏེ། མི་མང་གིས་དེར་གཞན་དབང་སྟབས་བསྟུན་མ་བྱེད་ཀ་མེད་ཆགས་ཀྱི་ཡོད། གལ་ཏེ་སློབ་གྲྭ་དེ་མི་མང་གིས་བཙུགས་པ་ཞིག་ཡིན་ན། གནད་དོན་ཐམས་ཅད་མི་མང་གིས་སོ་སོའི་དགོས་མཁོ་དང་བསྟུན་ནས་ཐག་གཅོད་བྱེད་པས། གོང་རིམ་གྱིས་ལས་དོན་དེ་ལྟར་བསྒྲུབ་དགོས་པས་སློབ་གྲྭ་རྒྱུན་གནས་ཐུབ་པར་དགེ་མཚན་ཆེན་པོ་ལྡན་པ་མ་ཟད། དེས་མི་མང་ལ་ངོས་འཛིན་བཟང་པོ་བྱེད་པ་དང་མི་མང་ལ་སྟོབས་ཤུགས་སྤྲོད་ཀྱི་ཡོད།  མང་ཚོགས་ཀྱིས་ཤེས་ཡོན་སློབ་གསོའི་ཐོག་མ་དངུལ་བཏང་བའི་མང་གཙོའི་ལས་འཆར་འདིས། མི་མང་རང་ཉིད་ལ་ཁེ་ཕན་ལྡབ་གྲངས་མང་པོ་སྤྲོད་ངེས་ཡིན་པ་གདོན་མི་ཟ་ཞིང་། དེ་ནི་ཞིང་ས་གཤིན་པོའི་སྟེང་ས་བོན་བཏབ་ནས་ལོ་ཏོག་འཛད་མེད་བསྡུ་རྒྱུ་ཡོད་པ་ལྟ་བུའོ། །ཕྱི་རྒྱལ་གྱི་དབང་ཤུགས་འོག་བཙུགས་པའི་གཙུག་ལག་སློབ་གྲྭ་དེ་ཚོས་ཕྱི་རྒྱལ་གྱི་དགོས་མཁོར་འཚམས་པའི་གྲུབ་འབྲས་ཤིག་འདོན་པ་ལས། ས་གནས་མི་མང་ལ་ཁེ་ཕན་ཐོབ་རྒྱུ་ཕལ་ཆེར་སྲིད་མཐའ་ཙམ་ཡིན། དེར་བརྟེན་རྒྱ་གར་ལ་རང་བཙན་ཐོབ་ཙམ་གྱི་གནས་སྐབས་འདིར་སྲིད་གཞུང་གིས་འགན་འཁུར་བླངས་ནས་གཙུག་ལག་སློབ་གྲྭ་འཛུགས་རྒྱུ་མཚམས་འཇོག་བྱ་རོགས་ཞེས་ཡང་ཡང་གླེང་དགོས་པའི་རྒྱུ་མཚན་དེ་འདྲ་ཡིན།
    ང་ཚོའི་བུ་ཕྲུག་རྣམས་ཕྱི་རྒྱལ་ལ་སློབ་སྦྱོང་བྱེད་དུ་འགྲོ་བར་བདག་གིས་ལམ་སྟོན་གཏན་ནས་བྱ་མྱོང་མེད། ང་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ནས་གླེང་ན། ང་ཚོས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་དུ་འགྲོ་བ་ནི་ཁུང་བུ་སྒོར་མོའི་ནང་ཕུར་པ་གྲུ་བཞི་ཞིག་གདབ་ཐབས་བྱེད་པ་ལྟ་བུར་མཐོང་། རང་ཡུལ་དུ་ཆེས་ཕུན་སུམ་ཚོགས་པའི་ཉམས་མྱོང་བསགས་ནས་རང་ཡུལ་ལ་ཞབས་འདེགས་ཞུ་བ་འདི་གཞན་གང་ལས་ཀྱང་ལྷག་གོ།
    འབྲི་ཀློག་རྐྱང་པའི་སློབ་སྦྱོང་དེ་གྲོང་གསེབ་པ་ཞིག་གི་འཚོ་བར་ད་ལྟའི་དུས་སུ་དགོས་མཁོ་མེད་ལ། མ་འོངས་པར་ཡང་དགོས་མཁོ་ཡོད་པ་ཞིག་གཏན་ནས་ཆགས་མི་སྲིད། ཁོང་ཚོར་རང་རང་གི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཡོད་པའི་སློབ་སྦྱོང་ཞིག་སྤྲོད་དགོས་ཤིང་། དེ་ཡང་བཙན་དབང་ངང་མི་སྤྲོད་པར། ཁོང་ཚོ་རང་ཉིད་ལ་དང་བ་སླེབས་སྐབས་གཞི་ནས་སྤྲོད་དགོས། ད་ལྟ་ཁོང་ཚོར་སློབ་བཞིན་པའི་སློབ་སྦྱོང་དེ་ནི་ཁོང་ཚོས་སྦྱོང་འདོད་མི་བྱེད་ལ། དེར་དགའ་ཞེན་ནི་དེ་བས་ཀྱང་བྱ་མི་སྲིད། གྲོང་གསེབ་པར་གྲོང་གསེབ་ཀྱི་ལོ་རྒྱུས་དང་། གྲོང་གསེབ་ཀྱི་ས་ཁམས། གྲོང་གསེབ་ཀྱི་ཉིན་རེའི་འཚོ་བའི་ནང་སྤྱོད་མཁོ་ཡོད་པའི་ཡིག་རྩིས་སོགས་སློབ་དགོས། དེ་ལྟར་བསླབས་ཚེ་ཁོང་ཚོས་སློབ་སྦྱོང་ལ་རིན་ཐང་བརྩི་བ་དང་སློབ་གཉེར་མུ་མཐུད་བྱེད་པའི་དགའ་ཞེན་སླེབས་པ་ལས། ཁོང་ཚོའི་འཚོ་བའི་ནང་གཏན་ནས་འབྲེལ་བ་མེད་པའི་དཔེ་དེབ་ཅིག་སྤྲད་ཚེ་རིན་ཐང་ཏིལ་ཙམ་ཡང་མེད་དོ།། །།

བདག་ཉིད་ཆེན་པོ་གྷན་དྷིའི་གསུང་རྩོམ་པོད་དྲུག་པ་ལས་ཟུར་འདོན་གྱིས་བོད་སྒྱུར་ཞུས།

མདུན་ཤོག